སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉེར་དགུ་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-21
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ང་བདུན་པ།
གཟའ་ཉི་མའི་ཉིན་དེར། ངས་སྒོ་དམ་པོར་བྱས་ཤིང་ཕྱི་རུ་མི་འགྲོ་བར་བྲི་ཤོག་བཟུང་སྟེ་རང་གི་རིགས་ལམ་ལེགས་སྒྲིག་བྱས། ཡི་གེ་ཐིག་ཕྲེང་འགའ་བྲིས་མ་ཐག་ཁོངས་མི་ཞིག་གི་ཁ་པར་འབྱོར་བྱུང་། ཁོས་བཤད་རྒྱུར། ཁོའི་ཁྱིམ་གྱི་བགྲེས་སོང་ན་བྱུང་བས་གཟའ་འཁོར་རྗེས་མར་དགོངས་པ་ཉིན་ཁ་ཤས་ཞུ་དགོས་ཀྱི་འདུག་ཅེས་ཟེར། ངས་འཐད་ལན་བཏབ་རྗེས་མུ་མཐུད་དུ་རྩོམ་ཡིག་བྲིས་པ་ཡིན། རྩོམ་འབྲིའི་ནང་ཞུགས་མ་ཐག་ཡང་ཁ་པར་ཞིག་འབྱོར་བྱུང་། ཁོས་ཁོ་ནི་ངའི་སློབ་ཆེན་གྱི་སློབ་གྲོགས་ཤིག་ཡིན། ང་བོས་ནས་མགྲོན་བྲང་ཞིག་ཏུ་ཟ་མ་མཉམ་ཟ་བྱེད་ཟེར། ཡིན་ཡང་ངས་རང་ཉིད་ངའི་སློབ་ཆེན་གྱི་སློབ་གྲོགས་ཞིག་ཡིན་ཟེར་མཁན་ཁོ་སྔོན་ཆད་ཐོས་མྱོང་བ་ཙམ་ལས་འབྲེལ་འདྲིས་ཅི་ཡང་མེད་རྐྱེན་དོན་གཞན་ལ་ཁ་གཡར་ནས་མ་སོང་།
དེ་ལྟར་ངས་མུ་མཐུད་དུ་རྩོམ་ཡིག་འབྲི་བསམ་དུས་ཅུང་ཟད་ཙམ་ཡང་འབྲི་མི་ཐུབ་པར་གྱུར། སྐབས་ཤིག་ལ་ངས་གློ་བུར་དུ་རང་ཉིད་ཀྱི་ཐོབ་ཐང་འགྱུར་སོང་བ་དྲན་ཞིང་། ད་ཡང་སྔོན་ཆད་ཀྱི་ལས་བྱེད་པ་དཀྱུས་མ་དེ་མིན་པ་ཚོར་ལ། ད་དུང་རྩ་འཛུགས་ཀྱིས་ང་རང་ལས་གནས་འདི་འདྲའི་གལ་ཆེན་ཞིག་ཏུ་བཞག་པ་ནི་ང་ལ་ཡིད་ཆེས་ཆེན་པོ་བྱས་པ་ཞིག་ཡིན་པའང་ཚོར་བྱུང་། ཁ་དཔེ་ལའང་འགོ་ཁྲིད་གསར་བར་འཕར་ན་ཚ་རླབས་ཐེངས་གསུམ་འཕྱུར་ངེས་ཞེས་པ་བཞིན་མི་རྣམས་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་འགའ་བསྒྲུབ་དགོས། གལ་ཏེ་གྲུབ་འབྲས་ཅུང་ཙམ་ཡང་ལེན་མ་ཐུབ་ཚེ་རྩ་འཛུགས་ལ་ཇི་ལྟར་རྩིས་སྤྲོད་བྱེད་དམ། ད་ལྟ་ང་ལ་ཚ་རླབས་ཐེངས་གཅིག་འཕྱུར་ཤུལ་མེད་པར་སྟོབས་ཤུགས་ཐོར་ནས་རྩོམ་རིག་གསར་རྩོམ་བྱས་ན་ག་ལ་འགྲིག ངས་དེ་ལྟར་སྙམ་བཞིན་ཟིན་བྲིས་སྟེང་དུ་གསེར་ཆེན་ཁུལ་གྱི་དྲིལ་བསྒྲགས་བྱ་བའི་སྐོར་གྱི་འཆར་བཀོད་བྲིས་པ་ཡིན།
ལོ་མང་པོའི་རིང་ལ་དྲིལ་བསྒྲགས་ཀྱི་བྱ་བ་བསྒྲུབས་པའི་ཉམས་མྱོང་ལ་བརྟེན་ནས་ངས་བསམ་བློ་ཡང་ཡང་བཏང་མཐར་འཆར་བཀོད་གསུམ་གཏན་ལ་ཕབ་པ་སྟེ། དང་པོ་ནི་རྩོམ་སྒྲིག་གི་སྟོབས་ཤུགས་ཆེ་རུ་བཏང་ནས་ཚགས་པར་གྱི་པར་ངོས་མང་དུ་གཏོང་བ་དང་། དེ་སྔའི་ཉིན་ཟུང་ཚགས་པར་དེ་ཉིན་རེའི་ཚགས་པར་དུ་བསྒྱུར་ནས་ཁུལ་ཡོངས་ཀྱི་སློབ་ཆུང་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་ལས་བྱེད་པ་དང་ལས་བཟོ་པ། ཞིང་འབྲོག་མང་ཚོགས་ཡོད་ཚད་བསྡོམས་རྩིས་བྱས་ཏེ། གནས་ཚུལ་མི་འདྲ་བའི་མི་དང་དུད་ཚང་ལ་གཞིགས་ཤིང་བོད་རྒྱ་ཡིག་རིགས་གཉིས་ཀྱི་གསེར་ཆེན་ཉིན་རེའི་ཚགས་པར་རིན་མེད་གནང་སྦྱིན་སྒོས། ཏང་གི་སྲིད་ཇུས་དང་ཕན་ཡོད་ཆ་འཕྲིན་སྣ་ཚོགས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་རྒྱུ་དེ་ཡིན་ལ། གཉིས་པ་ནི་བརྙན་འཕྲིན་གྱི་ལེ་ཚན་ཇེ་མང་དུ་གཏོང་བ་དང་། སྐབས་བསྟུན་ཐབས་མང་གིས་སྲིད་ཇུས་ལེགས་སྤེལ་བྱེད་ཆེད། བརྙན་འཕྲིན་གསར་འགོད་པ་གྲོང་གསེབ་དང་འབྲོག་ཁུལ་གྱི་ཁེ་ལས་སོགས་ཐོན་སྐྱེད་བྱ་ཡུལ་དུ་དངོས་སུ་བསྐྱོད་དེ། གསོན་ཉམས་དོད་པའི་དཔེ་མཚོན་ཐོག་ནས་མང་ཚོགས་ཀྱི་ཅི་བསམ་ཅི་བསྒྲུབས་དང་རེ་བ་ཅི་ཡོད་སོགས་མཚོན་པའི་གཞི་རིམ་གྱི་གནས་ཚུལ་ངོ་མ་དེ་ཇུས་འགོད་ལས་ཁུངས་ལ་སྙན་སེང་ཞུ་རྒྱུ། གསུམ་པ་ནི་རིག་རྩལ་ལས་ཁུངས་དང་འབྲེལ་ཏེ། མི་རིགས་ཀྱི་གླུ་གར་དང་། ལས་ཁུངས་ཀྱི་རིག་གནས་བྱེད་སྒོ། དམངས་ཁྲོད་ཀྱི་བོད་ཀྱི་སྐོར་བྲོ་དང་རྒྱའི་མེ་སྐོར་རྩེ་ཚོགས་ཁྱབ་སྤེལ། རྩོམ་རིག་དུས་དེབ་ཡག་པོ་གཉེར་རྒྱུ་བཅས་དང་། གཞན་ད་དུང་རྟ་རྒྱུགས་མདའ་འཕེན་དང་། ལྒང་ལི་འགྲན་སྡུར་སོགས་ལུས་རྩལ་གྱི་བྱེད་སྒོ་ཡག་པོ་སྤེལ་རྒྱུའམ། མང་ཚོགས་གང་མང་གིས་ཉན་སྤྲོ་ཞིང་མཐོང་འདོད་པ་དང་ནང་དུ་ཞུགས་ཐུབ་པའི་རིག་རྩལ་མཐའ་དག་མ་ལུས་ཇི་བཞིན་བསྒྲུབ་དགོས་པར་འདོད་པ་བཅས་སོ། །
