ལང་ཚོ་གཞོན་ནུའི་དུས། འཇུ་སྐལ་བཟང་གིས་བསྒྱུར།
རྩོམ་པ་པོ།:འཇུ་སྐལ་བཟང་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-05-13
ཀློག་གྲངས།:
ལང་ཚོ་གཞོན་ནུའི་དུས།
མོང་གོལ་རྒྱལ་ཁབ་ཀྱི་སྙན་ངག་པ་གྲགས་ཅན་རིན་ཆེན་ཆོས་ཀྱི་ཉི་མས་སོག་སྐད་དུ་བརྩམས།
འཇུ་སྐལ་བཟང་གིས་རྒྱ་ཡིག་ལས་བསྒྱུར།
འཇུ་སྐལ་བཟང་གིས་རྒྱ་ཡིག་ལས་བསྒྱུར།
འཇིག་རྟེན་འཚོ་བར་རྡོག་འདྲེད་མགོ་བོ་རང་འཐོམ་བཞིན། །
ཆང་རག་སྙིང་ལ་བརྒྱབས་པའི་བྲང་ཁོག་གི་གཞི་རུ། །
འུར་འུར་ཆེམས་ཆེམས་འཕྱོ་བའི་ལང་ཚོ་ཡི་གཞོན་དུས། །
འདབ་ཆགས་འཕུར་བའི་རྗེས་ཤུལ་སྐད་ཅིག་གིས་ཡལ་ཐལ། །
ཞིམ་མངར་རོ་མཆོག་ཟེར་བ་ཅི་ཡིན་ནི་མ་ཤེས། །
ཅི་དགར་ས་རུ་འཕོད་པའི་ལང་ཚོ་ཡི་གཞོན་དུས། །
ཁ་དོག་སྣ་ལྔ་བཀྲ་བ་གང་ཡིན་ཀྱང་མ་རྟོགས། །
གང་དགར་འཕྲོ་བརླག་བཏང་བའི་ལང་ཚོ་ཡི་གཞོན་དུས། །
དབྱར་མཚན་རྨི་ལམ་ཐུང་བ་སྣང་ཡུལ་ལ་མ་ཐོགས། །
རྒྱང་འདུན་ཡང་ཡང་སློང་བཞིན་སྒེག་མ་དག་སྙེག་ཅིང་། །
རླངས་འཁོར་བག་མེད་གདོང་གཏུག་རྒྱག་པ་ཡི་ཚུལ་གྱིས། །
སྐབས་སུ་སྣང་བ་རྒྱ་ཡན་ལང་ཚོ་ཡི་གཞོན་དུས། །
དགུ་གསུམ་དགུན་གྱི་ལྷགས་རླུང་སྣང་མེད་དུ་བཞག་སྟེ། །
གཞན་གྱི་ཆུང་མ་རང་གི་དགའ་མ་རུ་སྒོམ་བཞིན། །
ཁ་ཚུབ་རླུང་གིས་སྐྱོད་ལྟར་འཕྱར་གཡེང་གིས་འཕྱོ་བ། །
ས་རྒྱ་གནམ་ཁྱོན་མ་དཔགས་ལང་ཚོ་ཡི་གཞོན་དུས། །
འཁོར་བ་འཇིགས་རུང་མི་སེམས་དཔོག་དཀའ་དེ་མ་ཤེས། །
བློ་མིག་ཆིག་རྐྱང་བྱིས་པའི་ངང་ཚུལ་ལ་བཟློ་བཞིན། །
ན་ཆུང་བུ་མོའི་ཕྱི་ནང་མཛེས་སྡུག་ཀྱང་མ་ཤེས། །
བྱིའུ་ཆུང་དགུང་ལ་ཤོར་གྱུར་ལང་ཚོ་ཡི་གཞོན་དུས། །
བག་མེད་གྲོགས་འདུས་མཚན་རིང་ཐོག་ཐག་གིས་འཕུད་ཀྱིན། །
མ་གཅུན་རྟ་ཁྱུ་ཞོགས་འདྲའི་ལང་ཚོ་ཡི་གཞོན་དུས། །
ཤེལ་གྱི་དྲྭ་གླེགས་སྲང་མདོའི་གློག་སྒྲོན་དག་གཅོག་པ། །
པྲ་ཆལ་སྣ་དགུ་རྫོགས་པའི་ལང་ཚོ་ཡི་གཞོན་དུས། །
བུ་ཕོ་དར་མའི་དམར་ནག་མཁུར་འགྲམ་གྱི་སྒང་ལ། །
ཚ་བེར་ཐལ་ལྕག་གཞུ་བའི་ལང་ཚོ་ཡི་གཞོན་དུས། །
རང་གི་གྲོགས་པོ་བཟང་པོར་ནང་འཁོན་ཞིག་ཤོར་ཏེ། །
སྣ་ཁྲག་ཤར་མར་ཕྱུངས་པའི་ལང་ཚོ་ཡི་གཞོན་དུས། །
