མི་སེམས་ཀྱི་འབག་བཙོག་དེ་འཇིགས་རུང་རེད། པད་མ་ཚེ་རིང་གིས་བསྒྱུར།
རྩོམ་པ་པོ།:པད་མ་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-08-21
ཀློག་གྲངས།:
མི་སེམས་ཀྱི་འབག་བཙོག་དེ་ཁོར་ཡུག་གི་འབག་བཙོག་ལས་ལྷག་ཏུ་འཇིགས་རུང་རེད།
པའེ་ཡན་སུང་གིས་བརྩམས།
པད་མ་ཚེ་རིང་གིས་བསྒྱུར།
པད་མ་ཚེ་རིང་གིས་བསྒྱུར།
ཀྲུང་གོ་རུ་མི་སེམས་ལ་འབག་བཙོག་བཟོ་བ་དེ་ཁོར་ཡུག་ལ་འབག་བཙོག་བཟོ་བ་ལས་དུས་སྔ་ཞིང་འཇིགས་སུ་རུང་བར་སེམས།
ང་ཚོ་ཚང་མས་བསླབ་དེབ་ལས་ཤེས་གསལ་ལྟར། ལོ་རབས་ལྔ་བཅུ་པའི་སྐབས་སུ། ཅ་ལག་བོར་རུང་འཁྱེར་ནི་མེད་ལ། ཁྱིམ་སྒོ་ཕྱེ་རུང་འཛུལ་ནི་མེད་པའི་གཏམ་རྒྱུད་དེ་དུས་ནམ་ཞིག་ནས་ངོ་བོ་འགྱུར་བ་སུ་ཞིག་གིས་ང་ལ་བཤད།
དགེ་རྒན་ལ་བསྙེན་བཀུར་བྱ་རྒྱུ་ནི་ང་ཚོའི་ཀྲུང་གོ་བས་གཞན་ལ་ངོམ་ཆོག་ཆོག་གི་གོམས་སྲོལ་བཟང་པོ་ཡིན་མོད། འོན་ཀྱང་ལོ་བཅུའི་ཆག་ཆེན་དུས་སུ་མི་གཤིས་ཀྱི་བཟང་བའི་ཆ་དེ་སྐད་ཅིག་ཉིད་དུ་ངན་ཆ་ཡིས་བཅོམས་པ་ཅིའི་ཕྱིར། སུ་ཞིག་གིས་ཀོ་ཆིངས་འཕྱར་ནས་རང་གི་དགེ་རྒན་གྱི་སྟེང་ལ་བྲབས་སོང་། སུ་ཞིག་གིས་སྔོན་གྱི་ཁྲིམས་གཅོད་དྲག་པོ་བསྐྱར་དུ་སྤྱད་ནས་རྒན་རབས་རྣམས་ཚར་བཅད།
ཆག་ཆེན་དེ་མ་བརྒྱུད་པའི་གསར་བུ་ཞིག་ལ་མཚོན་ན། སྨྱོ་འུར་གྱིས་མི་གཤིས་ཁྲོད་ཀྱི་ངན་ཆ་དེ་འདི་ལྟར་བསླང་ཐུབ་པའི་རྒྱུ་མཚན་ངས་ཡེ་ནས་ཧ་མ་གོ། གལ་ཏེ་ཁོར་ཡུག་གི་འབག་བཙོག་ནི་ཉིན་གཅིག་མཚན་གཅིག་ཁོ་ནའི་བྱས་འབྲས་མིན་ཟེར་ན། མི་སེམས་ཀྱི་འབག་བཙོག་དེ་ཉིན་གཅིག་ཏུ་གྲུབ་ཅིང་། རང་ཉིད་དང་མི་རིགས་ལ་སྐྱོ་གདུང་གི་ལོ་རྒྱུས་བྲི་ཐུབ་པ་ཅི་ཡི་ཕྱིར།
