དུས་ད་ལྟ་ནས་འཚོ་དགོས། ཡའོ་ཅུན་ཧྭ།
རྩོམ་པ་པོ།:འཇམ་དཔལ་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-08-04
ཀློག་གྲངས།:
དུས་ད་ལྟ་ནས་འཚོ་དགོས།
ཡའོ་ཅུན་ཧྭ་ཡིས་བརྩམས།
འཇམ་དཔལ་གྱིས་བསྒྱུར།
དུས་ད་ལྟ་ནས་འཚོ་དགོས་ཞེས་པའི་བསམ་ཚུལ་འདི་སྐྱེས་དུས། ཁྱོད་ཀྱིས་འདས་སོང་གི་ལོ་ཟླ་མང་པོ་ཞིག་སྐྱེལ་ཟིན་ལ། བྱིས་བློ་ནང་བཞིན་གྱི་ཕུགས་བསམ་དང་བསམ་ཚུལ་དག་ཀྱང་རིམ་གྱིས་དོར་ཡོད་ངེས། འཆར་ཡན་གྱི་རྦ་རླབས་འཁྲིགས་པའི་དུས་དེ་དག་ཡོལ་ཡོད་སྲིད་དེ། ཉམས་མྱོང་དང་གེགས་བར་གང་ཞིག་གིས་ཁྱོད་ལ། དུས་ད་ལྟ་ནས་འཚོ་དགོས་ཞེས་པའི་གནས་ལུགས་འདི་ངོ་སྤྲོད་པར་ངེས།འཇམ་དཔལ་གྱིས་བསྒྱུར།
དུས་ད་ལྟ་ནས་འཚོ་དགོས་ཞེས་པ་ནི་དངོས་ཡོད་དང་ལེན་བགྱི་བའམ་དངོས་ཡོད་དང་བཤོལ་ཐབས་བྱས་པ་ཞིག་ལགས། དུས་ད་ལྟ་ནས་འཚོ་དགོས་ཞེས་པ་ནི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་ངེས་འབྱུང་དང་བློ་བསྐྱེད་ཅིག་སྟེ། འདས་ཟིན་པ་ནི་སླར་ལྡོག་ཏུ་མེད་ལ། མ་འོངས་པའང་ཚོད་དཔག་བྱེད་ཐབས་བྲལ་བས། དུས་ད་ལྟ་གཙིགས་སུ་བཟུང་སྟེ། དུས་ད་ལྟའི་གནས་བབ་ལ་བསམ་གཞིགས་གཏང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མངོན།
དུས་ཀྱི་བར་སྟོང་ནི་ཕན་ཚུན་ལ་རྟེན་ཅིང་འབྲེལ་ནས་ཡོད། འདས་ཟིན་པ་མེད་ན་ད་ལྟ་བ་མེད་ལ། མ་འོངས་པའང་རེ་བཞག་ཅིག་ལས་ཅི། ཡང་གཅིག་བཤད་ན། འདས་ཟིན་པས་ད་ལྟའི་གནད་དོན་ལ་ཤུགས་རྐྱེན་ཐེབས་སྲིད་ཅིང་། མ་འོངས་པའང་སྔོན་དཔག་བྱ་ཐུབ་པས། མྱོང་བ་དང་མཐོང་རྒྱ་ནི་ཤིན་ཏུ་རྩ་ཆེ་ཞིང་། དེའང་མཐར་གཏུགས་ན་དུས་ཚོད་གསོག་ནས་གྲུབ་པ་ཞིག་ལགས།
སྤྱང་གྲུང་ལྡན་པ་དག་གིས་ང་ལ་ནམ་རྒྱུན། དུས་ད་ལྟ་ནས་འཚོ་དགོས་པས། ད་ལྟའི་དུས་ལ་གཅེས་སྤྲས་བླ་ལྷག་མཛོད་ཅིག་ཅེས་སྨྲ་བར་བྱེད།
དུས་ད་ལྟ་ནས་འཚོ་དགོས་ཞེས་པས། མི་རྣམས་ཀྱིས་འཚོ་བ་ཇི་ལྟར་སྐྱོང་ལུགས་དང་དུས་ཚོད་ཀྱི་འགྲོས་མྱུར་བར་གདོང་ཇི་ལྟར་གཏོད་ལུགས་གསལ་བཤད་བྱས་འདུག ང་ཚོས་ནམ་རྒྱུན་འདས་སོང་ལ་ཕྱིར་དྲན་བྱེད་ཅིང་། མ་འོངས་པ་ལ་འཆར་བཀོད་རབ་དང་རིམ་པ་ཞིག་འཐེན། ཡིན་ཡང་དེའི་བར་གླགས་སུ། དུས་ཚོད་ཀྱི་གཙང་བོ་ཁོ་ན་ང་ཚོའི་ཉེ་གམ་ནས་བཞུར་ཟིན་པ་སུ་དང་གང་གིས་རྟོགས་ཡོད་དམ། མི་རྣམས་ཀྱིས་གེགས་དང་བར་ཆད་བརྒྱུད་ཅིང་། ལོ་ན་ཚོད་ཀྱང་ཚད་ངེས་ཅན་ཞིག་ལ་སླེབས་ན། ད་གཟོད། དུས་ད་ལྟ་ནས་འཚོ་དགོས་ཞེས་པའི་གནས་ལུགས་ཟབ་མོ་འདི་རྟོགས་ངེས་ཤིང་། གནས་ལུགས་འདིས། ཁྱོད་ལ་བློ་གྲོས་ཀྱི་སྒོ་མོ་འབྱེད་སྲིད་ཅིང་། ཚེ་སྲོག་གི་ཡང་སྙིང་རྙེད་པར་རམ་འདེགས་བྱ་ནུས།
དུས་ད་ལྟ་ནས་འཚོ་དགོས། ཉིན་རེའི་འཚོ་བ་ལེགས་པར་བསྐྱལ། ཉིན་གཅིག་གི་དུས་ཚོད་ཀྱང་ཆུད་ཟོས་སུ་མི་གཏོང་བ་འདི། སེམས་པ་གསོ་ཐབས་ཆེས་ཡག་ཤོས་ཀྱི་གྲས་ཡིན་ཡང་སྲིད།
མི་ཞིག་གིས་དུས་ད་ལྟ་ནས་འཚོ་དགོས་པའི་གནས་ལུགས་ཉིད་རྟོགས་ཚེ། ཉིན་གཅིག་གི་རིན་ཐང་ཡང་རྟོགས་ངེས་ཏེ། བྲེལ་འཚུབ་ཇི་ལྟར་ཆེ་ཡང་། ཞོགས་པའི་ཉི་ཟེར་ལ་མྱོང་རོལ་བྱེད་པ་ནས་དབུ་བརྩམས་ཏེ། ཉིན་གཅིག་གི་ཚེ་སྲོག་གི་བདེ་སྐྱིད་མ་ལུས་ལོངས་སུ་སྤྱོད་ངེས། མི་ལ་ལས་བྲེལ་བྲེལ་གྱིས་འདུར་རྒྱུག་བྱེད་ཅིང་། ལ་ལས་ནི་དངངས་འཚབ་ཀྱིས་ལམ་ལ་ཆས། ཡང་ཁ་ཤས་ཤིག་ནི་སོས་དལ་བག་ཕེབས་ཀྱིས་འདུག་སྲིད་དེ། མི་རེ་རེའི་ཉིན་གཅིག་གི་འཚོ་བ་སྐྱེལ་སྟངས་ཁ་ཁ་ཡིན། འཚོ་བ་ནི་རོལ་ཤེས་པ་ནས་མགོ་བརྩམས་དགོས་ཏེ། ཁྱོད་རང་བརྒྱུད་པའི་འཚོ་བའི་མེ་ལོང་གི་ངོས་སུ་ཞིབ་ལྟ་ཞིག་བགྱིས་ཚེ། མ་གཞི། འཚོ་བ་ནི་གཟབ་ནན་རྐྱང་རྐྱང་དང་ཛ་དྲག་ཁོ་ནས་གྲུབ་པ་ཞིག་མ་ཡིན་ཏེ། ཁུ་སིམ་དང་བབ་ཆགས་ཀྱི་གནས་མལ་ཞིག་ནས། ཁྱོད་ཀྱིས་འཚོ་བའི་ཉིང་བཅུད་མྱོང་སྲིད་ཅིང་། གསོན་པའི་དོན་སྒོ་དང་མི་ཚེའི་ཡང་སྙིང་། ད་ལྟའི་མཛེས་པ་སོགས་ཀྱང་ཞར་གྱིས་མཐོང་འོང་།
