logo

ཡན་ཧུང་པིན་གྱི་སྒྲུང་ཐུང«བྲོ་རྫས»ཀུན་བཟང་རྣམ་རྒྱལ་གྱིས་བསྒྱུར།

རྩོམ་པ་པོ།:ཀུན་བཟང་རྣམ་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-13 ཀློག་གྲངས།:
བྲོ་རྫས།
ཡན་ཧུང་པིན་གྱིས་བརྩམས།
ཀུན་བཟང་རྣམ་རྒྱལ་གྱིས་བསྒྱུར།

 
       པའོ་ཧྥུང་ནི་ལོ་བཅུའི་སྔོན་དུ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་འདིར་ཞོར་ལས་ལ་ཡོང་བ་རེད།
       ལོ་ངོ་འདི་དག་གི་རིང་ལ། ཟ་མཁས་འཐུང་མཁས་བྱས་ནས་ཁྱིམ་ལ་ནོམ་པ་ཅུང་ཙམ་བསོགས་པར་མ་ཟད། ཁོ་དང་འདྲ་བར་ཕྱི་ན་ལས་གླ་རྒྱུགས་བཞིན་པའི་ཅོན་ཙི་དང་ཆང་ས་བརྒྱབ་སྟེ། ཁྱོ་ཤུག་གཉིས་ཀའི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་ན་ནིང་གི་ལོར་དངོས་སུ་དངུལ་བུན་བླངས་ཏེ་ཁང་པ་ཉོ་ཐུབ་པ་བྱུང་།
       ཁང་པ་ཉོས་པ་ནས་བཟུང་པའོ་ཧྥུང་གི་སེམས་པ་བདེ་ལ་འབབ་ཐུབ་ཙམ་བྱུང་མོད། ཁོས་རང་ཉིད་ཕྱིར་ཡུལ་ལ་ལོག་མ་ཐུབ་པར་ཕལ་ཆེར་ལོ་ངོ་གསུམ་ཙམ་འགོར་འདུག་པ་ཡིད་ལ་དྲན་པས། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དང་བསྟུན་ནས་རླངས་འཁོར་བཏང་སྟེ་ཕྱིར་ཐེངས་གཅིག་ལོག་ཐུབ་ན། ལམ་རིན་མི་དགོས་པ་ཙམ་གྱིས་ཀྱང་དངུལ་ལོར་མང་ཙམ་གྲོན་ཆུང་བྱེད་ཐུབ་སྙམ།
       ཁོས་བསམ་ཚུལ་དེ་ཅོན་ཙི་ལ་བཤད་པ་ན། ཅོན་ཙིས་ཡུད་ཙམ་ལ་བསམ་བློ་བཏང་རྗེས། ཡང་མིན་ན་ཁྱོད་རང་གིས་རླངས་འཁོར་བསྐོར་ནས་ཕྱིར་ཡུལ་ལ་འགྲོ་རྒྱུ་བྱོས། ང་ཁྱིམ་དུ་བསྡད་ན་གུང་གསེང་གི་དུས་ཚོད་དང་བསྟུན་ནས་སྒོར་མོ་མང་ཙམ་འཚོལ་ཐུབ་རྒྱུ་རེད་ཅེས་བཤད། པའོ་ཧྥུང་གིས་ཅོན་ཙིའི་འདོད་ཚུལ་ལ་བསམ་ཤེས་བྱས་ཏེ་མོས་མཐུན་བགྱིས།
