logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སོ་བརྒྱད་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-09 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

དོན་ལྔ་པ།
       ཀྲུའུ་ཕིན་དང་འབྲེལ་བ་མ་བྱས་པར་ཡུན་རིང་ཞིག་འགོར་སོང་། ངས་འཕྲིན་ཐུང་གི་ལམ་ནས་མོའི་མིག་སྔར་གྱི་འཚོ་བ་ག་འདྲ་ཡིན་མིན་དྲིས་པ་ན། མོས་སྔར་བཞིན་རྒྱུན་ལྡན་ཡིན་ཟེར། ངས་ཡང་། བཟའ་ཚང་སྒྲིག་པའི་ཕྱོགས་ནས་ཇི་འདྲ་ཡིན་ནམ། འོས་ཤིང་རན་པ་ཞིག་ཡོད་དམ་ཞེས་དྲིས་པར། མོས། ངས་སྤྱིར་བཟའ་ཚང་སྒྲིག་འདང་མེད་མོད། ཡང་སྐབས་ལ་ལར་ཁ་བརྡ་བྱེད་ས་མེད་པར་ཁེར་རྐྱང་གི་སྣང་བ་སྟེར་ཟེར། ངས། ཁྱོད་ཀྱིས་བཟའ་ཟླ་འཚོལ་འདོད་ཀྱི་ཆ་རྐྱེན་གང་འདྲ་ཡིན་ནམ་ཞེས་པར། མོས། གཙོ་བོ་ང་ལ་སེམས་ཁུར་གྱིས་ལུས་མི་འབྲལ་ཞིང་། རིག་གནས་སྤུས་ཚད་ལེགས་པ། ང་དང་གཅིག་མཚུངས་ཀྱི་ཁ་བརྡ་ཡོད་པས་ཆོག་སྟེ། དེ་ལས་གཞན་པའི་རེ་བ་མཐོན་པོ་ཅང་མེད་ཅེས་ཟེར།
       ངས་གནས་ཚུལ་དེ་ཡོས་ལན་ལ་བཤད་པ་ན། ཡོས་ལན་གྱིས། ངའི་ཕུ་བོ་ཟླ་བ་མོར་ངོ་སྤྲོད་བྱས་ན་གམ་འདྲ་རེད་དམ་ཟེར། ངས། ས་ཕྱོགས་གཉིས་སུ་གཞིས་སྡོད་བྱས་པ་ཡིན་ན་ཨེ་ཆོག་གམ་ཞེས་པར། ཡོས་ལན་གྱིས། ཁོ་ཉེ་ཆར་གྲོང་ཁྱེར་དུ་ལས་གནས་སྤོ་འཆར་འདུག་ཟེར། ངས། མ་གཞིར་དེ་ལྟར་ཡིན་ན་ང་ཚོས་ཚོད་ལྟ་བྱས་ཆོག་ཅེས་སྨྲས།
       ཀྲུའུ་ཕིན་གྱི་གནས་ཚུལ་ཕལ་ཆེར་ངས་ཤེས་ཏེ། མོས་ད་དུང་ཟླ་བས་བྲིས་པའི་རྩོམ་ཡིག་ལ་བལྟས་མྱོང་ལ། ལྟ་འདུན་ཆེ་ཡི་འདུག གཙོ་བོ་ནི་ཕྱོགས་གཞན་པ་ནས་གནད་དོན་མ་བྱུང་ཚེ་དོན་དག་ཅུང་སྒྲུབ་སླ་བ་རེད། ཟླ་བའི་ཕྱོགས་ཀྱི་རྒྱུ་མཚན་ཡོས་ལན་ལ་ཤིན་ཏུ་གསལ་ཏེ། ཁོས་ལོ་དེར་རང་གི་སྲིང་མོ་ངོ་མར་ངོས་བཟུང་རྗེས་རྒྱའི་འདུ་ཤེས་ཆགས་ཏེ་སློབ་གྲྭར་ཡང་རྒྱའི་བུ་མོ་ཞིག་ལ་དགའ་རོགས་སྒྲིག་མགོ་བརྩམས། ཕྱིས་སུ་སློབ་མཐར་ཕྱིན་རྗེས་ས་ཕྱོགས་གཉིས་ལ་ལས་བགོས་བྱས་པའི་དབང་གིས་བཟའ་ཟླར་མ་ཉན། དེའི་རྗེས་སུ་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་དེ་བོད་རིགས་བུ་མོ་ཞིག་ཆུང་མར་བླངས་ཀྱང་བརྩེ་བ་མི་མཐུན་པས་སོ་སོར་གྱེས་སོང་། ད་ལྟ་ནི་ཕོ་ལོ་བཞི་ཅུར་བརྒལ་བའི་མི་ཞིག་ཏུ་གྱུར་ཡོད་པས། རེ་བ་ཆེར་མེད་སྙམ། ཡང་ཅིག་བཤད་ན། ཀྲུའུ་ཕིན་ལ་བྱིས་པ་ཞིག་ཡོད་མོད་ཀྱང་། འོན་ཀྱང་མོ་ནི་ཕུལ་དུ་བྱུང་བའི་ཡོན་ཏན་པ་ཞིག་རེད།
       ང་ཚོས་ཏག་ཏག་ཀྲུའུ་ཕིན་དང་ཟླ་བ་གཉིས་བཟའ་ཟླར་ངོ་སྤྲོད་བྱེད་བསམ་དུས། ཡོས་ལན་གྱི་ཕ་ཡེར་གྱིས་ཁ་པར་ཡོང་སྟེ་རང་གི་ལུས་པོ་མི་བདེ་བས་ཡོས་ལན་ལ་ཐུག་འཕྲད་བྱེད་འདོད་པ་དང་། ད་དུང་དོན་དག་གལ་ཆེན་ཞིག་མོ་ལ་བཤད་རྒྱུ་ཡོད་ཅེས་སྨྲས་བྱུང་།
       ངས་འཇེམ་འཁོར་བསྐོར་ནས་ཡོས་ལན་དང་མཉམ་དུ་ནད་ཁྲིར་ལྷུང་བའི་མོའི་ཕ་ཡེར་ལ་ལྟ་རུ་སོང་། ཕ་ཡེར་དགུང་ལོ་བརྒྱད་ཅུར་སོན་ཡོད་ཅིང་། ཡོས་ལན་སླེབས་པ་དང་གདོང་ལ་མཆི་མས་ཁེངས་ཏེ། བུ་ཕྲུག་ལགས། ཨ་ཕས་མི་ཚེ་འདིར་ཁྱོད་ལ་མི་འོས་པའི་བྱ་བ་བྱས་སོང་ཞེས་ཟེར། 
       ཡོས་ལན་གྱིས། ཨ་ཕ་ལགས། ཁྱེད་ཀྱིས་ཅིའི་ཕྱིར་སྐད་ཆ་འདི་འདྲ་ཞིག་གླེང་བ་ཡིན་ནམ། ཁྱེད་གཉིས་ཀྱིས་ང་བསྐྱངས་ནས་མི་རུ་བཏང་ཞིང་། སློབ་མཐར་ཕྱིན་དུ་བཅུག་ནས་བྱ་བ་ལས་སུ་བཅུག་པས། དེས་མི་ཆོག་པ་ཅི་ཞིག་ཡོད་དམ་ཞེས་བཤད།
       ཕ་ཡེར་གྱིས། དེ་དག་བཤད་ཅི་དགོས་ཏེ། ཁྱོད་ཀྱིས་ཀྱང་ང་ཚོར་བཀུར་བསྟི་བྱེད་པ་མ་ཡིན་ནམ་ཟེར།
       ཡོས་ལན་གྱིས། དེས་ན་ཁྱེད་ཀྱིས་ཅི་ཞིག་སྨྲ་འདོད་པ་ཡིན་ནམ་ཞེས་པར།
       ཕ་ཡེར་གྱིས། ངས་སྔོན་ཆད་ཁྱོད་ལ་རྫུན་བཤད་པ་སྟེ། དེ་ད་དུང་གནམ་གྱིས་མི་ཁེབས་པའི་རྫུན་ཆེན་པོ་ཞིག་ཡིན། དོན་དངོས་སུ་ཁྱོད་ནི་ང་ཚོས་སྨན་ཁང་ནས་པང་དུ་བཟུང་ཡོང་བ་ཡིན་ཟེར།
