སྟོན་ཁའི་འཕྲེང་སེམས། ཧྲི་ཐའེ་ཧྲིན།
རྩོམ་པ་པོ།:རིན་ཆེན་མཚོས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-03-06
ཀློག་གྲངས།:
སྟོན་ཁའི་འཕྲེང་སེམས།
ཧྲི་ཐའེ་ཧྲིན་གྱིས་བརྩམས།
རིན་ཆེན་མཚོས་བསྒྱུར།
རིན་ཆེན་མཚོས་བསྒྱུར།
ངའི་རྐང་བ་གཉིས་འཐེང་བོར་གྱུར་བ་ནས་བཟུང་། གཤིས་རྒྱུད་ཀྱང་ཇེ་རྩུབ་ཏུ་གྱུར་ཏེ་ཇི་ཡིན་མེད་པར་ནམ་རྒྱུན་ཁོང་ཁྲོ་ལངས་སླ་བ་ཞིག་ཏུ་གྱུར། ངས་མཁའ་དབྱིངས་སུ་རྒྱུ་བའི་ལྷོ་བཞུད་ཀྱི་ཁྲུང་ཁྲུང་དག་ཁྱུ་དང་ཁྱུ་བྱས་ནས་འཕུར་ཡོང་བ་མཐོང་དུས།ངས་གློ་བུར་དུ་རང་གི་མདུན་གྱི་ཤེལ་སྒོ་མཐའ་དག་འཇོམས་པར་བྱེད་ངེས་ལ། ལིའི་ཀུའུ་ཡིས་ཡི་སྙན་འཇེབས་ཀྱི་གླུ་སྒྲ་ལ་ཉན་ཀྱིན་ཉན་ཀྱིན། ངས་ཞེ་སྡང་དྲག་པོས་ཉེ་འཁོར་གྱི་དངོས་པོ་མཐའ་དག་ཕྱོགས་བཞིའི་གྱང་ངོས་སུ་གཡུག་པ་ཡིན། ཨ་མ་རྐང་འཇབ་ལག་འཇབ་ཀྱིས་སྒོར་བཞའ་རུ་བུད་སོང་། ངས་མི་རིག་སར་ཁ་རོག་གེར་གྲག་འགུལ་ལ་ཉན་འདུག ཡོད་ཚད་སྔོན་ལྟར་ལྷིང་འཇགས་སུ་གྱུར་རྗེས། མོ་ད་གཟོད་ཡང་བསྐྱར་ཁ་རོག་གེར་ནང་དུ་སླེབས་ཏེ་མིག་མཐའ་དམར་པོར་གྱུར་ནས་ང་ལ་ལྟ་བཞིན་འདུག མོས་ནམ་རྒྱུན“གོ་ཐོས་ལྟར་ན། པེ་ཧེ་སྤྱི་གླིང་དུ་མེ་ཏོག་སྣ་བརྒྱ་ལྷུག་པར་བཞད་འདུག་ཟེར། ཁྱོད་འགྲུལ་འཁོར་དུ་སྡོད་དང་ངས་ཁྱོད་དེད་ནས་དེར་བལྟ་རུ་སོང་ན་ག་འདྲ་རེད”ཅེས་ཟེར། ཨ་མ་མེ་ཏོག་ལ་དགའ་བོ་འདུག འོན་ཀྱང་ངའི་རྐང་བ་གཉིས་འཐེང་བོར་གྱུར་བ་ནས་བཟུང་། མོས་བདག་སྐྱོང་བྱེད་པར་སྒུག་ཡོད་པའི་མེ་ཏོག་དག་ཀྱང་རྙིད་པར་གྱུར། “མིན། ང་མི་འགྲོ།” ངས་ཞེ་སྡང་དྲགས་པོས་རོ་རྐང་འདི་གཉིས་རྡུང་སྟེ“ད་ང་གསོན་ནས་དོན་སྙིང་ཅི་ཡོད”ཅེས་སྐད་བརྒྱབ་པ་ན། ཨ་མ་མྱུར་མྱུར་ངང་ཚུར་ཡོང་ནས་ངའི་ལག་པ་ནས་འཇུས་ཏེ་ངུ་སྐད་ཧྲན་ནས་བཤད་རྒྱུར། “ངེད་མ་བུ་གཉིས་མཉམ་དུ་བདེ་སྐྱིད་ངང་འཚོ་དགོས། བདེ་སྐྱིད་ངང་འཚོ་་་་”