       འགྲོ་ཁར། ཅོན་ཙིས་པའོ་ཧྥུང་ལ་འབོད་བཞིན་སྒམ་ནང་ནས་འགྱིག་གི་ཁུག་མ་ནག་པོ་ཞིག་བཏོན་ཡོང་། ཁུག་མ་དེའི་ཁ་ཕྱེས་པ་ན་ནང་དུ་ཡིག་ཤུབས་ཆེན་པོ་ཞིག་ཡོད་པ་དང་། ཡིག་ཤུབས་དེའི་ནང་དུ་མི་དམངས་ཤོག་སྒོར་གསར་པ་ཆག་པ་གཉིས་བླུགས་འདུག མོས་སྒོར་མོ་དེ་དག་པའོ་ཧྥུང་གི་ལག་ལ་སྤྲད་ཞོར་ཐེངས་སྔོན་མར་ཡུལ་ལ་ལོག་སྐབས་ནས་ཕ་ཡུལ་གྱི་ཁང་པ་རླུང་དང་ཆར་ཆུ་མི་ཚོགས་པ་ཞིག་ལ་གྱུར་འདུག་པས། ཁྱོད་ཀྱིས་དངུལ་སྒོར་འདི་དག་ཨ་མར་སྤྲད་ནས་ཁང་རྙིང་དེ་ཞིག་གསོ་ཐེངས་གཅིག་རྒྱག་ཏུ་ཆུགས་ཞེས་བསྐུལ།
       པའོ་ཧྥུང་གིས་དེ་ནི་ཁྱིམ་ཚང་འདིའི་བསགས་དངུལ་གཅིག་པུ་ཡིན་པས། ཐ་ན་ཁང་པ་ཉོ་དུས་ཀྱང་སྤྱོད་མ་ཕོད་པར་བཞག་པ་རེད། འོན་ཀྱང་། ད་ཐེངས་ཅོན་ཙིས་རང་མོས་སྒོས་སྒོར་འདི་ང་ལ་འཁྱེར་དུ་བཅུག་པ་རེད་ཨང་སྙམ།
       ཕྱིར་ལོག་པའི་ལམ་ཧྲིལ་པོར་ལས་ལམ་དྲང་ཞིང་རླུང་རྟ་དར་བས། ཉིན་གཉིས་ཀྱི་ལམ་ཐག་བརྒྱུད་རྗེས་པའོ་ཧྥུང་བདེ་བླག་ངང་ཕ་ཡུལ་དུ་འབྱོར།ཁོ་ཚང་གི་སྒོ་ཁྱིམ་ཕྱི་ནང་ནི་སྔོན་ཆད་ལྟར་འགྱུར་བ་གང་ཡང་བྱུང་མེད་མོད། ཨ་མའི་གདོང་གི་གཉེར་མ་ནི་སྔར་ལས་མང་དུ་ཕྱིན་འདུག
       པའོ་ཧྥུང་གིས་རླངས་འཁོར་ནང་གི་ཨ་མ་ལ་ཁྱེར་ཡོང་བའི་དངོས་པོ་དག་ཁྱིམ་དུ་སྤོས་རྗེས། ཅོན་ཙིས་སྤྲད་པའི་སྒོར་མོ་ཁྲི་གཉིས་དེ་ཁུག་མ་ལས་བཏོན་ནས་སྒོར་མོ་འདི་ནི་ཅོན་ཙིས་ངེད་ཚང་གི་ཁང་རྙིང་ཞིག་གསོ་བྱེད་སྤྱད་ལ་བསྐུར་ཡོང་བ་རེད་ཅེས་ཤོད་བཞིན་མ་རྒན་གྱི་ལག་ཏུ་སྤྲད།