ཉིན་གཉིས་པར། ངས་བསམ་བཀོད་དེ་དག་པུའུ་ཀྲང་ལ་སྙན་སེང་ཞུས་པ་ཡིན། པུའུ་ཀྲང་གིས་གཟིགས་རྗེས། ཁྱོད་ཀྱི་བསམ་ཚུལ་དེ་དག་ཧ་ཅང་ཡག་པོ་འདུག་མོད་ཡོད་ཚད་མ་དངུལ་དང་འབྲེལ་བ་ཡོད་པས། ངའི་སེམས་འཁུར་བྱེད་ས་ནི་ཁུལ་ནོར་སྲིད་ཅུས་ཀྱིས་མ་དངུལ་གཏོང་མི་ཐུབ་སྙམ་པ་དེ་ཡིན་ཟེར་ལ། མཐར་ཡང་པུའུ་ཀྲང་གིས་སྨིན་མ་བསྡུས་ཤིང་བསྡུས་ནས། ཁྱོད་ཀྱིས་ད་དུང་འཆར་བཀོད་དེ་ཇི་ཞིབ་ཏུ་བཟོས་ཤིག དགོས་མཁོ་ཆེ་བའི་འགྲོ་གྲོན་ལའང་བསམ་བློ་ཞིབ་མོར་ཐོངས། ང་ཚོ་སོང་ནས་ཚོད་ལྟ་ཞིག་བྱས་ཆོག་ཟེར།
པུའུ་ཀྲང་གིས་བསམ་ཚུལ་དེ་དག་པུའུ་ཡི་བྱ་བའི་བསམ་འཆར་དུ་བརྩིས་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་རྗེས། ཛ་དྲག་གི་གྲོས་བསྡུར་བརྒྱུད་མཐར་གྲོས་འཆམ་བྱུང་། དེ་ལྟར་ང་རང་གི་བྱ་བའི་ལམ་དུ་གོམ་པ་དང་པོ་སྤོས་པ་བདེ་ལེགས་ཡིན་པས། སླད་མའི་གོམ་པ་གཉིས་པ་ནི་ཇི་ལྟར་ད་གཟོད་འཆར་བཀོད་དེ་དག་བྱེ་བྲག་ཏུ་དོན་འཁྱོལ་ལེགས་འགྲུབ་ཡོང་བར་འབད་རྒྱུ་དེ་རེད།
ངའི་མངའ་འོག་ཏུ་ལག་རོགས་པ་ཇི་སྙེད་ཡོད་ཅིང་། དེ་དག་ཚང་མ་མི་འཇོན་ཐང་ཅན་ཏག་ཏག་ཡིན། ངས་ལས་འགན་གང་ཡོད་ཁོང་ཚོར་བཀོད་སྒྲིག་བྱས་ཚེ། དེའི་རྗེས་ཀྱི་བྱ་བ་ཚང་མ་ང་ལ་མཚོན་ན་ལས་སླ་བོ་ཞིག་ཏུ་འགྱུར་ངེས།
དུས་སྐབས་དེར། པད་མའི་རྒྱལ་མོས་ང་ལ་ཁོང་གིས་ལོ་མང་པོའི་རིང་གི་འཁྲབ་སྟོན་བྱེད་སྒོ་གཞིར་བཟུང་ནས་བསྡུ་བསྒྲིགས་དང་རང་གིས་བརྩམས་པ་གཉིས་ལས་གྲུབ་པའི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་དེབ་ཅིག་བསྐུར་ནས་ཐོན་བྱུང་། དེབ་དེ་འདྲ་མི་མཐུག ངས་སེམས་ཞིབ་མོས་ཐེངས་གཅིག་བལྟས་པ་ན། ནང་དོན་ཐད་དཀའ་སྡུག་གི་ལོ་ཟླ་དང་། སྤྲོ་སྐྱིད་ཀྱི་ཉིན་མོ། འཆར་ཡན་གྱི་བརྩེ་དུང་བཅས་ཁག་གསུམ་དུ་བགོས་འདུག་ཅིང་སྤྱིའི་ཚོར་བ་ཅུང་ཡག་པོ་སྟེར་བ་ཞིག་རེད། ཡིན་ནའང་བཟོ་བཅོས་རྒྱག་དགོས་པའི་ཕྱོགས་ཀྱང་ཁ་ཤས་འདུག་སྟེ། དཔེར་ན།
རིར་འགོས་དུས་གླ་བོ་རྩི་ཅན་བསད། །
མར་བབས་ནས་ཤ་བཙོས་ཁ་ཟས་བྱས། །
འགྱོད་གདུང་གིས་བྲང་ཁོག་ལག་པས་རྡུང་། །
གནམ་སྔོན་པོ་ཟེར་ཞིང་མནའ་ཞིག་བསྐྱལ། །
ལྟ་བུའི་ཚིག་རྐང་སྔ་མ་དེ་གཉིས་ཁོར་ཡུག་སྲུང་སྐྱོང་གི་དགོངས་དོན་ནམ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མི་མཐུན་ཞིང་བརྒྱུད་ལེན་བྱེད་མི་འོས་པས། ངས། སྟར་སྡོང་གི་ཤིང་གིས་སྒམ་ཞིག་བཟོས། །སྒམ་ནང་དུ་ཕྱུགས་ཀྱི་ཤ་གང་བཅུག །ཅེས་པར་བཅོས་ཏེ་བལྟས་པ་ན། མ་ཡིག་གི་སྐྱོན་ཆ་སེལ་ཐུབ་ནའང་། སྡེབ་སྦྱོར་སྟེང་ནས་མ་ཡིག་ལྟར་ཆ་འགྲིག་པ་ཞིག་མ་རེད། ཡིན་ཡང་དེ་ལས་སྙན་པའི་ཚིག་སྙན་མོ་འབྱོར་མོ་ཞིག་ཡིད་ལ་མི་དྲན་པས་དེ་ལྟར་མི་བསྐྱུར་ག་མེད་བྱུང་། ཡང་ངའི་བསམ་པར་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ནི་དང་ཐོག་མཚོ་སྔོན་གྱི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དམངས་གཞས་ཡིན་པ་དང་། གཞས་པ་ཚོས་ཀྱང་རང་རང་གི་ཡུལ་སྐད་ཐོག་ནས་ལེན་གྱིན་ཡོད་པས་སྐད་ཆའི་ཐད་སྤྱི་སྐད་ཀྱི་ཚད་གཞིར་སླེབས་མི་དགོས། གལ་ཏེ་རེ་བ་ནན་དྲགས་ན་དམངས་ཁྲོད་ཀྱི་སྐད་ཆའི་གསོན་ཤུགས་མེད་པར་འགྱུར་ངེས་རེད་སྙམ་བྱུང་། ཡང་དཔེར་ན།
མར་བབས་ནས་ཤ་བཙོས་ཁ་ཟས་བྱས། །
འགྱོད་གདུང་གིས་བྲང་ཁོག་ལག་པས་རྡུང་། །
གནམ་སྔོན་པོ་ཟེར་ཞིང་མནའ་ཞིག་བསྐྱལ། །
གསེར་རི་དངུལ་རི་ཙོང་ཁའི་སྐྱེས་རི་སྟེ། །