འོན་ཀྱང་ངས་ད་ལྟའི་བར་ཁོ་མོའི་ནད་ཚད་འདི་འདྲ་ཞིག་ལ་སླེབས་ཡོད་པ་མ་ཤེས། ཨ་མ་ནམ་རྒྱུན་མཆིན་པའི་ནད་ཀྱིས་མནར་ནས་ཞག་ཞག་བྱས་ཏེ་ཕར་འཕག་ཚུར་འཕག་གིས་གཉིད་དུ་གཡུར་དཀའ་བའང་ནུ་མོས་ང་ལ་རྗེས་སུ་བཤད་པ་ཡིན།
ཉིན་དེར་ཡང་ང་རང་གཅིག་པུར་ཁང་བའི་ནང་བསྡད་དེ། སྒེའུ་ཁུང་ཕྱི་རོལ་གྱི་སྡོང་ལོ་དག་ཤིག་ཤིག་ངང་མར་འཐོར་བ་ལ་ལྟ་དུས། ཨ་མ་ནང་དུ་ཡོང་སྟེ་སྒེའུ་ཁུང་འགྲམ་དུ་ལངས་ནས། “པེ་ཧེ་སྤྱི་གླིང་གི་ལུག་མིག་མེ་ཏོག་བཞད་འདུག ཁྱོད་འགྲུལ་འཁོར་དུ་སྡོད་དང་ངས་ཁྱོད་ཁྲིད་ནས་བལྟ་རུ་སོང་ན་ག་འདྲ་རེད།”ཅེས་མོའི་ཉམ་ཐག་པའི་ངོ་གདོང་དུ་རེ་བའི་ཉམས་སྣང་ཞིག་ཀྱང་ཤར་འདུག “ནམ་ཞིག་ལ།” མོས་བཤད་རྒྱུར། “གལ་ཏེ་ཁྱོད་འཐད་པ་ཡིན་ན་སང་ཉིན་སོང་ན་ག་འདྲ་རེད།” “ཆོག་གི དེ་ན་སང་ཉིན་འགྲོ་རྒྱུ་བྱ།”ཅེས་བཤད་པ་ན། མོའི་ཡིད་ལའང་མ་དྲན་པའི་ལན་དེས་མོ་རང་དགའ་སྤྲོས་ཁྱབ་པར་བྱས། མོ་དགའ་ནས་ཅི་བྱེད་དགོས་པའང་མ་ཤེས་པར་ཅུང་ཙམ་གྱིས་བཙོག་པར་བྱེད་ཅིང་ཅུང་ཙམ་གྱིས་ཡར་ལངས་ཏེ། “དེ་ན་སྔ་དུས་ནས་གྲ་སྒྲིག་རེ་བྱེད།” “ཨེ་ཡ། མི་སུན་ནམ། གོམ་པ་འགའི་ལམ་རེད། གྲ་སྒྲིག་ཅི་བྱེད།” མོ་ཡང་བགོད་ཞོར་ངའི་རྩུབ་ཏུ་བཙོག་སྟེ་ཉག་ཉོག་མང་པོ་ཞིག་བཤད་རྒྱུར། “ལུག་མིག་མེ་ཏོག་ལ་བལྟས་ཚར་རྗེས།འུ་གཉིས‘ཧྥང་ཧྲན’ལ་འགྲོ། ཁྱོད་རང་ཆུང་དུས་དེ་གའི་སྲན་སེར་ཟ་རྒྱུར་ཧ་ཅང་དགའ། དེ་སྔོན་ངས་ཁྱོད་པེ་ཧེ་སྤྱི་གླིང་དུ་ཁྲིད་པ་ཨེ་དྲན་གི