       འོན་ཀྱང་། ཨ་མས་སྒོར་མོ་དེ་དག་ཕྱིར་སྤྲོད་བཞིན་སྒོར་མོ་ཕྱིར་ཁྱེར་སོང་། ངེད་ཚང་གི་ཁང་པར་ད་རུང་མི་སྡོད་ཆོག་ཆོག་རེད། གལ་སྲིད་ཤར་གྱི་ཁང་པ་ནས་ཐིགས་ཆུ་འཛགས་ན་ང་རང་ནུབ་ཀྱི་ཁང་མིག་ཏུ་བསྡད་ཆོག མེ་ཐབ་ཏུ་མེ་སྒོང་བརྒྱབ་ན་འཁྱག་དགོས་མི་འདུག་ཅེས་བཤད་པ་ན། པའོ་ཧྥུང་གིས་ཨ་མ་ལ་འདི་ནི་འཁྱག་མི་འཁྱག་གི་གནད་དོན་མ་རེད། ཁང་པ་ཞིག་གསོ་མ་བྱས་ནས་ཡུན་རིང་འགོར་ཟིན་པས། ད་ཞིག་གསོ་མ་བྱས་ན་ཁང་པ་བརྡིབ་སྲིད་པ་རེད་ཅེས་ཤོད་བཞིན་ཨུ་ཚུགས་མཐར་སྐྱེལ་བྱས།
       མ་རྒན་གྱིས་ཨུ་ཚུགས་ཅན་འདིས་རང་ཉིད་ཀྱི་དངུལ་བུན་ཡང་དུ་དུང་འཇལ་ཚར་མེད་པས། ང་ལ་སྒོར་མོ་སྤྲད་ནས་ཅི་བྱེད་ཅེས་བཤད།
       པའོ་ཧྥུང་དགོད་བཞིན་དུ། ང་རང་ཨུ་ཚུགས་ཆེ་བ་དེ་ཨ་མ་ཁྱེད་ལས་སྦྱངས་པ་མི་ཡིན་ནམ་ཞེས་བཤད།
       པའོ་ཧྥུང་གི་ཨ་མས་རང་ཉིད་བུའི་ཨུ་ཚུགས་ཀྱི་དོ་ཟླ་མིན་པ་ཤེས་པས། དབུགས་རིང་ཞིག་འཐེན་ཞོར་གོས་སྒམ་གྱི་ཁ་ཕྱེས་ཏེ་སྒོར་མོ་དེ་དག་སྒམ་ནང་གི་དཔེ་ཁུག་ལྗང་མདོག་ཅིག་ཡོད་པ་དེའི་ནང་དུ་བཅུག་སོང་། དཔེ་ཁུག་དེ་ནི་པའོ་ཧྥུང་སློབ་ཆུང་འགྲིམ་སྐབས་ཁུར་མྱོང་བ་དེ་ཡིན་ཞིང་། དེ་ཉིད་རྒྱུ་སྤུས་བཟང་པོ་ཞིག་ཡིན་པས་པའོ་ཧྥུང་གི་ཨ་མས་ད་ལ་ཐུག་གི་བར་དུ་གཡུགས་མ་ཕོད་པར་ཉར་ཡོད་པ་རེད།
       པའོ་ཧྥུང་གིས་ཨ་མ་ལགས། སྒོར་མོ་དེ་དག་སང་ཉིན་དངུལ་ཁང་དུ་བཅོལ་ན་ཡག་རྒྱུ་རེད། ཁྱིམ་དུ་བཞག་ན་བོར་བརླག་ཐེབས་པའི་ཉེན་ཁ་ཆེ་ཞེས་བཤད།
       ཨ་མས་ཡ་ཡ་གོ་སོང་། སང་ཞོགས་ཉི་ཤར་ནས་ཁྲོམ་རར་ཕྱིན་ཏེ་དངུལ་ཁང་དུ་བཅོལ་འཇོག་ཅེས་བཤད།
       ཕྱིར་ཉིན་སྐྱ་རེངས་བཀྱགས་མ་ཐག མ་རྒན་གྱིས་ཁྱིམ་ལས་ཙག་ཙིག་དེ་ཚར་རྗེས་དཔེ་ཁུག་དེ་ཁུར་ནས་ཁྲོམ་རར་ཕྱིན། མོ་རང་འགྲོ་ཁར་པའོ་ཧྥུང་གིས་ཨ་མ། ངས་རླངས་འཁོར་བསྐོར་ནས་ཁྱེད་རང་སྐྱེལ་དགོས་སམ་ཞེས་བཤད་མོད། པའོ་ཧྥུང་གི་ཨ་མས་མི་དགོས་མི་དགོས། གོམ་