དགའ་དགོས་པ་ནི་བགྲང་བྱ་བཅུ་ཡི་དུས་སྐབས་དེ་བཞུད་སོང་། མཇུག་བསྒྲིལ་བ་ནི་ལས་འགུལ་འབའ་ཞིག་ཡིན་མོད། ལས་འགུལ་འདིས་མི་སེམས་ལ་བཞག་པའི་འབག་བཙོག་རྣམས་ནི་ལོ་བཅུ་ཕྲག་རེ་གཉིས་ཀྱི་ནང་དུ་བཅོས་ཐུབ་པ་ཞིག་མིན་ནོ། །
དེ་བས་ཀྱང་ཐགས་རྡུགས་པ་ནི་སྒོར་མོ་དང་བསླུ་བྲིད་སོགས་ཀྱང་འབག་བཙོག་གསར་བའི་ཚུལ་དུ་ཐོན།
ང་ཚོ་ལ་བག་ཆགས་ཆེས་ཟབ་པ་ནི། ལོ་བཅུའི་ཆག་ཆེན་མཇུག་གྲོལ་བ་དང་། གུས་ལྡན་རྒྱལ་ཁབ་ཀྱི་མཚན་སྙན་བཞེས་པའི་རང་རེའི་ཀྲུང་ཧྭ་མི་རིགས་ཀྱིས་ནི“ཁྱོད་བདེ་མོ”དང“དགོངས་པ་མ་ཚོམ། ” “ཐུགས་རྒྱལ་མ་བཞེངས།”“ད་བདེ་མོ་བྱོས”ཞེས་སོགས་གུས་ལྡན་གྱི་བཤད་ཚུལ་སྤྱོད་པ་ནས་མགོ་བརྩམས་ཏེ་མི་སེམས་གཙང་བཅོས་ཀྱི་ལམ་དུ་ཞུགས་པ་ཡིན།
ཐུར་དུ་བསེགས་པའི་གུས་ལུགས་ཀྱི་ཁང་ཆེན་དེ་བསྐྱར་དུ་སྐྲུན་མགོ་བརྩམས་ནའང་། འཕེལ་རིམ་ནི་ཁང་ཆེན་འདི་བཤིག་པ་དང་བསྡུར་ན་ཤིན་ཏུ་དལ། དེའི་སྟེང་ལ་ད་དུང་འབག་བཙོག་གི་ཡོང་ཁུངས་གསར་བ་བསྣན་ཡོད་པར་གཟིགས་ཤིག
སྤྱི་སྤྱོད་རླངས་འཁོར་ཞིག་ཏུ། རྐུན་མ་ཞིག་གིས་གཞན་གྱི་སྒོར་ཁུག་རྐུ་བཞིན་འདུག ལོ་དྲུག་བདུན་ཡས་མས་ཀྱི་བྱིས་པ་ཞིག་གིས་མཐོང་ནས་ཧ་ལས་པའི་ངང“འདི་ན་རྐུན་མ་ཡོད”ཅེས་འབོད་པ་ན། རྐུན་མ་སྐྲག་ནས་ལག་པ་ཕྱིར་བླངས། སྐབས་དེར་རླངས་འཁོར་དུ་བདག་བྱེད་མཁན་མ་བྱུང་བས། རླངས་འཁོར་བསྡད་པ་ན་རྐུན་མ་སར་བབས། དེ་ནས་རླངས་འཁོར་སླར་ཡང་བསྐྱོད་མགོ་བརྩམས། བྱིས་པའི་ཨ་མས་རང་གི་བུ་ལ། “ཁྱོད་སྐལ་མེད་སར་སྐེ་བསྲིངས་ནས་ཅི་བྱེད། གཞན་གྱིས་མ་རིག་ནི་ཨེ་རེད། ཕྱིན་ཆད་དོན་དག་འདི་ལྟ་བུར་ཐུག་ན་ཁ་རོག་གེར་སྡོད། གོ་སོང་ངམ”ཞེས་ལེ་བདའ་བྱས་པ་ན། བུ་དེས་ཀྱང་མགོ་འཐོམས་པའི་ཚུལ་གྱིས་ཡ་ཡ་ཟེར།