ཁྱོས་ཡང་དང་བསྐྱར་དུ་སྦྱར་སྡོང་མེ་ཏོག་དེ་འབུ་ཐུལ་བ་རེད་བཟོས་ནས་རྒྱུགས་ཞོར་དུ་རེ་རེར་རྡོག་བརྫིས་གཏོང་བ་ཡིན། མོ་གློ་བུར་དུ་སྨྲ་སྒོ་ཆད་པ་བཞིན་ཅི་ཡང་མི་སྨྲ་བར་བསྡད། “རྒྱུགས་པ”དང“རྡོག་བརྫིས”སོགས་དང་འབྲེལ་བའི་ཐ་སྙད་དག་ལ་མོ་ང་ལས་ཀྱང་སེམས་སྐྱེན་ཆེ་དྲག མོ་ཡང་བསྐྱར་ཁ་རོག་གེར་སྒོར་བུད་སོང་། མོ་སྒོར་བུད་སོང་། དེ་ནས་བཟུང་ཕྱིར་སླེབས་རྒྱུ་མ་བྱུང་།
ཁྱིམ་མཚེས་དག་གིས་མོ་རླངས་འཁོར་ནང་ཡར་འཇོག་སྐབས། མོའི་ཁ་ནང་དུ་ད་དུང་ཁྲག་དམར་ཁམ་གང་ཁམ་གང་བྱས་ཏེ་སྐྱུག་བཞིན་ཡོད། ཁོ་མོ་ནད་ཀྱིས་མནར་ཏེ་ཚད་འདི་འདྲ་ཞིག་ལ་སླེབས་ཡོད་པ་ངའི་ཡིད་ལའང་དྲན་མ་མྱོང་ལ། འཁོར་གསུམ་ཤིང་རྟ་རྒྱང་དུ་བསྐྱལ་བ་དེ་གཏན་གྱི་བྲལ་བ་ཡིན་པ་བསམ་པའི་རྒྱུད་ལའང་ཤར་མ་མྱོང་།
ཁྱིམ་མཚེས་གསར་བུ་དེས་ང་རང་ཁུར་ཏེ་མོར་བལྟ་རུ་འགྲོ་དུས། མོའི་དབུགས་ཀྱི་རྒྱུ་བ་ལེན་པ་ནི་ཁོ་མོའི་མི་ཚེ་ཧྲིལ་བོའི་དཀའ་སྡུག་གི་འཚོ་བ་དང་འདྲ་བར་ཧ་ཅང་ཁག་པོར་འདུག གཞན་གྱིས་བཤད་པ་ལྟར་ན། མོའི་དབང་བོའི་ཚོར་བ་མ་ཉམས་སྔོན་གྱི་ཆེས་མཐའ་མཇུག་གི་སྐད་ཆ་ནི། “ངའི་ནད་ཀྱིས་མནར་བའི་བུ་ཆུང་དང་ད་དུང་ནར་སོན་མེད་པའི་བུ་མོ་་་་”
ཡང་སྟོན་ཁ་སླེབས་བྱུང་། ནུ་མོས་ང་རང་ཁྲིད་དེ་པེ་ཧེ་སྤྱི་གླིང་དུ་སོང་ནས་ལུག་མིག་མེ་ཏོག་ལ་བལྟས། གསེར་མདོག་གི་མེ་ཏོག་མཛེས་ཤིང་སྡུག་ལ། དངུལ་མདངས་ཀྱི་མེ་ཏོག་དྭངས་ཤིང་གཙང་། སྨུག་མདོག་གི་མེ་ཏོག་སྤྲོ་སེམས་དང་སྣ་བརྒྱའི་བརྟས་པར་བག་མེད་ལོངས་སྤྱོད་ཀྱིས་སྟོན་རླུང་ཁྲོད་མཚར་སྡུག་གིས་བཞད་འདུག ཨ་མས་བཤད་མ་ཚར་བའི་སྐད་ཆ་དག་ངས་རྟོགས་ཡོད་ལ། ནུ་མོས་ཀྱང་རྟོགས་ཡོད་ངེས། ངེད་གཉིས་མཉམ་དུ་བདེ་སྐྱིད་ངང་འཚོ་དགོས་་་་་
འབྲེལ་ཡོད་འོས་སྦྱོར།