རྟ་ནོར་ལུག་གསུམ་འཚོ་སའི་རྩྭ་ར་ཡིན། །
གལ་ཏེ་ངེད་གཉིས་གཉེན་ཐོར་བྱེད་དགོས་ན། །
དགུ་གསུམ་ཉིན།
འཁྱགས་རོམ་ཐང་དུ་པད་མ་བཞད་ངེས་སོ། །
ཞེས་གཞི་འཛིན་སའི་ཚིག་རྐང་སྔ་མ་གཉིས་ནི་ཚེག་བར་བརྒྱད་དང་། དོན་མཚོན་པའི་ཕྱི་མའི་ཚིག་རྐང་གཉིས་ལ་ཚེག་བར་གསུམ་མང་དུ་ཕྱིན་འདུག ངས་ཞིབ་ཏུ་བསམ་པ་ན། “དགུ་གསུམ་ཉིན”ཞེས་པའི་ཡིག་འབྲུ་གསུམ་པོས་འདིར་སྐད་ཆ་ཇེ་ལྕིར་གཏོང་བའམ་ཡང་ན་དུས་ཚོད་རྩིས་སྤྲོད་ཀྱི་ནུས་པ་མ་གཏོགས་འདོན་གྱི་མེད། དོན་དམ་དུ་ཚིག་རྐང་བཞི་བའི“འཁྱགས་རོམ་ཐང”ཞེས་པའི་ཡིག་འབྲུ་གསུམ་པོས་ཀྱང་གྲང་ངར་ཆེ་བའི་དགུན་ཟླའི་ནམ་ཟླ་རྩུབ་མོ་དེ་མཚོན་ཐུབ་ཀྱི་ཡོད་པས། “དགུ་གསུམ་ཉིན”ཞེས་པའི་ཡིག་འབྲུ་གསུམ་པོ་དེ་མེད་ཀྱང་སྤྱིའི་ནང་དོན་སྟོན་པར་གནོད་པ་ཅི་ཡང་མི་བྱེད་པ་མ་ཟད། སྔ་ཕྱིའི་ཚིག་རྐང་དེ་བས་དོ་མཉམ་པ་རེད་སྙམ་ཞིང་ཐེ་ཚོམ་ཅི་ཡང་མེད་པར་དོར་བ་ཡིན། དེ་འདྲའི་མང་པོ་ཞིག་ངས་བློའི་ཞིབ་མོས་དག་བཅོས་བྱས་རྗེས་འབྲི་དེབ་ཕྱིར་བསྐུར་བ་ཡིན།
རྟ་ནོར་ལུག་གསུམ་འཚོ་སའི་རྩྭ་ར་ཡིན། །
གལ་ཏེ་ངེད་གཉིས་གཉེན་ཐོར་བྱེད་དགོས་ན། །
དགུ་གསུམ་ཉིན།
འཁྱགས་རོམ་ཐང་དུ་པད་མ་བཞད་ངེས་སོ། །
༥༧
ཚེ་བརྟན་སྒྲོལ་མ་གནས་སར་འགྲིམས་རྗེས། ང་ཚོས་གྱོས་མོ་དང་བུ་ཕྲུག་འདི་རུ་གཏན་འདུག་བྱེད་དུ་བཅུག བུ་ཕྲུག་གིས་སྐད་ཆ་སྟབས་བདེ་རེ་བཤད་ཐུབ་ཅིང་ཅ་ཙེ་གོམ་ཙེ་ཙམ་འགྲོ་ཐུབ་རྗེས། གཡང་སྐྱིད་ཀྱིས་བུ་ཕྲུག་བྱིས་བཅོལ་ཁང་དུ་བསྐྱེལ་ནས་ཨ་མ་ངལ་གསོ་ཙམ་བྱེད་ཐུབ་ན་སྙམ།ཉིན་དེའི་དགོང་མོར། ཨ་མས་གཡང་སྐྱིད་ལ། ཁྱོད་ཀྱིས་གནས་འདིར་ཀླུ་ཚང་དགོན་ཟེར་བ་ཞིག་ཡོད་པ་ཨེ་དྲན་ནམ་ཟེར།
གཡང་སྐྱིད་ཀྱིས། ཅིའི་ཕྱིར་མི་དྲན། དེ་ནི་ཁུ་བོ་ལགས་དགེ་འདུན་པ་བྱས་པའི་གནས་རེད། ང་ལོ་རེར་གནས་དེར་སོང་ནས་མཆོད་འབུལ་བྱེད་བཞིན་ཡོད་ཟེར།
ཨ་མས་དངན་པ་ཞིག་འཐེན་རྗེས། ངའི་དྲན་འཛིན་མི་བཟང་བས་ཀྱང་སྲིད། ཐེངས་སྔོན་མར་འདིར་ཡོང་དུས་བྲེལ་འཚུབ་ཆེ་བས་དོན་འདི་འདྲི་རྒྱུའང་ཡིད་ལ་མ་དྲན། ཁྱོད་ཀྱི་ཁུ་བོས་དགོན་པ་འདིའི་ཆེད་དུ་དཀའ་སྡུག་མང་པོ་མྱོང་བ་རེད་ཟེར།
གཡང་སྐྱིད་ཀྱིས། ཨ་མ་ལགས། ཁྱོད་ཀྱིས་དོན་དེ་ཁ་གསལ་ཞིག་གསུངས་རོགས། ངས་ནི་རགས་ཙམ་མ་གཏོགས་མི་ཤེས་ལ། དོན་ལ་ལ་ཞིག་ལ་ད་དུང་གསལ་ཆ་མེད་ཅེས་ཟེར།
ཨ་མས་སྐབས་དེའི་བརྒྱུད་རིམ་ཇི་བཞིན་གསུངས་བྱུང་།
གཅིག་དགུ་ང་བརྒྱད་ལོའི་རྗེས་སུ། དགོན་པའི་བྱད་སྒོ་སྣ་ཚོགས་མཇུག་རྫོགས་པར་བྱས་ཏེ། དགོན་པ་འགའ་ཤས་མེད་པར་བཟོས་པས་དགེ་འདུན་པ་ལ་ལ་སྐྱ་སར་བབས་ཤིང་། ཀླུ་ཚང་དགོན་པའང་ཟིན་གཟན་མནབས་མེད་པའི་གྲྭ་པ་འགའ་ཡིས་བདག་གཉེར་བྱེད་བཞིན་ཡོད། དུས་དེར་འགོ་པ་ནི་ཏག་ཏག་ཨ་ཁུ་ལགས་རེད། རིག་གནས་གསར་བརྗེ་ཆེན་པོ་སླེབས་པའི་ཉིན་ཞིག་ལ། ལོ་ན་བཅོ་ལྔའི་ཡས་མས་སུ་སླེབས་པའི་དཔུང་རྟགས་དམར་པོ་ཅན་སྐོར་ཞིག་གི་ལག་ཏུ་ལྷ་འདྲེ་གདོན་བགེགས་རྨག་མེད་བཟོ་དགོས་ཞེས་པའི་དར་དཔྱངས་བཏེགས་ཤིང་འབོད་ཚིག་སྒྲོག་བཞིན་ཁོང་ལ་དགག་བརྒྱག་འཐབ་རྩོད་བྱེད་པ་དང་། ད་དུང་འབག་སྐུ་གཏོར་ནས་དགོན་པ་ཞིག་རྩིས་བྱེད་པའི་ཚེ། ཁུ་བོས་ལག་གི་ལྕགས་ཁེམ་བཏེགས་ཏེ་ཁོ་ཚོའི་གདོང་བླངས་ཤིང་སྐད་འདྲོགས་ཆེན་པོས། ལངས་སྡོད། གལ་ཏེ་སུ་ཞིག་སྤོབས་པ་ཆེན་པོས་མདུན་དུ་གོམ་གང་སྤོས་ཚེ། ངས་ཁོ་གཙབས་ནས་ཤ་ཉོག་རུས་ཉོག་ཏུ་གཏོང་ངེས་ཡིན་ཞེས་འུར་བྱུང་། དཔུང་རྟགས་དམར་པོ་ཅན་རྣམས་མདུན་དུ་བསྐྱོད་མཚམས་བཞག་པ་ན། ཁུ་བོས་ཡང་། ང་གཅིག་པུར་སྐྱོན་ཡོད་ན་ང་རང་ཉིད་ཀྱིས་འགན་འཁུར་ཆོག