པ་འགའི་ལམ་ཐག་ལས་མེད་པས། རླངས་འཁོར་གྱི་སྣུམ་འཕྲོ་བརླག་བཏང་ནས་ཅི་བྱ། ང་རང་ཅུང་ཙམ་ནས་ཕྱིར་ལོག་ཡོང་ཞེས་བཤད་རྗེས་ཁྲོམ་རའི་ཕྱོགས་སུ་བསྐྱོད། སྐབས་དེར་པའོ་ཧྥུང་གིས་ཀྱང་ཁང་པ་ཞིག་གསོའི་ཐད་ལ་འཆར་གཞི་འཐེན་འགོ་བརྩམས།
       ཆུ་ཚོད་གཅིག་ཙམ་ཡང་མ་འགོར་བར་པའོ་ཧྥུང་གི་མ་རྒན་ཕྱིར་ལོག་བྱུང་ལ། ལག་པ་ཡ་གཅིག་གིས་རྩྭ་ཐག་གིས་སྦྲེལ་བའི་རྩྭ་ཉ་གཉིས་ཁྱེར་ཡོད་པ་དང་། ལག་པ་ཡ་གཅིག་གིས་དཔེ་ཁུག་དེ་བཟུང་འདུག
       པའོ་ཧྥུང་གིས་སེམས་ཁུར་དང་བཅས་ཏེ་སྒོར་མོ་བཅོལ་ཐུབ་སོང་ངམ་ཞེས་དྲིས་པ་ན། མ་རྒན་གྱིས་བཅོལ་ཟིན་ཞེས་བཤད་ཞོར་ཁང་པའི་ནང་དུ་འཛུལ། པའོ་ཧྥུང་གིས་སླར་ཡང་འོ་ན་དངུལ་འཛིན་གང་ན་ཡོད་ཅེས་རྗེས་འདེད་ཀྱི་ཚུལ་གྱིས་དྲིས་པ་ན། མ་རྒན་གྱིས་ཁུག་མའི་ནང་དུ་ཡོད་ཅེས་བཤད་ནས་དཔེ་ཁུག་དེ་ཡང་གོས་སྒམ་ནང་དུ་བསྡུས་སོང་།
       པའོ་ཧྥུང་གཞི་ནས་སེམས་བདེ་ཙམ་བྱུང་།
       ཉིན་གཉིས་པར། པའོ་ཧྥུང་གིས་སློབ་གྲོགས་འདུ་འཛོམས་ལ་ཞུགས་དགོས་ཟེར་ནས་བྲེལ་འཚུབ་ངང་གྲོང་རྡལ་དུ་ཕྱིན་སོང་། པའོ་ཧྥུང་གི་ཨ་མས་སྐད་ཆ་ཅི་ཡང་དྲིས་མེད། མོས་དྲིས་ཀྱང་མ་དྲིས་པ་དང་འདྲ་བ་གསལ་པོར་རྟོགས་ཡོད། འོན་ཀྱང་། མོ་གོས་སྒམ་གྱི་མདུན་དུ་ཕྱིན་ནས་དཔེ་ཁུག་དེའི་ཁ་ཕྱེས་པ་དང་། དཔེ་ཁུག་ལ་ཅེར་ནས་དུས་ཡུན་རིང་པོ་ཞིག་འགོར་སོང་། པའོ་ཧྥུང་གྲོང་རྡལ་ནས་ཕྱིར་ལོག་ཀྱང་མོས་སྔར་བཞིན་སྐད་ཆ་ཚིག་གཅིག་ཀྱང་མ་དྲིས།
       ཡུལ་ནས་ཉིན་གསུམ་ལ་བསྡད་རྗེས། པའོ་ཧྥུང་གིས་ཁྱིམ་གྱི་ལས་ཀ་ཡིད་ལ་དྲན་ཏེ་སྔ་ཙམ་ནས་ཕྱིར་སོང་ན་ལས་ཀ་མང་ཙམ་སྒྲུབ་ཐུབ་པ་དང་སྒོར་མོ་ཡང་མང་ཙམ་གསོག་ཐུབ་པ་རེད་སྙམ།