པེ་ཅིན་གྲོང་ཁྱེར་དུ་བཟའ་མི་གསུམ་ཅན་གྱི་ཁྱིམ་ཚང་ཞིག་ཡོད། ཉིན་ཞིག་ལ་ཇག་པ་གཉིས་ཁྱིམ་དུ་འཛུལ་ནས་བལྟས་བལྟས་རིག་རིག་ཏུ་འཕྲོག་བཅོམ་བྱས། ཁྱིམ་ཚང་འདིའི་མི་རྣམས་ལག་བཅིངས་འཆི་སྒུག་མ་བྱས་པར་ཇག་པ་དང་འཛིང་རེས་བྱེད་པ་དང་། གཅར་རྡུང་གི་སྒྲས་ནི་རྣ་བ་འགེངས། ཁྱིམ་བདག་ཕོ་དེས་སྐད་གདངས་མཐོན་པོས་ཁྱིམ་མཚེས་ལ་རོགས་ཞུས་ཀྱང་། ཁྱིམ་མཚེས་ཀྱིས་ནི་ལྟད་མོ་བའི་བརྟུལ་ཞུགས་བཟུང་ནས་བསྡད། ནམ་ཞིག་ནང་ལ་རྒྱུག་ཡོང་བའི་གྲོགས་པོ་ཞིག་གི་རོགས་ལ་བརྟེན་ནས་ད་གཟོད་ཇག་པ་ཕམ་པར་བྱས།
ང་ཚོའི་ལེ་ཚན་གྱིས་དོན་དག་འདི་ཕྱི་ལ་བསྒྲགས་དུས། ངའི་སེམས་ལ། ཀྲུང་གོ་བས་ནམ་རྒྱུན“རྒྱང་གི་གཉེན་ཉེ་ནི་གམ་གྱི་ཁྱིམ་མཚེས་ལ་མི་དོ”ཞེས་པའི་སྐད་ཆ་འདིར་ཡིད་ཆེས་བྱེད་ཀྱིན་ཡོད་མོད། ད་ནས་བཟུང་ཁྱིམ་ཚང་འདི་རང་གི་ཁྱིམ་མཚེས་ལ་ཡིད་ཆེས་ཡོད་དམ་བསམས་བྱུང་།
པེ་ཅིན་གྱི་སྲང་ལམ་དུ་ལམ་ཐག་རེའི་མཚམས་ན་ས་འོག་གི་སྤྱི་བའི་སྒྲིག་བཀོད་འགེབས་པའི་ཁྲོན་པའི་ཁ་གཅོད་རེ་ཡོད། འོན་ཀྱང་དུས་སྐབས་ཤིག་ལ་ཁ་གཅོད་ཡོད་ས་དེ་དག་མི་ལྷུང་སའི་དོང་དུ་གྱུར། རྒྱུ་མཚན་ནི་འཇམ་ཐིང་ཐིང་གི་མཚན་གུང་ལ་མི་ཁ་ཤས་ཀྱིས་ཁ་གཅོད་བརྐུས་ནས་གཞན་ལ་བཙོང་སྟེ་རྒྱུ་འབྲས་སྣོག་པའི་སྒོར་མོ་ཆ་རེ་བླངས་པ་དང་། གནོད་འཚེ་དང་རྐྱེན་ངན་ཐམས་ཅད་གཞན་ལ་བཞག
ཁྲོན་པའི་ཁ་གཅོད་བཙོངས་པ་ཙམ་གྱིས་སྒོར་མོ་མང་པོ་མི་ལོན་པ་སུས་ཀྱང་ཤེས། ཡིན་ཡང་སྒོར་མོ་ཉུང་ངུའི་དོན་དུ་གཞན་གྱི་བདེ་ཐང་དང་ཚེ་སྲོག་ལ་གནོད་པ་བཟོ་རྒྱུར་ཇི་མི་སྙམ་པ་འདི་བསམ་གྱིན་བསམ་གྱིན་བློའི་ཡུལ་ལ་མི་ཤོང་བ་ཞིག་རེད།