       དེར་མཐུད་ནས་ཕ་ཡེར་གྱིས་དེའི་བརྒྱུད་རིམ་མ་ལུས་གསལ་བཤད་བྱས་སོང་།
       ལོ་དེའི་དཔྱིད་ཀར། ཕ་ཡེར་ནད་ཀྱིས་མནར་ཏེ་ཞིང་ཆེན་སྨན་ཁང་དུ་བསྡད་ཡོད་པའི་ཉིན་ཞིག་ལ། སྨན་གཡོག་མ་ཞིག་གིས་བྱིས་པ་ཞིག་པང་དུ་བཟུང་སྟེ་བཤད་རྒྱུར། སྨན་ཁང་དུ་བུ་མོ་ལོ་བཅོ་བརྒྱད་ཅན་ཞིག་གིས་བྱིས་པ་འདི་བཙས་རྗེས་ལྐོག་ཏུ་བྲོས་སོང་ཟེར། ཕ་ཡེར་དང་མ་ཡེར་གཉིས་ལ་ཏག་ཏག་བུ་མོ་ཞིག་དགོས་འདོད་པ་དང་། བྱིས་པ་དེའི་སྣའི་གཟེངས་མཐོ་ཞིང་མིག་གཉིས་ཆེ་ལ། བཟོ་ལྟ་སྙིང་རྗེ་པོ་ཞིག་ཡིན་པ་མཐོང་བས་གཉོར་སྐྱོང་བྱས་པ་ཡིན། བྱིས་པ་ལག་ཆགས་ནས་བསམ་ཤེས་པར་གྱུར་དུས། ངེད་རྒན་རྒོན་གཉིས་ཀྱིས་གྲོང་ཚོ་གཞན་ཞིག་གི་སློབ་གྲྭར་སྐྱེལ་བ་ཡིན། སེམས་སུ་བྱིས་པར་དུས་གཏན་དུ་གནས་ཚུལ་འདི་གསང་ན་བསམ། རེད་མོད་ཀྱང་རྗེས་སུ་བུ་མོ་དང་བོད་རིགས་གཞོན་ནུ་གཉིས་ཀྱིས་དགའ་རོགས་སྒྲིག་བཞིན་པའི་གནས་ཚུལ་བྱུང་བས་ཡང་སྡུག་ལ་གཏད་བྱུང་། ཁོང་ཚོས་བྱིས་པ་རྒྱང་རིང་གི་ཡུལ་ཤུལ་ཁུལ་དང་ལྷག་པར་དུ་བོད་རིགས་གཞོན་ནུ་ཞིག་དང་མཉམ་དུ་འཚོ་བ་རོལ་བར་མི་འཐད་མོད་ཀྱང་། ཡང་འུ་ཐུག་ཐབས་ཟད་དུ་གྱུར། སེམས་སུ། བྱིས་པ་དང་རང་ཁྱིམ་གྱི་ཁྲག་རིགས་མི་མཐུན་པས། གཉོར་སྐྱོང་བྱས་པའི་དོན་དེ་ལྷང་ལ་འབུད་རྒྱུ་ནི་སྔ་ཕྱིའི་དོན་དག་ཅིག་རེད། དེ་བས་ནོར་ན་ནོར་ཤ་སྟག་བྱེད་ཅེས་སྙམ་ཞིང་། བུ་མོ་བོད་རིགས་གཞོན་ནུ་དེས་བོར་བའི་སྲིང་མོ་ཡིན་པར་ངོས་བཟུང་བ་ཡིན། དེ་ལྟར་བྱས་ན་ཁོ་ཚོ་གཉེན་སྒྲིག་བྱེད་མི་ཐུབ་ཅིང་། ཕ་ཡུལ་དང་ཐག་ཅུང་ཉེ་བའི་ས་ཆ་ཞིག་ཏུ་བསྡད་ཆོག་ལ་རྒྱ་རིགས་ཀྱི་གཞོན་ནུ་ཞིག་དང་ཡང་གཉེན་སྒྲིག་བྱས་ཆོག་ཟེར།
       ཡོས་ལན་གྱིས་ཉན་རྗེས་ཧ་དེ་འདྲ་མི་གོ་བའི་ངང་། དེས་ན་དུས་ད་ལྟ་ད་གཟོད་ང་ལ་རྒྱུ་མཚན་དེ་བཤད་དོན་ཅི་ཡིན་ནམ་ཞེས་དྲིས།