གལ་ཏེ་སུས་དགོན་པར་གཏོར་བརླག་ཙམ་བྱེད་ན། ངས་ངན་སྔགས་བཏོན་ནས་ཁོར་བདེ་སྐྱིད་མི་ཡོང་བ་བྱ་ངེས་ཞེས་སྨྲས་པ་དང་ཕྱག་ཕྲེང་བཟུང་སྟེ་སྔགས་ཟློས་བྱུང་། རྣམ་པ་འདི་མཐོང་བ་དང་དཔུང་རྟགས་དམར་པོ་པ་རྣམས་མིག་ཧྲུག་ཁ་གདངས་ངང་ཕྱིར་སྣུར་ལས་མདུན་དུ་མི་བསྐྱོད་པར་གྱུར། དཔུང་རྟགས་དམར་པོའི་འགོ་ཁྲིད་ཅིག་གིས་གཟབ་ནན་གྱིས། ཆོག་གི། དེ་རིང་ཁྱོད་ངར་ཚུལ་ལྟར་བྱོས། ང་ཕྱིར་སོང་ནས་དོན་འདི་རྫོང་གི་ཆེས་མཐོ་བའི་འགོ་ཁྲིད་པར་ཡར་ཞུས་རྗེས། ཁྱོད་ལ་རྩིས་གསར་རྩིས་རྙིང་ཚང་མ་མཉམ་དུ་བརྒྱག་ཅེས་བཤད་པ་དང་དཔུང་རྟགས་དམར་པོ་སྐོར་དེ་ཕྱིར་ཁྲིད་ནས་ཆས་སོང་། བཤད་ཡོང་ན་ངོ་མས་ངོ་མཚར་བ་ཞིག་རེད། ཏག་ཏག་དགོང་མོ་དེར་དཔུང་རྟགས་དམར་པོའི་འགོ་ཁྲིད་པ་དེའི་རྐང་པ་གཅིག་གློ་བུར་དུ་ཆག་བྱུང་། ཁོའི་ཁྱིམ་མིས་བཤད་པ་ལྟར་ན། འགོ་ཁྲིད་དེས་ཁང་སྟེང་ནས་དངོས་པོ་ཞིག་ལེན་པའི་སྐབས་སུ་མཉམ་མ་བཞག་པར་མར་ལྷུང་ནས་ཐང་ལ་བརྒྱབ་སྟེ་ཆག་པ་རེད་ཟེར། དེའི་རྗེས་སུ། ཁུ་བོ་ལགས་དོན་དེའི་ཕྱིར་བཙོན་དུ་ཚུད་དགོས་པ་བྱུང་མོད། འོན་ཀྱང་སྐབས་དེ་ནས་བཟུང་ད་ཡང་དགོན་པར་གཏོར་གཤིག་གཏོང་མཁན་མེད་པར་གྱུར།
གཞོགས་སུ་བསྡད་ཡོད་པའི་ཚེ་ལོས་དེ་ཐོས་རྗེས། ཨ་ལ་ལ། ཁུ་བོ་ལགས་ངོ་མས་དཔའ་རྒོད་ཅིག་རེད། རང་གི་ཚེ་སྲོག་དགོན་པའི་བདེ་འཇགས་ལ་བརྗེས་བྱུང་ཞེས་བསྔགས་བརྗོད་བྱས་བྱུང་།
ཨ་མས། རེད་ཡ། དེ་ལྟར་ཡིན་པའི་རྐྱེན་གྱིས་ཁོང་རྗེས་སུ་དགོན་པ་སྲུང་སྐྱོབ་བྱེད་པའི་བྱས་རྗེས་མི་སྣར་གྱུར་ལ། དཀར་འདོན་བྱས་རྗེས་གོང་རིམ་གྱིས་གཙོ་བོ་ཁོང་གི་དཀའ་ངལ་དང་རེ་བར་གཞིགས་ཏེ་གཡང་སྐྱིད་ལས་བྱེད་པར་ཞུགས་སུ་བཅུག་པ་རེད། རེད་མོད་ཀྱང་ཁོང་གིས་སྐྱིད་ཅི་ཡང་བརྒྱག་མ་ཐུབ་པར་མི་འགྱངས་པར་འཇིག་རྟེན་དང་གཏན་དུ་ཁ་གྱེས་པ་རེད་ཅེས་སྨྲས།
གཡང་སྐྱིད་ཀྱིས། ཁུ་བོའི་བཀའ་དྲིན་ངས་གཏན་ནས་འཇལ་ཐབས་བྲལ་བས། ད་ལྟ་ཁོང་བཞུགས་མྱོང་བའི་དགོན་པར་སོང་ནས་ཕྱག་མཆོད་སྒོས་སྨོན་ལམ་བཏབ་སྟེ་རང་གི་སེམས་ཙམ་མཚོན་པ་ལས་ཐབས་མེད་ཅེས་ཟེར།
ཚེ་ལོས། བལྟས་ཡོང་ན་ཁུ་བོའི་ངན་སྔགས་ཧ་ཅང་གཙིགས་འདུག་ཅེས་ཟེར།
ཨ་མས། དོན་དེ་ད་ལྟ་ད་དུང་བཤད་སླ་བ་མ་རེད། རྒྱུ་མཚན་ནི་རྗེས་ནས་སྲིད་ཇུས་ཇེ་ལེགས་སུ་ཡོང་རྗེས། དཔུང་རྟགས་དམར་བོ་ཅན་གྱི་འགོ་ཁྲིད་པ་དེའི་ཁྱིམ་མིས་བཤད་རྒྱུར། ཁོ་ཚོས་བུ་ཡིས་འགོ་ཁྲིད་ནས་དགོན་པ་གཏོར་གཤིག་བྱེད་པར་འགྲོ་བ་ཤེས་རྗེས། ཁོང་ཁྲོ་ཆེན་པོས་གཅར་རྡུང་བྱས་ཏེ་རྐང་བ་གཅིག་ལ་རྨས་ལྕི་མོ་ཕོག་ཅེས་ཟེར། ད་དུང་དེ་ཡི་བདེན་ཁ་ཧ་ཅང་ཆེ་སྟེ། རྒྱུ་མཚན་ནི་གནས་འདིའི་དམངས་ཚོགས་མང་ཆེ་བ་ནི་དད་ལྡན་པ་ཏག་ཏག་རེད། བུས་གལ་ཏེ་དོན་དག་དེ་འདྲ་བཟོས་པ་ཡིན་ན་ཁྱིམ་མིས་གུ་ཡངས་སུ་མི་གཏོང་ཁོ་ཐག་ཡིན་ཞེས་ཟེར།
གཡང་སྐྱིད་ཀྱིས། རྨ་ལྷོ་རྫོང་ནི་ཕ་ཡུལ་དང་སྤྱི་ལེ་བཞི་བརྒྱ་ལྷག་གི་ལམ་ཐག་གིས་ཕྱེ་ཡོད་པ་རེད། ད་དུང་སྔོན་ཆད་རླངས་འཁོར་ཡོང་མི་ཐུབ་པས་ཁུ་བོ་ལགས་འདིར་ཇི་ལྟར་སླེབས་པ་ཡིན་ནམ་ཟེར།
ཨ་མས། དེ་ནི་ལས་དབང་རེད། རྒན་རྒོན་ཚོས་བཤད་པ་ལྟར་ན། ཁྱོད་ཀྱི་ཨ་ཁུ་ལོ་བཅུར་སླེབས་པའི་ཉིན་ཞིག་ལ། གནས་ཚང་གཡར་བའི་གྲྭ་བ་ཞིག་ཁྱིམ་དུ་འོངས་ཟེར་ལ། གྲྭ་བ་དེ་ཉིན་འགའི་སྔོན་ལ་ནང་ལོགས་ཀྱི་ཆོས་ལུགས་ཀྱི་བྱད་སྒོ་ཆེན་པོ་ཞིག་ལ་ཕེབས་ཏེ་ཕྱིར་ཀླུ་ཚང་དགོན་དུ་ཕེབས་དུས་གནས་འདིར་བརྒྱུད་ཟེར། ཁྱིམ་དུ་དགེ་འདུན་པ་ཞིག་ཕེབས་པའི་རྐྱེན་གྱིས་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་དམ་ཆོས་བཀླགས་ནས་སྨོན་ལམ་གསུང་དུ་བཅུག་པ་ཡིན། དམ་ཆོས་བཀླགས་ཚར་རྗེས་ལོ་བཅུར་སོན་པའི་ཁུ་བོས་དགེ་འདུན་པའི་གླེགས་བམ་དང་དྲིལ་བུར་བལྟས་ནས་ཁ་མི་འབྲལ་མི་ཕོད་པར་གྱུར། དགེ་འདུན་པས་ཁོ་ལ་ཁྱོད་ཅིའི་ཕྱིར་སློབ་གྲྭར་མ་ཞུགས་པ་ཡིན་ནམ་ཞེས་པར། ཁོས། ངའི་ཁྱིམ་དབུལ་བས་སློབ་ཡོན་སྤྲོད་རྒྱུ་མེད་པས་ཡིན་