       ཁོས་དེ་ལྟར་དྲན་པར་མ་ཟད་མ་རྒན་གྱིས་ཀྱང་དེ་ལྟར་བསམས།
       འགྲོ་རན་པའི་སྔ་ཉིན་ལ། མ་རྒན་གྱིས་པའོ་ཧྥུང་དང་མནའ་མ་ལ་བྱ་ཕོ་ཆེན་པོ་ཞིག་དང་། ངང་པ་ཆེན་པོ་ཞིག དེ་མིན་རང་ཁྱིམ་གྱི་ཞིང་ནང་གི་བ་དམ་དང་རྡོ་ལུ་མ། སྲན་རིང་། ཞོག་ཁོག་སོགས་གྲ་སྒྲིག་བྱས་ཏེ་རླངས་འཁོར་གྱི་གཞུག་སྒམ་ཁ་གང་བར་བྱས། དེ་དག་ཚང་མ་ནི་པའོ་ཧྥུང་ཆེས་ཟ་དགའ་བ་ཤ་སྟག་ཡིན་ལ། ལྷག་པར་དུ་བྱ་ཕོ་ཆེན་པོ་དང་ངང་ཆེན་ནི་པའོ་ཧྥུང་གི་ཨ་མས་གཡོས་སྦྱོར་བྱས་པ་ཤིན་ཏུ་ལེགས་ཏེ། སྲོག་བཅད་ཚར་རྗེས་གཙང་མར་བཀྲུས་པ་དང་། དེ་ནས་དུམ་བུ་ཆུང་ངུ་ཆུང་ངུ་བྱས་ནས་གཏུབས་པ། དེ་ནས་ཆུ་གྲང་མོའི་ནང་དུ་སྦངས་ནས་ནང་ཁྲག་གི་ལྦུ་བ་བླངས། དེ་ནས་གཡེར་མ་དང་ཙོང་དང་སྒོག་པ་སོགས་འོས་འཚམ་བསྲེས་རྗེས། དེའི་ཐོག་ཏུ་མ་རྒན་རང་གིས་གདུས་པའི་སྲན་སུར་འདག་བླུགས་ཡོད་པ་རེད། ནམ་རྒྱུན་པའོ་ཧྥུང་གི་མ་རྒན་གྱིས་ཞོག་ཁོག་དང་ངང་ཤ་མཉམ་དུ་གདུས་པ་ན། གྲོང་པ་ཧྲིལ་པོར་དེའི་དྲི་ཞིམ་ཡོངས་སུ་ཐུལ་ཡོང་། པའོ་ཧྥུང་གིས་ཇི་ཙམ་ཟོས་ཀྱང་ཡིད་མི་ཚིམ་པ་ལྟ་བུ་རེད།
       པའོ་ཧྥུང་འགྲོ་ཁར། མ་རྒན་གྱིས་རླངས་འཁོར་ནང་གི་དངོས་པོ་ཚང་མར་བདག་ཡག་པོ་བྱོས། གཞན་གྱིས་བརྐུ་འགྲོ་བར་དོགས་ཟོན་གྱིས་ཞེས་གདམས།
       པའོ་ཧྥུང་དགོད་ཞོར་དུ་ཨ་མ་ཡ། ད་ལྟའི་དུས་ཚོད་འདིར་སུ་ཞིག་གིས་ཁྱོད་ཀྱི་བ་དམ་དང་སྲན་མ། ཞོག་ཁོག་སོགས་རྐུ་འགྲོ་བ་རེད་ཅེས་བཤད།
       དེ་ལ་པའོ་ཧྥུང་གི་ཨ་མས་བཤད་རྒྱར། ངེད་ཚང་གི་བྱ་ཕོ་དང་ངང་པ་ནི་ཞིང་པ་ངོ་མས་གསོས་པ་ཡིན་པས། སྤྱིར་བཏང་གི་མི་ཞིག་ལ་ཟ་སྐལ་མེད།
       དེ་ལྟ་ནའང་བྱ་ཕོ་དང་ངང་ཆེན་ནི་སུས་ཀྱང་རྐུ་མི་སྲིད། ཡང་གཅིག་བཤད་ན་ཁྱེད་ཀྱིས་དངོས་སུ་རླངས་འཁོར་གྱི་གཞུག་སྒམ་དུ་བཅུག་པས་རྐུན་མས་མཐོང་མི་སྲིད།    པའོ་ཧྥུང་གི་མ་རྒན་གྱིས་སྔར་བཞིན་ཡིད་མི་ཆེས་པའི་རྣམ་འགྱུར་གྱིས་འགའ་ཞིག་གིས་དྲི་མར་སྣོམ་བཞིན་རྐུ་འགྲོ་ཉེན་ཆེ་ཞེས་བཤད།
       ཁྱིམ་དུ་ལོག་རྗེས། པའོ་ཧྥུང་གིས་རླངས་འཁོར་ལས་དངོས་པོ་དེ་དག་བླངས་ནས་ཅོན་ཙེའི་ལག་ལ་སྤྲད། ཅོན་ཙིས་དངོས་པོ་དེ་དག་བསྡུ་གསོག་རྒྱག་སྐབས། བྱ་ཕོ་བཅུག་ཡོད་པའི་ཁུག་མ་དེ་ཅུང་ཙམ་འབུར་འདུག་པ་ཉམས་སུ་ཆུད། མོས་ཞིབ་ཏུ་བལྟས་པ་ན། དེའི་ནང་དུ་འགྱིག་ཁུག་ཆུང་ཆུང་ཞིག་བཏུམས་ཡོད་པ་ནི་བྲོ་རྫས་སྣ་ཚོགས་ཡིན་པ་དང་། དེའི་འོག་ཏུ་ད་དུང་འགྱིག་ཁུག་གིས་དམ་པོར་བསྡམས་པའི་སྒོར་མོ་ཆག་པ་ཞིག་ཡོད་པ་མཐོང་བས། པའོ་ཧྥུང་གིས་ཡ་མཚན་དང་བཅས་ཏེ་བརྩིས་པ་ན་ཏག་ཏག་སྒོར་མོ་ཁྲི་གཅིག་འདུག
       དེ་ནི་ཨ་མས་བཅུག་པ་ཡིན་ཐག་ཆོད་རེད། མོས་ང་ལ་དངོས་པོར་ལྟ་རྟོག་ཡག་པོ་བྱོས་ཞེས་གདམས་དོན་ཡང་འདི་ཡིན་འདུག ད་བལྟས་ཡོང་ན་སྒོར་མོ་ཁྲི་གཅིག་ཕྱིར་བསྐུར་བ་དང་ཁྲི་གཅིག་ཨ་མ་རང་གིས་ཉར་བ་ཡིན་འདུག དེས་པའོ་ཧྥུང་གི་སེམས་པ་ཅུང་ཙམ་བདེ་ལ་བབས་མོད། འོན་ཀྱང་སྒོར་མོ་ཁྲི་གཅིག་གིས་ཁང་རྙིང་ཞིག་གསོའི་འགྲོ་སོང་འདང་མི་སྲིད་སྙམ་བཞིན་ཡོད་པ་ན། ཅོན་ཙིས་གློ་བུར་དུ་ངང་ཆེན་བསྡུ་སའི་ཁུག་མའི་ནང་དུ་ཡང་འདུག་ཅེས་སྐད་བཏང་བྱུང་།
       པའོ་ཧྥུང་གིས་ཁུག་པ་ཚུར་བླངས་ནས་བལྟས་པ་ན། ངང་ཆེན་གྱི་ཕོ་བའི་ནང་དུ་བྲོ་རྫས་སྣ་ཚོགས་བླུགས་པའི་ཁུག་མ་ཞིག་ཡོད་པར་མ་ཟད། འགྲམ་གྱི་འགྱིག་ཁུག་ཅིག་ཏུའང་སྒོར་མོ་ཆག་པ་ཞིག་བཅུག་འདུག ཁོས་ཡང་བསྐྱར་དེ་ཉིད་ཐེངས་གཅིག་བརྩིས་པ་ན་སྒོར་མོ་ཁྲི་གཅིག་སྟོང་ལྔ་བཅུག་འདུག