       ཕ་ཡེར་གྱིས་མིག་ཆུ་སྤར་མོ་གང་ཕྱིས་རྗེས་ཡང་། སྐབས་དེར་ཁྱོད་དང་སློབ་གྲོགས་དེ་གཉིས་ཀྱིས་དགའ་རོགས་སྒྲིག་དུས། དོན་གྱིས་ཁྱོད་ཀྱི་ཨ་མས་ངོ་རྒོལ་དེ་འདྲ་མི་བྱེད། ཚང་མ་ངས་བཏོན་པའི་ཐབས་རྡུགས་ཡིན། མོ་ཚེ་ལས་འདས་རྗེས། ཁྱོད་ཀྱི་གཉེན་སྒྲིག་རེ་རེ་བཞིན་ཕམ་པ་མཐོང་བས། ངའི་སེམས་ལ་གྲིས་གཙགས་པ་ལྟ་བུའི་ན་ཟུག་གིས་གཟིར་ཡོང་ལ། རང་ཉིད་ནོར་སོང་བའང་རྟོགས་བྱུང་། ཡང་ཅིག་བཤད་ན། ད་ལྟ་ངའང་དུས་ཚོད་མང་པོ་ལ་འཚོ་ཐབས་བྲལ་བས། ཁྱོད་ཀྱིས་ཀྱང་དོན་དག་འདིའི་ངོ་གདོང་ངོ་མ་ཤེས་རན་ལ་ཐོན་བྱུང་ཞེས་ཟེར།
       ཡོས་ལན་གྱིས་ཕ་ཡེར་གནས་འདིར་ལྷུང་ཡོད་པ་མཐོང་བས། སེམས་ཁམས་སྙོམས་སྒྲིག་ཅི་ནུས་ཀྱིས་སེམས་གསོའི་ཚུལ་དུ། དོན་དག་དེ་ལྟར་ཕར་ལ་འདས་སོང་བས། ཁྱོད་ཀྱིས་དེ་ལྟར་སེམས་འཁུར་དང་རང་ལ་ལེ་བདའ་ཁོ་ན་མ་བྱེད་རོགས། ངས་ཁྱོད་ལ་ལེ་བདའ་བྱེད་མི་སྲིད་ཅེས་སྨྲས།
       ཕ་ཡེར་གྱིས་མིག་ཆུ་ཡང་ཡང་བྱི་བཞིན། ད་ལྟ་ངས་འདང་དཔོག་སོང་། གལ་ཏེ་བརྩེ་སེམས་གཅིག་ཏུ་མཐུན་ན་མི་རིགས་གང་ལ་གཉེན་སྒྲིག་བྱས་ཀྱང་གཅིག་མཚུངས་རེད། གཞུག་ཕྱོགས་ཁྱོད་རང་ཉིད་ཀྱིས་བལྟས་ནས་སྒྲུབ་ཅིག་ཟེར།
       ཡོས་ལན་གྱིས་སེམས་ལྷོད་ལ་བབས་ནས། ཆོག་གི། ཕ་ལགས། ཁྱེད་ནས་རང་གི་ལུས་ཕུང་ཡག་པོ་གསོ་རོགས། དོན་དག་འདི་དག་ལ་ད་ཡང་ཁྱེད་ནས་སེམས་འཁུར་བྱེད་མི་དགོས་ཞེས་བཤད།
       དོན་དག་འདི་དག་ཤེས་རྗེས། ཡོས་ལན་གྱིས་མིག་མདའ་ངའི་སྟེང་དུ་གཏད་དེ་ཡུན་རིང་ཙམ་བལྟས་རྗེས་བཤད་རྒྱུར། མཐོང་སོང་ངམ། ང་ནི་གང་ནས་ཡོང་བ་མི་ཤེས་པའི་མི་ཞིག་རེད། ད་ལྟ་ཁྱོད་ཀྱིས་རྒྱུ་མཚན་ཅི་བཞིན་ཤེས་སོང་བས། བསམ་ཚུལ་ག་འདྲ་འདུག་གམ་ཟེར། ངས་བློ་གཅིག་སེམས་གཅིག་གིས། ཅི་སྐྱོན། གཙོ་བོ་ཁྱོད་སེམས་ལ་འགྱུར་བ་མེད་ན་ང་སྔར་བཞིན་ཁྱོད་ལ་དུང་ངེས་ཡིན་ཞེས་བཤད། ཡོས་ལན་གྱིས། ངའི་སེམས་འགྱུར་སྲིད་དམ། ང་ཚོར་ད་དུང་མཉམ་དབང་གི་བུ་མོ་ཞིག་ཡོད་པ་མ་ཡིན་ནམ་ཟེར།