ཟེར། དགེ་འདུན་པས་དྲིལ་བུ་ཁོའི་ལག་ཏུ་བཞག་སྟེ་འདྲི་རྒྱུར། ཁྱོད་དགོན་པར་ཆོས་འདོན་དུ་འགྲོ་འདོད་དམ་མི་འདོད་ཅེས་པར། ཁོས་འདང་ཅི་ཡང་མི་བརྒྱག་པར་དགའ་སྤྲོའི་ངང་ནས་འདོད་ཅེས་ལན་བཏབ། དགེ་འདུན་པས་ཁྱམས་རར་ད་དུང་ལོ་བདུན་ཡས་མས་སུ་སླེབས་པའི་བུ་ཞིག་རྒྱུག་བཞིན་ཡོད་པ་མཐོང་བས་ཁྱིམ་མིར། བུ་ཆེ་བ་འདི་ངས་ཁྲིད་ནས་སོང་སྟེ་ངའི་དགེ་ཕྲུག་བྱེད་དུ་བཅུག་ན་ཅི་འདྲ་འདུག་ཅེས་དྲིས། ཁྱིམ་མི་ཚོས་གྲོས་བསྡུར་ཡུན་ཙམ་བྱས་རྗེས་འཐད་པ་བྱུང་། དགེ་འདུན་པས་བུ་ཕྲུག་ཁྲིད་ནས་འགྲོ་སྐབས་ད་དུང་ཨུ་ཚུགས་ཀྱིས་དངུལ་སྒོར་བཅུ་ལྷག་ཙམ་བཞག་པ་རེད།
གཡང་སྐྱིད་ཀྱིས་དོན་དེ་ཐོས་རྗེས་ཀླུ་ཚང་དགོན་པར་དེ་བས་ཞེ་མདངས་ཇེ་ཆེར་གྱུར། ཉིན་གཉིས་པར། མོ་ཨ་མ་དང་འགྲོགས་ནས་རླངས་འཁོར་ཞིག་ལ་བསྐངས་ཐབས་ཀྱིས་ཀླུ་ཚང་དགོན་པར་ཆས། ཀླུ་ཚང་དགོན་པའི་གྲྭ་བ་ཚོས་ཁུ་བོའི་ཁྱིམ་མི་ཡིན་པ་ཤེས་རྗེས་ལྷག་བསམ་ཁོལ་པོས་དགའ་བསུ་བྱས།
དེ་ལྟ་བུའི་ཉི་མ་འགའ་འགོར་རྗེས། གྱོས་མོ་ཡང་ཡང་ཕ་ཡུལ་ལ་ལོག་རྩིས་བྱས། མོས་བཤད་རྒྱུར། བྱིས་པ་བུ་བཅོལ་ཁང་དུ་བསྐྱེལ་བྱུང་། རང་ལ་ལས་ཀ་མེད་ན་དེ་བས་ཁེར་རྐྱང་གི་ཚོར་སྣང་སྟེར། ད་དུང་ཁྱིམ་དུ་ཞི་ལི་གཅིག་པུ་ལས་མེད་པས་སེམས་ཀྱང་བདེ་ལ་མི་འབབ་ཟེར། དེ་ལྟར་ཚེ་ལོས་སྟབས་ཁེལ་རླངས་འཁོར་ཞིག་བཙལ་ཏེ་མོ་ཕ་ཡུལ་དུ་བསྐྱེལ།
ལོ་འགའི་རྗེས་སུ་སྐུད་པོ་གཉེན་བསྒྲིགས་པས་གྱོས་མོས་ཡང་སེམས་དོན་གསར་བ་ཞིག་གི་དབུ་ཁྱུད་འབྲི་མགོ་བརྩམས།
ང་བརྒྱད་པ།
མདང་དགོང་། ལས་ཁུངས་ཀྱི་དེ་སྔའི་ལས་གྲོགས་དང་ད་ལྟའི་མངའ་འོག་ཏུ་གྱུར་བའི་བློ་མཐུན་འགའ་ཡིས་ང་བོས་ནས་མཉམ་དུ་ཟ་མ་ཟ་ཟེར། ང་དེར་གཡོལ་མ་ཐུབ་པས་དུས་ཆད་ལྟར་མི་འགྲོ་ཐབས་མེད་བྱུང་ཞིང་། ད་དུང་བཟི་དྲག་པས་ཁྱིམ་དུ་ལོག་པའང་ཧ་ཅང་འཕྱི་སོང་། སྒྲོལ་མ་སྔ་ས་ནས་གཉིད་ཁུག་འདུག ངས་མོར་སུན་གཙེས་བཟོས་ཡོང་བསམ་པས་ཁང་པ་གཞན་ཞིག་གི་ནང་དུ་ལྭ་བ་དང་མཉམ་དུ་ཉལ་བ་ཡིན། ཕྱི་ཉིན་ཞོགས་པར་གློ་ལུད་བརྒྱབ་ནས་སད་དུས་ད་གཟོད་རང་གིས་མལ་ཐུལ་མ་བཀབ་པར་དྲོས་འཁྱག་ཏུ་སོང་འདུག་པ་ཤེས། དེར་མཐུད་ནས་ངའི་མཆུ་སྒྲོས་ལ་ཚ་བརྒྱབ་ཅིང་སྟེང་དུ་ཆུ་ལྒང་མང་པོ་ཆགས་བྱུང་། དེ་ལས་ཀྱང་བཟོད་དཀའ་བ་ནི་གཡས་ཕྱོགས་ཀྱི་འགྲམ་སོ་ཡང་ན་བྱུང་བ་དང་། སྒོ་བསྟེན་སྨན་ཁང་དུ་སོང་ནས་སྨན་ཁབ་བརྒྱབ་ཅིང་སྨན་འཐུང་ཡང་ཕན་ཅི་ཡང་མི་ཐོགས་པས་ཡང་རྫོང་སྨན་ཁང་དུ་སོང་ནས་ནད་རྟགས་ཤིག་བྱ་སྙམ། རེད་མོད་ཀྱང་ཡང་ལོ་འགའི་སྔོན་ལ་དེར་སོ་བལ་བའི་གནས་ཚུལ་དེ་དྲན་ཡོང་དུས་སེམས་སུ་སྐྱི་གཡའ་བར་བྱེད་པ་ཞིག་རེད། དོན་དེ་ངས་སྔ་ས་ནས་བརྩམས་སྒྲུང་དུ་བྲིས་ཟིན་པ་ལྟར་ཡིན། དེའི་ཕྱིར་ང་གཞུང་ཕྱོགས་ཀྱི་སྨན་ཁང་དུ་འགྲོ་མི་ཕོད་པར། འགྲམ་པ་སྐྱོར་ནས་ཀྲུའུ་ཧྲི་ལིན་སོ་ནད་ཚན་ཁག་ཟེར་བའི་སྒེར་གྱི་སྒོ་བསྟེན་སྨན་ཁང་ཞིག་ཏུ་སོང་བ་ཡིན། དེར་སོ་ནད་ལ་ལྟ་མཁན་མང་པོ་མི་འདུག་པས་ང་དེ་མུར་ཆེད་བཟོས་རྐུབ་སྟེགས་ཤིག་གི་སྟེང་དུ་བཀོད་སྒྲིག་བྱས་བྱུང་། ན་གཞོན་སྨན་པ་ཞིག་གིས་ངའི་ཁ་གདངས་སུ་བཅུག་ཅིང་གློག་ཞུ་ཆུང་བ་བཀར་ནས་རྟོག་ཞིབ་ཙམ་བྱས་རྗེས། སོ་རྟིང་རུལ་འདུག་རྐྱེན་སླར་གསོའི་རིན་ཐང་མི་འདུག་པས་འབལ་ལམ་མི་འབལ་ཟེར། ངས། སོ་བལ་ན་ནའམ་མི་ན་ཞེས་དྲིས་པར། ཁོས། མི་ན་སྟེ། ཅུང་མི་འགོར་བར་ཐག་གཅོད་བྱེད་ཐུབ་ཅེས་ཟེར། ང་འཐད་པ་བྱུང་བས་སྨན་པས་ངའི་ན་བཞིན་པའི་སོ་རྩར་སྦྲིད་སྨན་ཅུང་ཙམ་བརྒྱབ་རྗེས་ངོ་མས་ལས་སླ་མོའི་ངང་བལ་བྱུང་། སོ་བལ་རྗེས་ཡང་ཉིན་འགའི་རྗེས་སུ་དེར་སོ་ཇི་ལྟར་གཟུགས་རྒྱུའི་སྐོར་ལ་གྲོས་སྡུར་བྱས།ངས་སོ་གསབ་པའི་ཞིབ་ཕྲའི་བརྒྱུད་རིམ་གསལ་པོ་མ་དྲིས་ལ་སྨན་པས་ཀྱང་ང་ལ་གསལ་ཁ་མ་བཏབ། སོ་འཛུགས་པའི་དུས་སུ་སླེབས་པ་ན་ངས་ད་གཟོད་གོ་རིམ་དེ་ནི་ཧ་ཅང་སྡུག་བསྔལ་ཆེ་བ་ཞིག་ཡིན་པ་ཤེས་པ་སྟེ། གཟུགས་བྱའི་སོ་དེ་སྲ་བརྟན་ཡོང་ཆེད་གཞོགས་ཀྱི་སོ་གཅིག་གི་ཕྱེད་ཀ་བརྡར་ཏེ་སོ་རྫུན་མ་དང་སྦྱར་དགོས་ཀྱི་འདུག་ལ། བརྡར་བའི་སྐབས་ཀྱི་ན་ཟུག་དེས་ང་མགོ་ཡོམ་འཁོར་ཞིང་མིག་ལམ་རབ་རིབ་ཏུ་བཏང་། དེ་ནི་དེ་དུས་རྫོང་སྨན་ཁང་དུ་སོ་བལ་བའི་བརྒྱུད་རིམ་དང་ཁྱད་པར་ཆེར་མི་འདུག