ད་དུང་མི་མང་པོ་ཞིག་གིས“མི་དམངས་ལ་ཞབས་འདེགས་ཞུ”ཞེས་པའི་དམ་ཚིག་སྙིང་ལ་བཅངས་ནས་དཔོན་པོའི་གོ་སར་སྙེག་པའི་ལམ་དུ་བསྐྱོད། འོན་ཀྱང“སྤྱི་ཞབས་པ”འདི་དག་དངོས་སུ་ལམ་ལ་ཆས་པའི་ཚེ། མི་དམངས་ཀྱིས་ཁོ་ཚོར་ལམ་གཟུར་དགོས་ཏེ། རུལ་སངས་ཀྱིས་གོས་ཤིང་དམངས་ཚོགས་ཀྱི་རྒྱུ་ནོར་རང་གི་ཁ་ཟས་སུ་བསྒྱུར་བའི་དཔོན་ངན་དེ་དག་གི་སེམས་སུ་རང་ཉིད་གཅིག་པུ་ལས་འབངས་མི་སེར་ཟེར་བ་ཞིག་ག་ལ་ཡོད། སྤྱོད་ངན་འདིས་བརྫད་པ་ནི་མི་རེ་གཉིས་ཀྱི་སེམས་པ་མིན་པར། སྣང་བརྙན་ཞིག་དང་དམངས་ཚོགས་ཀྱིས་འབྱུང་འགྱུར་ལ་འཆང་བའི་ཡིད་ཆེས་ཡིན་ནོ། །
ད་དུང་བླ་སྒུལ་ཕྱི་རྒྱལ་ལ་བཞག་པའི་དཔེ་སྐོར་ཞིག་ཀྱང་དགོད་རྒྱུ་ཡོད་དེ། དཔེར་ན་མགོ་ཁྲིད་ཁ་ཤས་ཕྱི་རྒྱལ་དུ་སོང་ནས་ནང་འདྲེན་གྱི་ལས་གཞི་ཞིག་ལ་རྟོག་ཞིབ་བྱེད་སྐབས། མ་གཞིར་འདྲ་མཉམ་དང་དྲང་བདེན་གྱི་སྒོ་ནས་འགྲན་རྩོད་བྱ་དགོས་པ་ཡིན་མོད། འོན་ཀྱང་དེའི་ཁྲོད་ཀྱི་ཁེ་ལས་ཤིག་གིས་མིག་མཐོང་ལག་ཟིན་གྱི་ཁེ་ཕན་བསྟན་ཙ་ན། མགོ་ཁྲིད་ཀྱིས་དེ་མ་ཐག་ཏུ་ལས་གཞི་སུ་ལ་དབང་བ་ཐག་བཅད། ཨ་སྒོར་ཉུང་ཉུང་ཙམ་གྱིས་མཇུག་མཐར་རྒྱལ་ཁབ་ལ་གྱོང་གུན་ཚབས་ཆེན་ཐེབས་སུ་བཅུག ངས་བལྟས་ན་གསུག་བརྫངས་པའི་ཕྱི་གླིང་བ་དེ་དག་གིས་ཤུལ་དུ་མགོ་ཁྲིད་དེ་ཚོར“ཇི་འདྲའི་ཀྲུང་གོ་བ་གླེན་གོག་ཁ་ཅིག”ཅེས་འཕྱ་བའི་གད་མོ་འཆོར་བ་ཁོ་ཐག་ཡིན་སྙམ་བྱུང་།
སྤྱི་འགྲུལ(公交)དང་འབྲེལ་བའི་ལེ་ཚན་ཞིག་སྒྲུབ་སྐབས། སྤྱི་འགྲུལ་ཀུང་སིའི་ལས་མི་ཞིག་གིས་བཤད་པ་ལྟར་ན། རྒྱལ་ནང་གི་སྤ་སེ་འཚོང་མི་མེད་པའི་རླངས་འཁོར(无人售票车)གྱི་ཡོང་སྒོ་མི་སྲལ་བའི་རྒྱུ་མཚན་ནི། རླངས་འཁོར་ལ་འདུག་མཁན་ཚོས་རྒྱུན་དུ་དེའི་ནང་ལ་ཤོག་སྒོར་ཚལ་བའམ་རྩེད་འཕྲུལ་དུ་བཀོལ་བའི་ལྕགས་སྒོར་གཡུག་གིན་ཡོད་པས། ཆེད་དུ་དེ་ལ་བདག་དམ་བྱེད་མཁན་བཀོད་སྒྲིག་བྱ་དགོས་པ་དང་། སྤ་སེ་འཚོང་མི་མེད་པའི་རླངས་འཁོར་ནི་མིང་ཡོད་དོན་སྟོངས་སུ་གྱུར་ཡོད།