       སླར་ཞིང་ཆེན་དུ་སླེབས་རྗེས། ཡོས་ལན་གྱིས་ཟླ་བར་འཕྲིན་ཡིག་རིང་པོ་ཞིག་བྲིས་ཏེ། ང་ཚོས་ཁོ་དང་ཀྲུའུ་ཕིན་གཉིས་ཀྱིས་མཐུན་སྡེབ་བྱེད་པའི་བསམ་ཚུལ་བརྗོད་ལ། ད་དུང་རང་ཉིད་གར་ཡོང་མི་ཤེས་པའི་གནས་ཚུལ་ཡང་བཤད་པ་རེད། ངས་ཀྲུའུ་ཕིན་ལའང་འཕྲིན་ཐུང་བསྐུར་བ་སྟེ། སྙན་ངག་པ་ཟླ་བ་ད་ལྟ་མི་ཧྲེང་ཁེར་རྐྱང་དུ་བསྡད་ཡོད། གོ་སྐབས་འོས་འཚམ་ཞིག་ཏུ་ཁྱོད་ཚོ་ངོ་སྤྲོད་བྱས་ཏེ་ཕན་ཚུན་ངོ་ཤེས་ཤིག་བྱས་ཆོག་ཅེས་པར། ཀྲུའུ་ཕིན་གྱིས་དེ་མ་ཐག་ཐད་པའི་རྣམ་འགྱུར་བསྟན་བྱུང་།
༧༥
       མེ་མདའ་རྫས་མདེལ་དང་དྲག་ཆས་སྣ་ཚོགས་བསྡུ་རུབ་བྱས་ཟིན་མོད། རེད་མོད་ཀྱང་མཐའ་དམར་གྲོང་ཚོའི་འབངས་མི་ཚོའི་མཉམ་སྤྱོད་རྩྭ་སར་ཕྱུགས་ཟོག་འཚོ་རུ་འགྲོ་འདོད་ཀྱི་འདུན་པ་ཉིན་གཅིག་ལའང་ལྷོད་མ་མྱོང་། ཚེ་ལོས་ཡང་དང་བསྐྱར་དུ་མཐའ་དམར་གྲོང་ཚོའི་ལས་བྱེད་མི་སྣ་དང་དམངས་ཚོགས་ཡོངས་ཀྱི་བསམ་བློའི་བྱ་བ་སྒྲུབ། ཁོས་བཤད་རྒྱུར། རྫོང་དང་ཡུལ་ཚོའི་ལས་བྱེད་པས་ཏག་ཏག་རྩོད་གཞི་འབྱུང་སའི་ས་མཚམས་ལ་ཞིབ་དཔྱད་བྱེད་བཞིན་ཡོད། རྫོང་དཔོན་གྱིས་གསུང་རྒྱུར། རྩྭ་སའི་ས་མཚམས་ཐག་གཅོད་གཏན་འབེབ་མ་བྱས་སྔོན་ལ་གལ་ཏེ་སུ་ཚང་རྩོད་གཞི་ཡོད་པའི་རྩྭ་སར་སོང་བ་ཡིན་ན་གྲོང་ཚོ་དེའི་ལས་བྱེད་དམངས་ཚོགས་ཀྱིས་འགན་འཁུར་ཡོད་ཚད་འཁུར་དགོས་ཏེ། རྩྭ་ས་མུའུ་སྐར་གང་ལའང་འདང་བརྒྱག་དབང་མི་སྟེར་ཞེས་བསྒྲགས།
       ཉིན་འགའ་མ་འགོར་བར། རྫོང་ནས་བརྡ་སྦྱོར་ཐོན་ཏེ། གྲོང་ཚོ་ཕྱོགས་གཉི་གའི་ལས་བྱེད་པ་དང་མང་ཚོགས་གཟའ་རྗེས་མའི་གཟའ་ཟླ་བའི་ཉིན་གུང་སྔོན་དུ་སྤྱོད་པ་རི་བོར་རྩྭ་སའི་ས་མཚམས་གཅོད་པར་སླེབས་དགོས་ཚུལ་དང་། ད་དུང་དགོན་པའི་སྤྲུལ་སྐུས་དབང་གསུང་རྒྱུ་ཡིན་ཚུལ་བྲིས་འདུག