སྐར་མ་བཅུ་ལྷག་ལ་རྒྱུན་འཁྱོངས་བྱས་རྗེས་བསྲན་མི་ཐུབ་པར་གྱུར། ངས་ལག་གཡུག་བྱས་ནས་སོ་མི་ལས་པའི་བརྡ་བརྒྱབ། ངས་དངོས་གནས་ན་ཟུག་དེ་བཟོད་བསྲན་མི་ཐུབ། ན་གཞོན་སྨན་པས་བརྡར་མཚམས་བཞག་སྟེ། སྤྱིར་བརྡར་བའི་གནས་སུ་མ་སླེབས་མོད་ཀྱང་སོ་བཙུགས་ཆོག་གི་འདུག་ཟེར། དེ་ལྟར། བལ་ཟིན་པའི་སོའི་ཤུལ་དུ་ཡང་སོ་གསར་པ་བཙུགས་པ་ཡིན།
སོ་བཙུགས་ཟིན་མོད། འོན་ཀྱང་གཏན་ནས་བདེ་བའི་ཚོར་སྣང་མི་འདུག ངས་ཉིན་འགའི་རྗེས་སུ་ལོབས་ངེས་རེད་སྙམ་མོད། འོན་ཀྱང་ཉིན་འགའ་འགོར་རྗེས་སྔར་བཞིན་ཟས་ཟ་མི་ཐུབ། མཐའ་ན་བཙོས་ནས་ནུར་ཡོད་པའི་ཟས་ཏོག་ཙམ་ཡང་ལྡད་རྒྱུར་སྐྲག་པས་སེམས་ཆུང་ངང་གཡོན་སོས་ཡུན་གྱིས་ལྡད་རྒྱུ་ལས་ཐབས་གཞན་མེད་པར་གྱུར།
སོ་ཡི་གནད་དོན་ཐག་མ་ཆོད་པའི་བར་དུ་ལུས་སྟེང་དུ་ཡང་རློན་འབྲུམ་ལྟ་བུའི་དམར་ཁྲ་བྱུང་། ཐོག་མར་ཆང་བཅུད་མ་འཕྲོད་པར་དོགས་པ་སྐྱེས། རྗེས་ནས་ཆང་བཅད་མོད་ཀྱང་དམར་ཐིག་སྔར་ལས་ཇེ་མང་ནས་ཇེ་མང་ཡིན་པའི་སྟེང་ཟ་འཕྲུག་ཀྱང་ཇེ་ལངས་ནས་ཇེ་ལངས་རེད། ཕྱི་ལུགས་གསོ་རིག་ལ་བསྟེན་ཚེ། ནད་ཀྱི་བྱུང་རྐྱེན་མི་རྙེད་ཅིང་རྒྱུན་སྲོལ་གྱི་བྱེད་ཐབས་ལྟར་སྨན་འཐུང་བ་དང་ཁབ་བརྒྱག་ཀྱང་ཕན་ཐོགས་ཅི་ཡང་མེད་པས། མྱུར་དུ་ཞིང་ཆེན་པགས་ནད་གསོ་བཅོས་བྱེད་པའི་ཀྲུང་ལུགས་གསོ་རིག་ཆེད་མཁས་རྣམས་ལ་བསྟེན་ཞིང་། ཀྲུང་སྨན་འཐུང་ཡང་སྔར་བཞིན་ཕན་ནུས་གང་ཡང་མ་ཐོན་པ་མ་ཟད། དེ་ལས་ལྡོག་སྟེ་ངའི་ལུས་སྨད་ཉིན་རེ་བཞིན་སྐྲངས་པས། སྒྲོལ་མ་ང་དང་མཉམ་དུ་ཉལ་མི་ཕོད་པར་སེམས་སུ་ང་འགོ་ཁྲིད་ལ་བསྡད་པ་དང་ཕྱི་རུ་འཆལ་སྤྱོད་ཀྱི་བྱ་བར་ཞུགས་ཤིང་། ནད་ཡ་མཚན་ཞིག་འགོས་པར་དོགས་པ་སྐྱེས། ངས་འདི་ལྟ་བུའི་ཡ་མཚན་གྱི་སྣང་ཚུལ་འདིར་གསལ་བཤད་བྱེད་མི་ཐུབ་པས། དཔོན་གསར་གྱི་འགན་བཞེས་པར་སྤྲོ་སྣང་ཅི་ཡང་མེད་པར་གྱུར་ལ། ཉིན་གང་བོར་མི་གཞན་པར་ངོ་འཕྲད་དཀའ་ཞིང་རོགས་རམ་མེད་པའི་སྡུག་བསྔལ་གྱི་འཚོ་བ་རོལ་དགོས་བྱུང་།
ང་ལ་ད་ཡང་བྱ་བའི་ཞོར་དུ་རྩོམ་འབྲི་བའི་སྤྲོ་སྣང་ཅུང་ཙམ་ཡང་མི་འདུག ཁོམ་པ་རེ་ཡོད་ཚེ་དེ་མུར་པགས་ནད་ཚན་ཁག་གི་སྨན་དཔེ་ལ་ལྟ་བའམ་ཡང་ན་དྲ་ཐོག་ནས་ལུས་ཀྱི་དམར་ཁྲ་བཅོས་པའི་ཐབས་བཟང་ཞིག་འཚོལ་ཐབས་བྱས། དགོང་མོ་དེར་ང་དྲ་རྒྱར་མྱུལ་སྐབས་གློ་བུར་དུ་ཆ་ཕྲིན་ཞིག་ངའི་མིག་མདུན་དུ་གསལ་བྱུང་། དེར་སོ་རྫུན་ནང་དུ་གལ་ཏེ་ནིག་ལྕགས་རིགས་འདུས་ན་གྲིབ་ཕོག་ཤས་ཆེ་ཞེས་བཤད་འདུག དེའི་ཕྱིར་ངས་རང་གི་སོ་གསབ་པའི་རྒྱུ་ཆ་ནི་ལྕགས་རིགས་ཡིན་པར་དོགས་པ་སྐྱེས། རྒྱུ་མཚན་ནི་ངའི་སོ་གསབ་པའི་རྗེས་ནས་རིམ་གྱིས་ལུས་སུ་ད་ལྟའི་གནས་ཚུལ་འདི་འདྲ་བྱུང་བ་རེད། ང་སྨན་ཁང་དེར་སོང་ཞིང་རང་ཉིད་ཀྱི་སོ་གསབ་པའི་རྒྱུ་ཆ་ནི་ནིག་ལྕགས་རིགས་ཡིན་པ་ཤེས་པས་དེ་བས་རང་ལ་གྲིབ་ཕོག་ཡོད་པ་གསལ་བཤད་བྱེད་ཐུབ་པར་གྱུར་ཅིང་། ཁོ་ཚོར་སོ་རྫུན་མ་བཤིག་དགོས་པའི་རེ་བ་ཞུས་པ་ན། ན་གཞོན་སྨན་པ་དེས་སོ་བཤིག་ན་རིན་སྤྲོད་དགོས་ཞེས་ཟེར། ངས། ཁྱོད་ཀྱིས་སོ་འདིའི་རིགས་གསབ་ན་གྲིབ་ཕོག་སྲིད་པ་ཤེས་བཞིན་དུ་ཅིའི་ཕྱིར་སྔོན་ལ་གསལ་བཤད་མི་བྱེད་དམ། ད་ལྟ་ངའི་སོ་བརྡར་བའི་ན་ཟུག་ཚད་མེད་མྱངས་པ་ཕར་ཞོག་དང་། ད་དུང་ཁ་གསབ་བརྒྱབ་པའི་སོ་ཡིས་ཟ་མ་ཟ་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་གྲིབ་ཕོག་ཏུ་བཅུག་ཅིང་ང་ལ་ཕལ་ཆེར་འཚོ་བར་ཡིད་ཆེས་མེད་པར་བཟོས་པས། ཁྱོད་ཀྱིས་ད་དུང་ངའི་ལུས་སྟེང་དུ་སྣུམ་བཙིར་ན་འདོད་པ་ཡིན་ནམ་ཞེས་པར། ཁོས། མི་ལ་ལར་གྲིབ་ཕོག་སྲིད་མོད་ཀྱང་ཡང་ལ་ལར་མི་ཕོག