དུས་ད་ལྟ་ནས་འཚོ་དགོས་ཞེས་པའི་གནས་ལུགས་ཀྱི་མཐིལ་རྟོགས་ན། དཀའ་སྡུག་དང་གེགས་བར་ནི་གནས་སྐབས་ཀྱི་དོན་ཞིག་ཡིན་པ་རྟོགས་ངེས་ཤིང་། ལེ་བདའ་དང་འཁང་ར། སེམས་ཁུར་ཁོ་ནས་ཅི་ཡང་འགྲུབ་མི་སྲིད་པའང་ཤེས་འོང་། དེ་བས། དུས་ད་ལྟ་ནས་འཚོ་དགོས་ཞེས་པས། གནད་དོན་ཐག་གཅོད་ཀྱི་ཐབས་ལམ་རྙེད་སྲིད་ཅིང་། འདས་སོང་གི་ཕམ་ཁ་ལ་མགོ་མི་སྒུར་བའི་སྙིང་སྟོབས་ཤིག་མཚོན་པ་མ་ཟད། མ་འོངས་པའི་ཕུགས་བསམ་ལ་རྨོངས་ཚོད་ཀྱིས་འཆར་བཀོད་འཐེན་མི་སྲིད་ཅིང་། ད་ལྟའི་དུས་ལ་གཙིགས་ཆེན་བྱས་ནས། འཚོ་བ་ངོ་མ་རོལ་བར་བྱེད་པ་ཡིན།
དུས་ད་ལྟ་ནས་འཚོ་དགོས་ཞེས་པ་ནི་མི་ཚེའི་མྱོང་རྟོགས་ཤིག་ཡིན། མི་ཚེའི་གདམ་ག་ནི་ཆིག་རྐྱང་ཅན་ཞིག་མ་ཡིན་ལ། མིའི་བསམ་བློའང་འགྱུར་བག་མེད་པ་ཞིག་མིན་པས་ན། མི་རྣམས་འགྱུར་བ་ཆོས་ཉིད་ཡིན། དུས་ད་ལྟ་ནས་འཚོ་དགོས་ཏེ། ཉིན་རེའི་འཚོ་བ་ལེགས་པར་བསྐྱལ་ན། མི་ཞིག་གིས་ད་གཟོད་འཚོ་བའི་རང་བཞིན་ནི་སྣ་མང་ཅན་ཞིག་ཡིན་པ་རྟོགས་སྲིད། དུས་ད་ལྟ་ནས་འཚོ་དགོས་ཟེར་བ་ནི་མི་ཞིག་གིས་དུས་ཚོད་ལ་འཛིན་པའི་ལྟ་སྟངས་དང་། ཡང་ན་འཚོ་བའི་རྣམ་འགྱུར་དང་གདམ་ག་ཞིག་གོ །
དུས་ཀྱི་སྐད་ཅིག་ནི་ཚོར་བ་ཞིག་ཡིན། འཚོ་བའི་སྐད་ཅིག་ནི་མྱོང་བ་ཞིག་ཡིན། མི་ཞིག་དཔེ་ཀློག་གི་ནང་དུ་ཚུད་དེ། དཔེ་དེབ་ཀྱི་ནང་དོན་གང་ཞིག་གིས་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་སྐབས། དེ་ལ་མིག་སྔའི་སྐད་ཅིག་མ་ཟེར། འཚོ་བའི་ཁྲོད་དུ་བགྲང་གིས་མི་ལང་བའི་སྐད་ཅིག་མའི་མྱོང་བ་ཡོད། དུས་ཚོད་ཀྱི་བར་སྟོང་རིང་དུ་བསྲིངས་ཏེ་བལྟས་ན། མི་རྣམས་ནི་མིག་སྔའི་གནས་སྐབས་སུ་གསོན་ཡོད་ཅིང་། དུས་ད་ལྟ་ནས་འཚོ་དགོས་ཞེས་པའང་ལོ་ཟླའི་བཤུལ་ལམ་རིང་མོའི་ཁྲོད་བསགས་པའི་མྱོང་བ་དང་བློ་བསྐྱེད་ཅིག་རེད་ལ། འདས་ཟིན་པའི་བརྒྱུད་རིམ་ཕྱོགས་སྡོམ་བགྱིས་པའི་ཉམས་མྱོང་ཞིག་གོ དུས་ད་ལྟ་ནས་འཚོ་དགོས་ཞེས་པར། གཏིང་ཟབ་པའི་གོ་བ་ལེན་དུ་ཡོད་དེ། དེ་ནི་འཚོ་བའི་ཚད་མཐོ་བའི་རྣམ་འགྱུར་ཞིག་དང་། མི་ཚེའི་བློ་གྲོས་ཀྱི་གདམ་ག་ཞིག་གོ །
འབྲེལ་ཡོད་འོས་སྦྱོར།