       ཚེ་ལོ་དང་མཐའ་དམར་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་རྣམས་སྤྱོད་པ་རི་བོར་ཐོན་དུས། རྫོང་དང་ཡུལ་ཚོའི་ལས་བྱེད་པ། ད་དུང་སྤྲུལ་སྐུ་བཅས་མཉམ་དུ་གཞུང་ལམ་དཀྱོགས་ནས་རླངས་འཁོར་བསྡད་དེ་སྤང་ཐང་དུ་ཕེབས་ནས་སྒུག་འདུག་ཅིང་། རིའི་དཀྱིལ་དུ་སྣེ་མི་མཐོང་བའི་ལྕགས་དྲྭ་རིང་བོ་ཞིག་འཐེན་འདུག་ལ། ལྕགས་དྲྭའི་ཕ་རོལ་ནི་བསྟན་མ་གྲོང་ཚོའི་ལས་བྱེད་དམངས་ཚོགས་རེད། ཕྱོགས་གཉིས་སུ་དུས་ངེས་མེད་ནང་འཁོར་བསྐྱོད་བྱེད་བཞིན་པའི་སྟབས་བདེ་ལྭ་བ་གྱོན་པའི་ཉེན་རྟོག་པ་རེ་འགའ་ཡང་ཡང་འགྲོ་བཞིན་འདུག
       སྒུག་ནས་མི་མང་མ་ལུས་འདུས་རྗེས། རྫོང་དཔོན་གྱིས་གཏམ་བཤད་གནང་བྱུང་། ཁོས་ལོ་འདི་འགར་བྱུང་བའི་རྩྭ་ས་རྩོད་གླེང་གཞིར་བཟུང་སྟེ། མཐུན་སྒྲིལ་མཉམ་གནས་ཀྱི་དོན་སྙིང་གལ་ཆེན་དང་། རྩོད་གླེང་འགལ་ཟླ་ཡི་གནོད་འཚེའམ་ཐེངས་འདིའི་རྩྭ་ས་བགོས་པའི་གཞི་རྩའི་ཐབས་ལམ་གསལ་བཤད་བྱས་བྱུང་། རྒྱུ་མཚན་ནི་གནས་འདི་ནི་ལོ་རྒྱུས་རང་བཞིན་གྱི་མཉམ་སྤྱོད་རྩྭ་ས་ཡིན་པའི་སྟེང་གྲོང་ཚོའི་གཉིས་ཀྱི་མི་གྲངས་དང་ཕྱུགས་ལས་བར་ཁྱད་པར་ཆེན་པོ་མི་འདུག་པས། ཉིས་ཆའི་གཅིག་བྱས་ནས་བགོས་ལ། དེའང་རྩྭ་ས་བཟང་ངན་གྱི་གནས་བབ་ལ་གཞིགས་ཏེ་རྩྭ་མི་བཟང་སར་རྩྭ་ས་མུའུ་བཅུ་ཙམ་མང་དུ་བགོས་འདུག ཚང་མར་བསམ་གཞིགས་ཀྱི་དྲི་བ་ཞིག་འཕངས་ཡོད་པ་ནི། རྒྱན་ལེན་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་ནམ་ཡང་ན་རང་རང་ལ་སྟབས་བདེ་ཡོང་ཆེད་རང་ཕྱོགས་ཀྱི་རྩྭ་ས་འཛིན་འདོད་པ་དེ་རེད།
       ཕྱོགས་གཉིས་ནས་གྲོས་མོལ་གྱི་མགོ་བརྩམས་བྱུང་། ཚང་མས་རང་ཕྱོགས་ཀྱི་ཁེ་ཕན་ལ་དམིགས་ཏེ་མཇུག་མཐར་ཐབས་ལམ་གཉིས་པ་བདམས་པ་རེད།
       སྒུག་ནས་ཕྱོགས་གཉིས་ཀྱི་ལས་བྱེད་མི་སྣས་ས་མཚམས་ཆིངས་ཡིག་སྟེང་དུ་ཡི་གེ་བྲིས་རྗེས། སྤྲུལ་སྐུས་དབང་གསུང་བྱུང་། ཁོང་གིས་ཚང་མས་དེ་རིང་ནས་བཟུང་རྐྱེན་ངན་ལམ་དུ་འཁྱེར། དགྲ་ངན་གྲོགས་སུ་ཤེས་ཏེ་ནམ་ཡང་བདེ་འཇགས་དང་བདེ་སྐྱིད་ཡོང་བའི་སྨོན་ལམ་བརྒྱབ་བྱུང་།