       མ་གཞི་ཉིན་དེར་པའོ་ཧྥུང་གི་མ་རྒན་གྲོང་རྡལ་ནས་ཕྱིར་ལོག་རྗེས། པའོ་ཧྥུང་གིས་ཨ་མ་ཕྱི་ནས་ལས་ཀར་བྲེལ་བ་དང་བསྟུན་ནས་ལྐོག་ཏུ་དཔེ་ཁུག་དེའི་ཁ་ཕྱེས་པ་ན། སྒོར་མོ་ཁྲི་གཉིས་དེ་རྩ་བ་ནས་དངུལ་ཁང་དུ་བཅོལ་མེད་པ་ཤེས་པས། དེའི་ཕྱིར་ཉིན་ཁོས་གྲོང་རྡལ་དུ་སློབ་གྲོགས་ལ་བལྟ་རྒྱུར་ཁ་གཡར་ནས་དངུལ་ཁང་ལ་བཅོལ་དུ་སོང་བ་ཡིན། འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་པའོ་ཧྥུང་གི་ཨ་མས་སྒོར་མོ་མེད་པར་གྱུར་པ་དང་། དཔེ་ཁུག་ནང་དུ་དངུལ་འཛིན་ཞིག་མང་དུ་ཕྱིན་འདུག་པ་མཐོང་བས། སླར་ཡང་ལྐོག་ལྐོག་སུད་སུད་ཀྱིས་གྲོང་རྡལ་ལ་ཕྱིན་ནས་སྒོར་མོ་དེ་དག་མར་བླངས་པའི་ཁར་ད་དུང་ལྔ་སྟོང་ལྷག་མ་བླངས་ནས་བུ་ལ་བྱིན་པ་ཡིན་འདུག་ཨང་། ཨ་མའི་རྔུལ་ཆུའི་ཐིགས་པ་ག་ཙམ་བཞུར་ནས་སྒོར་ལྔ་སྟོང་འདི་བསགས་པ་ཡིན་ནམ།
       པའོ་ཧྥུང་གློ་བུར་དུ་སེམས་འགུལ་ཐེབས་ཏེ་མིག་ཟུང་ལས་མཆི་མ་ཁྲོམ་ཁྲོམ་བཞུར།

«ཡ་ལུའུ་གཙང་པོ»༢༠༢༤ལོའི་དེབ་གསུམ་པ་ལས་བསྒྱུར།
༢༠༢༥ལོའི«མི་རིགས་ཀྱི་རྩོམ་རིག»དེབ་ལྔ་པར་བཀོད།

སྒྱུར་མཁན་ངོ་སྤྲོད།
       ཀུན་བཟང་རྣམ་རྒྱལ། ༡༩༨༨ལོར་སྡེ་དགེ་རྫོགས་ཆེན་དུ་སྐྱེས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དུས་དེབ«གངས་དཀར་རི་བོ»ཡི་རྩོམ་སྒྲིག་པ་བཅས་ཀྱི་འགན་འཁུར་བཞིན་ཡོད། བརྩམས་ཆོས་འགའ་རེ«མི་རིགས་ཀྱི་རྩོམ་རིག»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར» «གངས་ལྗོངས་ཉི་གཞོན» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «ཤྭ་སྐྱ» «གངས་དཀར་རི་བོ»རྒྱ་ཡིག་པར་མ་སོགས་སུ་བཀོད་མྱོང་།
འབྲེལ་ཡོད་འོས་སྦྱོར།