ང་ཚོས་ཀྱང་ཁྱོད་ལ་གྲིབ་ཕོག་སྲིད་པ་ཇི་ལྟར་ཤེས་སྲིད། ཡང་ཅིག་བཤད་ན། ད་ལྟ་ཁྱོད་ཀྱི་ནད་རྟགས་འདི་སོ་རྫུན་མས་བཟོས་པ་ཡིན་མིན་ད་དུང་ཐག་གཅོད་བྱེད་མི་ཐུབ་པས། འགྲོ་སོང་ངེས་པར་དུ་གཏོང་དགོས་ཞེས་ཟེར། དེར་ངས། དེ་རིང་ངས་ཁྱོད་ལ་གནས་ལུགས་མི་བཤད། ཁྱོད་ཀྱི་རེ་བ་ལྟར་སོ་བཤིག་ཆོག གལ་ཏེ་རྗེས་སུ་གྲིབ་འདི་སོ་རྫུན་ལས་བསྐྱེད་པ་གཏན་འཁེལ་བྱུང་ཚེ་དེ་དུས་ད་གཟོད་ངས་ཁྱོད་ལ་རྩིས་བརྒྱབ་ཆོག་ཅེས་སྨྲས་པ་ཡིན།
སོ་རྫུན་མ་དེ་བླངས་རྗེས་མྱུར་དུ་ཕན་ནུས་ཐོན། གྲིབ་ཕོག་པའི་ལུས་ཀྱི་དམར་ཁྲ་དེའི་རིགས་དེ་མུར་ཡལ་མེད་དུ་གྱུར་ཅིང་། ངའི་སེམས་ཁམས་ཀྱང་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་གྱུར། རེད་མོད་ཀྱང་དེའི་རྗེས་སུ་ང་གཏན་ནས་ན་གཞོན་སོའི་སྨན་པ་དེ་བཙལ་དུ་མ་སོང་། སྐབས་དེར་རྗེས་ནས་རྩིས་རྒྱག་ཅེས་པའང་གནས་སྐབས་ཀྱི་ཧ་ཅང་སྐྱོ་བའི་སེམས་ཁམས་ཀྱིས་བསྐྱེད་པའི་ཁོང་ཁྲོའི་སྐད་ཆ་ཞིག་ཡིན་པ་ལས། སུ་ཞིག་གིས་འདས་ཟིན་པའི་བྱ་བ་ཕྲན་བུར་ཐེ་གཏོགས་བྱེད་སྲིད་དམ།
ཡིན་ཏེ། སོ་ད་དུང་བསྐྱར་འཛུགས་མ་བྱས། ད་ལྟ་ང་སོ་འཛུགས་པར་ཤིན་ཏུ་སྐྲག ང་སོ་འཛུགས་པར་སྐྲག་པ་ནི་ན་ཟུག་སྐྱེད་པར་སྐྲག་པ་ཙམ་མ་ཡིན་པར་གྲིབ་ཕོག་པའི་གནས་ཚུལ་འབྱུང་བར་དེ་བས་ཧ་ཅང་སྐྲག ཉིན་དེར། ངས་ཞིང་ཆེན་སྤྱི་གླིང་དུ་ཞིང་ཆེན་སྨན་ཁང་གི་དབང་པོ་ལྔའི་ཚན་ཁག་ཏུ་ལས་ཀ་བྱེད་བཞིན་པའི་མ་སྤུན་སྲིང་མོ་དང་འཕྲད་ཅིང་ཞོར་དུ་སོ་འབལ་སོ་འཛུགས་ཀྱི་གནས་ཚུལ་སྐོར་ཁ་བརྡ་བྱས། མོས་ངའི་སོ་ཞིང་ཆེན་སྨན་ཁང་ནས་འཛུགས་དགོས་པའི་རེ་བ་བཏོན་ལ། ད་དུང་ཆེད་མཁས་སྨན་པ་གཉིས་ངོ་སྤྲོད་བྱས་བྱུང་། ང་སྲུང་མོའི་བཤད་པ་ལྟར་ཞིང་ཆེན་སྨན་ཁང་དུ་སོ་འཛུགས་སུ་སོང་། སྨན་པས་ཕྱོགས་གཅིག་ནས་ངའི་སོ་གཏིང་གསོ་བཅོས་དང་ཕྱོགས་གཅིག་ནས་སོ་གསབ་མགོ་བརྩམས། ན་ཟུག་ཅི་ཡང་མེད་པའི་སྒོ་ནས་སོ་སྔོན་ཆད་དང་འ་ན་མ་ན་ཞིག་བཟོས་བྱུང་ལ། ངའི་སེམས་འཁུར་བྱེད་བཞིན་པའི་གྲིབ་ཕོག་པའི་གནས་ཚུལ་ཡང་མ་བྱུང་བས། ཉིན་དེ་ནས་བཟུང་ངའི་འཚོ་བར་སླར་ཡང་འོད་སྣང་གིས་ཁེངས།
སྔ་རྗེས་སུ་ཐེངས་ཁ་ཤས་ལ་སོ་བལ་བ་དང་བཙུགས་པ་ཡིས་ངའི་སེམས་ལ་མྱོང་ཚོར་མང་པོ་ཞིག་བྱུང་། མཚམས་རེར་ངས་ལྷིང་འཇགས་ངང་ཁ་སྐྱེངས་དགོས་པའི་སོ་བལ་བའི་རྣམ་པ་དག་དྲན་ཚེ། སེམས་སུ་སྔར་བཞིན་གཞུང་གི་སྨན་ཁང་ལེགས་སྙམ་པ་སྟེ། གཞུང་གི་སྨན་ཁང་དུ་འགྲོ་སོང་ཅུང་མང་ཙམ་གཏོང་དགོས་པ་དང་དུས་ཡུན་ཡང་ཅུང་རིང་ནའང་རྒྱུ་སྤུས་ཁག་ཐེག་བྱེད་ཐུབ། ལོ་དེར་རྫོང་སྨན་ཁང་དུ་འཕྲད་པའི་གནས་ཚུལ་དེ་རིགས་ནི་དཔེ་བསྟན་པ་ཙམ་སྟེ། དེའི་རྒྱུ་རྐྱེན་ཡང་ཧ་ཅང་རྙོག་འཛིང་ཞིག་ཡིན། རྒྱུ་རྐྱེན་གཅིག་ནི་ཀྲང་སྨན་པ་ནི་རིག་གནས་གསར་བརྗེས་མཇུག་སྒྲིལ་རྗེས་སླར་ཡང་ལས་གནས་སུ་ལོག་ཅིང་བར་སྐབས་རིང་སོ་ནད་ཚན་ཁག་ཏུ་ལས་བགོས་བྱས་པའི་སྨན་པ་ཞིག་ཡིན་པས་སོ་ནད་ཚན་ཁག་གི་ཆེད་ལས་རིག་གནས་ཀྱི་ཆུ་ཚད་ཞན་ཞིང་དེར་སྤྲོ་སྣང་ཡང་མེད་པའི་སྟེང་སྨན་ཁང་གི་སྨན་བཅོས་སྒྲིག་འཛུགས་ཀྱང་ཞན་པས། ཁོ་ཚན་ཁག་གི་བྱ་བར་སེམས་གཏན་ནས་མ་འཁོར། རྒྱུ་རྐྱེན་གཞན་གཅིག་ནི་སྐབས་དེར་སྨན་ཁང་གིས་ཟངས་ཆེན་ནང་གི་ཟ་མ་ཟ་བཞིན་ཡོད་པས་ལས་ཀ་ཡག་རུང་བཙོག་རུང་གཅིག་མཚུངས་ཡིན་ལ། མང་ལས་ཉུང་ལས་གང་བྱས་ཀྱང་གཅིག་མཚུངས་ཡིན། དེ་བཞིན་སྨན་ཁང་དུ་སོ་ནད་ཚན་ཁག་གི་སྨན་པ་ཁོ་གཅིག་པུ་ཡིན་པས་སོ་ནད་བྱུང་བའི་ནད