མ་བསམས་ས་ནས། ང་རང་ཨ་རིར་ཡོད་པའི་སྐབས་སུ་ཡང་འདི་ལྟ་བུའི་ཀྲུང་གོ་བའི་གཏམ་རྒྱུད་ཐོས་ཡོད། ཨ་རིའི་རླངས་འཁོར་འཇོག་ས་ཁ་ཤས་སུ་འཁོར་བཞག་དུས་ཚོད་རྩི་སྤྱད(停车计时仪器)བཞག་ཡོད་ལ། དེའི་ནང་དུ་ལྕགས་སྒོར་རེ་འཕངས་ཚེ་རླངས་འཁོར་འཇོག་ཐུབ། མ་གཞིར་ཡོད་ཚད་རྒྱུན་ལྡན་དུ་གནས་ནའང་། ཉིན་ཞིག་ལ་ཨ་རི་བ་ཚོར་ཡ་མཚན་དུ་བཅུག་པའི་དོན་དག་ཅིག་བྱུང་བ་ནི། དུས་ཚོད་རྩི་སྤྱད་མང་པོའི་ནང་དུ་ཁོ་ཚོས་ངོ་མི་ཟིན་པའི་ལྕགས་སྒོར་ཐོན་པ་དང་། ཕྱིས་སུ་རྩད་བཅད་པའི་ཚེ་ད་གཟོད་དེ་ནི་ཀྲུང་གོའི་སྐར་ལྔའི་ལྕགས་སྒོར་ཡིན་པ་ཤེས་སོང་། བློ་རིག་བཀྲ་བའི་ཀྲུང་གོ་བ་སྐོར་ཞིག་གིས། རང་ཅག་གི་སྐར་ལྔའི་ལྕགས་སྒོར་དང་ཨ་རིའི་ལྕགས་སྒོར་གཉིས་ཁྱབ་མཉམ་དུ་སྤྱད་ཐུབ་ལ། དུས་ཚོད་རྩི་བྱེད་ཀྱིས་ནི་དེ་གཉིས་ཀྱི་ཁྱད་པར་ཡེ་ནས་འབྱེད་མི་ཐུབ་པ་རྟོགས་ཡོད། རང་རེའི་སྐར་ལྔའི་ལྕགས་སྒོར་འདི་སྤྱད་ན་ཁེ་བཟང་མང་པོར་རེག་ཐུབ་པས་རིམ་གྱིས་མི་མང་པོས་ཤེས་པ་དང་། ཐ་ན་ལ་ལ་རྒྱལ་ནང་དུ་ལོག་སྐབས་སྐར་ལྔའི་ལྕགས་སྒོར་སྒྲོམ་ཆུང་ཁ་ཤས་གྲ་སྒྲིག་བྱས་ཏེ་ཕྱིར་ཨ་རིར་འགྲོ་ཡི་ཡོད། སེམས་སུ་ད་དུང་ཀྲུང་གོའི་མི་ལ་སྤྱང་གྲུང་འཛོམས་པར་འདོད་ཀྱི་ཡོད།
ཨ་རིའི་ས་རུ་གཞན་གྱིས་འདི་ལྟ་བུའི་གནས་ཚུལ་བརྗོད་པ་གོ་བའི་ཚེ། སེམས་ཁམས་ཅི་འདྲ་ཡིན་པ་མ་བཤད་ཀྱང་ལོས་ཤེས་ཏེ། གོང་གི་ཡི་གེ་འདི་དག་འབྲི་བའི་སྐབས་སུའང་བདག་གི་སེམས་པ་ལྗིད་ཏིག་ཏིག་ཏུ་གྱུར་ཡོད། གཞན་གྱི་བརྩི་བཀུར་ཐོབ་འདོད་ན། ཐོག་མར་རང་གིས་རང་ལ་བརྩི་བཀུར་བྱ་དགོས། གཞན་གྱིས་ང་ཚོར་ལྟ་སྟངས་ག་འདྲ་འཛིན་པར་དོ་འཁུར་བྱེད་པའི་སྔ་རོལ་ཏུ་རང་གི་ནང་སེམས་ལ་བརྟག་རྒྱུ་ཤིན་ཏུ་གལ་ཆེ། གོང་དུ་ངས་བྲིས་པ་འདི་དག་ལས་མི་ཚད། ང་ཚོའི་མི་རེ་རེའི་འཚོ་བའི་ཁྲོད་དུ་སེམས་ལ་འབག་བཙོག་བཟོས་པའི་དོན་དག་ནི་བརྗོད་ཀྱིས་མི་ལང་ངོ་། །ལོ་ངོ་སུམ་ཅུ་བཞི་བཅུ་བོ་འདིའི་རིང་ལ་སྒོར་མོའི་ཐེ་གཏོགས་སམ། ཡང་ན་ཁྲིམས་ལུགས་ད་དུང་འཐུས་ཚང་མིན་པའི་དབང་གིས། བཀག་སྡོམ་ཐམས་ཅད་གཞན་ལ་བྱིན་ཅིང་རང་ཉིད་ནི་རྒྱ་ཡན་དུ་བཏང་། ཕལ་ཆེར་ཚང་མ་དབུལ་ཞིང་ཕོངས་དྲག་པས་ལན་པའང་སྲིད་དེ། དེའི་སྟེང་ལ་སྔོན་གྱི་དུས་སྐབས་རིང་བོ་ཞིག་ལ་ཚང་མས་གཞན་མི་བསམ་པར་རང་གཅིག་པུ་སེམས་ལ་བཟུང་བས། གཞན་དང་སྤྱི་ཚོགས་ལ་གནོད་པ་བཟོ་བར་སྐྲག་རྒྱུ་འཇིགས་རྒྱུ་ཅི་ཞིག་ཡོད། དེའི་དབང་གིས་ཀྲུང་གོ་བའི་སེམས་ཀྱི་ཆུ་ཆེན་དེ་ཉིན་རེ་བཞིན་ཇེ་ཉོག་ཏུ་སོང་ཞིང་། མཐོང་བ་ཙམ་གྱིས་སེམས་ལ་སྐྱོ་སྣང་བཟོད་གླགས་མེད་པ་སྐྱེས་སོ། །
དུས་ད་ལྟ་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ཤེས་ཡོད་པ་ནང་བཞིན། ནང་སེམས་ཀྱི་གཙང་སྦྲར་ཡང་དོ་སྣང་ཆེན་པོ་བྱ་འོས་སོ། གལ་ཏེ་ཁོར་ཡུག་འབག་བཙོག་གིས་བརླགས་པ་ནི་ང་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ཡིན་ཟེར་ན། ནང་སེམས་ཀྱི་འབག་བཙོག་གིས་བརླགས་པ་ནི་ང་ཚོའི་འཚོ་གནས་ཀྱི་རྒྱུ་མཚན་ཡིན་ལ། ཕྱི་མའི་གནོད་པ་དེ་སྔ་མ་ལས་ཆེས་ཤིན་ཏུ་ཚབས་ཆེ། དེའི་རྐྱེན་གྱིས་མ་འོངས་པར་ང་ཚོས་རི་སྔོ་ཞིང་ཆུ་དྭངས་པའི་སྨོན་ལམ་བརྒྱག་དགོས་པ་མ་ཟད། མི་སེམས་དྭངས་གཙང་ལྷད་མེད་དུ་འགྱུར་བར་ཡང་གསོལ་བ་གདབ་དགོས་ཏེ། དེ་ལྟར་ན་ད་གཟོད་ང་ཚོར་སྤྲོ་དགའ་དང་བདེ་སྐྱིད་ངོ་མ་འཐོབ་བོ། །
འབྲེལ་ཡོད་འོས་སྦྱོར།