ཉམས་མྱོང་མ་བསགས་བསླབ་བྱ་ཡིད་ཁོང་ནས་བརྗེད་དེ། །
སྐད་ཅིག་སྤྲོ་དགའ་བསྐལ་བའི་ཡོ་ལང་དུ་མཐོང་སྟེ། །
གྲངས་མེད་མི་ཚོགས་ཁྲོད་ནས་སྐབས་ལེགས་དེ་ཤོར་བས། །
སྙིང་སྡུག་ཟླ་གྲོགས་འཛོལ་བའི་ལང་ཚོ་ཡི་གཞོན་དུས། །
ལང་ཚོའི་སྙན་ངག་ཕྲ་མོས་སེམས་པ་དེ་སྒུལ་ཞིང་། །
ཤུགས་དྲག་ཚོར་བ་ཚོར་འགྱུས་ལུས་སེམས་ཀུན་བརྟས་ཏེ། །
སྙན་ངག་སྒྱུ་མ་མི་ཚེའི་བདེན་པ་རུ་མཐོང་བཞིན། །
འཇིག་རྟེན་གཏིང་མཐའ་བརྟོལ་སྙམ་ལང་ཚོ་ཡི་གཞོན་དུས། །
དེ་ལས་གཙང་དུ་མེད་པའི་ལང་ཚོ་ཡི་གཞོན་དུས། །
ང་དང་བགྲང་བྱ་བཅུ་ཡི་ཁ་ཆད་ལས་མི་འདུག །
དེ་ལས་སྤྲོ་རུ་མེད་པའི་ལང་ཚོ་ཡི་གཞོན་དུས། །
དཔྱིད་ཀྱི་ཆབ་རོམ་རེད་པས་ཡུན་རིང་ཞིག་མི་སྡོད། །
ཀྱེ་མ་གང་དྲག་ང་ཡི་ལང་ཚོ་ཡི་གཞོན་དུས། །
སྦྱིན་མཁན་མི་འདུག་གཡར་དུ་རེ་བ་ཡང་མེད་དེ། །
རང་བྱུང་བྱེད་པོས་ང་ལ་གསང་སྟབས་ཀྱིས་སྤྲད་པའི། །
ཡུན་ཐུང་ཙམ་ལ་ཕན་པའི་གཟིགས་བཟོས་ཤིག་ཡིན་འདུག །
སོ་སོ་ཀུན་ལ་གཟིགས་བཟོས་འདི་འདྲ་ཞིག་ཡོད་ཀྱང་། །
སིལ་གྲོན་དངུལ་བཞིན་བག་མེད་ཆུད་གཟན་དུ་བཏང་བས། །
བརྩེ་མེད་མི་ཡུལ་འདི་ལ་ཕྱི་མིག་ཅིག་བལྟས་ཚེ། །
མཐའ་མ་སུར་ཡང་འདི་ཞེས་ཐོབ་བྱ་ཞིག་མི་འདུག །
གཞུངས་བཟང་གྲོགས་དང་བྲལ་བའི་ཉིན་མོ་དེ་སླེབས་ཚེ། །
གྱེས་བྲལ་གདུང་བའི་མྱ་ངན་རང་སྟེང་གིས་མྱོང་ཡོང་། །
ཕྱིར་ལོག་མེད་པར་ལང་ཚོ་གཞོན་དུས་ཁོ་ཕེབས་ཚེ། །
དྲན་དང་འགྱོད་གདུང་འདྲེས་མའི་ཚོར་བ་ཞིག་སྐྱེས་བྱུང་། །
ལང་ཚོ་གཞོན་དུས་ཁོ་ལ་འགྲན་ཡ་ཞིག་མི་འདུག །
འཇུ་ཤན་གྱད་མི་ཡིན་ན་ང་རང་ཚོ་བསྒྱེལ་སོང་། །
རྒྱུག་འགྲན་སྐྱ་མི་ཡིན་ན་ང་རང་ཚོ་ཕམ་སོང་། །
གྲགས་སྟོང་སྙན་ངག་ཙམ་ལ་བདེ་ཐང་དེ་བརྗེས་བཞག །
འཇིག་རྟེན་འཚོ་བར་རྡོག་འདྲེད་མགོ་བོ་རང་འཐོམ་བཞིན། །
ཆང་རག་སྙིང་ལ་བརྒྱབས་པའི་བྲང་ཁོག་གི་གཞི་རུ། །
འུར་འུར་ཆེམས་ཆེམས་འཕྱོ་བའི་ལང་ཚོ་ཡི་གཞོན་དུས། །
འདབ་ཆགས་འཕུར་བའི་རྗེས་ཤུལ་སྐད་ཅིག་གིས་ཡལ་ཐལ། །
རྩོམ་ཁུངས། «གངས་རྒྱན་མེ་ཏོག»༢༠༢༥ལོའི་དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།