་པ་ཇི་ལྟར་ཉུང་ན་དེ་ལྟར་སེམས་ཤུགས་དང་ལུས་ཤུགས་གཉིས་ཀ་གསོག་པའི་བྱ་བ་ཞིག་རེད། ད་དུང་རྒྱུ་རྐྱེན་ཞིག་ཡོད་པ་ནི། རང་གིས་ཆབ་སྲིད་ལས་འགུལ་ཁྲོད་བརྙས་བཅོས་མྱོང་བའི་རྐྱེན་གྱིས་ཁོས་བྱ་ཐབས་འདི་སྤྱད་དེ་སྤྱི་ཚོགས་ལ་མི་དགའ་བའི་རྣམ་འགྱུར་བསྟན་ཡང་སྲིད། བདེན་ཏེ། སྤྱིར་སྒེར་གྱི་སྨན་ཁང་དུའང་སྨན་པ་བཟང་བོ་ཡོད་མོད་ཀྱང་། ཏག་ཏག་ང་འཕྲད་པའི་ན་གཞོན་སྨན་པ་དེ་ནི་ཡོང་སྒོ་གཙོ་བོར་བྱེད་ལ། ཆེད་ལས་ལག་རྩལ་ཞན་ཞིང་ཆེད་ལས་ཀུན་སྤྱོད་མི་ལེགས་པའི་ཀུན་ལ་མགོ་གཡོག་མགོ་སྐོར་གཏོང་བའི་མི་གཡོ་སྒྱུ་ཅན་ཞིག་རེད།
༥༨
ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་ཁྱིམ་ཚང་ཕྱི་ནང་གི་བྱ་བ་ཐམས་ཅད་ལེགས་སྒྲུབ་མཐའ་འཁྱོལ་བྱས་པས་སེམས་ཁམས་དགའ་བདེས་ཁྱབ་ཡོད་ལ། འཚོ་བ་སྐྱེལ་བའང་ཤིན་ཏུ་མགྱོགས་ཏེ། མིག་རྡེབ་དབང་ཙམ་གྱི་རིང་ལ་ལོ་གཅིག་གི་དབྱར་གཞུང་དུ་སླེབས་བྱུང་།ཉིན་དེ་དག་གི་རིང་ལ། ལས་ཁུངས་སོ་སོས་གོང་ནས་འོག་ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་སྤེལ་བ་དང་། ཡུལ་ཚོའི་ལས་དོན་དེའི་ཞིབ་ཕྲའི་འོས་འགན་ཚེ་ལོས་འཁུར་གྱི་ཡོད་པ་རེད། ཐོག་མར་ཡིག་ཆ་སློབ་སྦྱོང་དང་བསམ་བློའི་དྲག་ཆས་སྤྲས་ཤིང་། བར་དུ་གནད་དོན་ཞིབ་བཤེར་གསལ་སྟོན་དང་རྒྱུ་རྐྱེན་དབྱེ་ཞིབ། མཐའ་མར་གནད་དོན་ཐག་གཅོད་དང་སྒྲིག་ལམ་གསར་འཛུགས་བྱེད་དགོས་པ་བཅས་རེད།
གནད་དོན་རྩད་ཞིབ་བྱེད་པའི་དུས་རིམ་དུ། ལས་བྱེད་པ་དང་མང་ཚོགས་ཁ་ཤས་ཀྱིས་ཤང་ཨུའི་འགོ་ཁྲིད་ཀྱིས་མགྲོན་འབོད་སྐྱེས་འབུལ་བྱེད་རེས་དང་། མང་ཟ་མང་འཛིན་བྱེད་བཞིན་ཡོད་པ་སོགས་ཀྱི་གནད་དོན་བཏོན་བྱུང་བ་རེད། ཚེ་ལོའི་སེམས་སུ་བསམ་འཆར་དེ་བཏོན་པ་ཤིན་ཏུ་ལེགས་ཏེ། རང་ཉིད་ཀྱང་དངོས་སུ་དོན་དེའི་རིགས་ནང་བརྒྱུད་མྱོང་སྙམ་ལ། སྐབས་དེར་ལས་ཁུངས་གཞན་པར་ཡང་དོན་དེ་རིགས་ནི་གཅིག་མཚུངས་སུ་བྱུང་བཞིན་ཡོད་པས་རྒྱུན་ལྡན་རེད་སྙམ་མོད། འོན་ཀྱང་ད་ལྟ་ཡིག་ཆ་གཤིབ་བསྡུར་དང་བསམ་གཞིགས་ཞིབ་ཕྲ་བྱས་ཚེ་དེ་ནི་དངོས་གནས་རང་ཉིད་ཀྱིས་སྲིད་དོན་གཙང་སྐྱོང་མི་བྱེད་པའི་མཚོན་ཚུལ་འབུར་དུ་ཐོན་པ་ཞིག་རེད། ཚེ་ལོའི་སེམས་སུ། རང་ཉིད་ནི་ཡུལ་ཚོའི་ལས་ཀ་འདིའི་འགན་འཁུར་བ་ཞིག་ཡིན་པས་ཆ་ནས་ངེས་པར་གོ་རྟོགས་མཐོ་རུ་གཏོང་དགོས་སྙམ་ཞིང་ལམ་སེང་འབྲེལ་ཡོད་ནོར་སྲིད་ཚན་ཁག་ལ་སྔོན་བཀོལ་མྱོང་བའི་རླངས་འཁོར་གྱི་གྲོན་དངུལ་ཁ་གསབ་བྱས་པ་མ་ཟད་ཚོགས་འདུའི་ཐོག་ཏུ་སྐྱོན་བརྗོད་གཟབ་ནན་བྱས། ཨྱོན་གྱིས་གནས་ཚུལ་དེ་ཤེས་རྗེས་ཡིད་ཧ་ཅང་མི་དགའ་བར་གྱུར་ཞིང་། སེམས་སུ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་དེ་ལས་ཁུངས་གཅིག་གི་བྱ་བ་མ་རེད། ད་ལྟ་བྱ་བའི་ཆེད་དུ་འབྲེལ་བ་བཙུགས་ནས་ལྟག་སྒོར་འཛུལ་བའི་གནད་དོན་ནི་ཡོངས་ཁྱབ་རང་བཞིན་ཏུ་གྱུར་ཡོད་པས། དེ་ནི་ལས་ཁུངས་ཤིག་གམ་མི་སྒེར་ཞིག་གི་གནད་དོན་ཁོ་ན་མ་རེད་ཅེས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། གལ་ཏེ་དེ་ལྟར་མ་བསྒྲུབས་ན་རྣམ་གྲངས་སློང་མི་ཐུབ་པ་དང་། མང་ཚོགས་ཀྱི་དོན་དག་ཀྱང་སྒྲུབ་དཀའ་བ་རེད་ཅེས་འདོད་ཀྱིན་ཡོད་པ་མ་ཟད། ད་དུང་འགོ་ཁྲིད་ལས་བྱེད་པ་ཞིག་གིས་ལས་ཁུངས་ཀྱི་རླངས་འཁོར་བཀོལ་ཡང་སྐྱོན་བརྗོད་བྱེད་དགོས་ན་རྗེས་སུ་ལས་ཀ་བྱེད་བདེ་པོ་ཡོང་གི་མ་རེད་ཅེས་པར། ཚེ་ལོར་ལན་འདེབས་རྒྱུ་མེད་པར་གྱུར། ཁོས་ད་དུང་ཚེ་ལོས་གནད་དོན་ཐག་གཅོད་བྱེད་པའི་ལྷུ་ཚིགས་དེ་དལ་དགོས་པ་དང་། ལས་ཁུངས་གཞན་པའི་གནས་ཚུལ་ལ་བལྟས་ནས་ཐག་གཅོད་བྱེད་དགོས་ཞེས་སྨྲས།
དེ་ལྟར། མཐའ་མར་མང་ཚོགས་ཀྱིས་བཏོན་པའི་གནད་དོན་གཞན་པ་མཐའ་དག་མ་གེ་མོག་གེར་ལུས་སོང་།
འབྲེལ་ཡོད་འོས་སྦྱོར།