དོན་དྲུག་པ།
       ཡོས་ལན་གྱི་ལུས་ཕུང་སྔོན་ཆད་བཞིན་བདེ་ཐང་དུ་གྱུར་ཞིང་ལས་ཚོགས་སུ་ཞུགས་ཆོག་པར་གྱུར། ང་ལ་ཡང་གྲོང་ཁྱེར་དུ་དོན་དག་ཆེན་པོ་མེད་པས། གཟའ་མཇུག་ལ་མ་གཏོགས་ཡོས་ལན་དང་ཕྲད་ཀྱིན་མེད། ཉིན་དེའི་ནུབ་མོར། ང་གཉིད་ནས་སྐྱིད་པོར་གྱུར་ཡོད། གློ་བུར་དུ་སྒོ་རྡུང་པའི་སྒྲ་ཞིག་གིས་ང་གཉིད་ལས་བསླངས་བྱུང་། སྒོ་ཕྱེ་ནས་ལྟ་དུས་མཚོ་མོ་རེད་འདུག མོའི་གདོང་མདོག་སེར་པོར་གྱུར་ཞིང་དབུགས་ཧལ་ཧལ་གྱིས་བཤད་རྒྱུར། ཁོག་པ་ན་ནས་བསྲན་དཀའ་བས་མོ་སྨན་ཁང་དུ་སྐྱེལ་རོགས་ཟེར། ངས་ཕྱིར་འདྲི་ཅི་ཡང་མ་བྱས་པར་དེ་མུར་ལྭ་བ་གྱོན་ཞིང་འཇེམ་འཁོར་བསྐོར་ནས་སྨན་ཁང་དུ་སོང་། བརྟག་དཔྱད་མཇུག་འབྲས་ལྟར་ན། རྒྱུ་ལྷག་ཁུང་ཕིགས་སུ་གྱུར་འདུག་སྐད།
       མཚོ་མོ་སྨན་ཁང་དུ་ཞག་སྡོད་བྱས་བྱུང་། མོས་ཁ་པར་གྱིས་སྒྲོལ་མར་འབྲེལ་གཏུགས་བྱས་ཏེ་སྒྲོལ་མས་མོར་འདུག་རོགས་བྱས་ནས་ནད་གསོ་བྱེད་རྒྱུ་བྱས། གཟའ་འཁོར་གཅིག་ཕར་ལ་འདས་རྗེས། མཚོ་མོའི་ནད་སངས་དྲག་ཏུ་སོང་ནས་སྨན་ཁང་ལས་སྒོར་བུད།
       ཉིན་དེའི་ཉིན་གུང་དུ། ཤའོ་ཡུན་ལས་ཚོགས་གྲོལ་བ་ཅུང་འཕྱིས་སོང་། མཚོ་མོས་རྫབ་སུལ་དཀར་ཡོལ་གང་སྐྱེལ་ཡོང་སྟེ་བཤད་རྒྱུར། དེ་རིང་ད་དུང་དྲོས་ཇ་མ་བསྐོལ་དམ། ངས་བསྐོལ་བ་མང་པས། ཁྱོད་ཀྱིས་ཀྱང་དཀར་ཡོལ་གང་འཐུང་ཞིག་ཟེར། ངས་ཐུགས་རྗེ་ཆེ་ཞུས་རྗེས་དཀར་ཡོལ་ཚུར་བླངས་ཏེ་འཐུང་བ་ཡིན། སྐབས་དེར་ཤའོ་ཡུན་ཐོན་བྱུང་། མོས་ངས་མཚོ་མོས་བསྐོལ་བའི་རྫབ་སུལ་འཐུང་བཞིན་པ་རིག་རྗེས། གང་འདོད་དུ་བརྡ་ཞིག་བརྒྱབ་རྗེས་རང་ཉིད་ཕྱི་རུ་ཟ་མ་ཟ་རུ་བུད་སོང་།
       ཤའོ་ཡུན་སོང་རྗེས། ངས་བྱིས་པའི་རྒྱབ་གཟུགས་ལ་བལྟས་ཤིང་འགྲིག་མེད་པའི་ཚོར་སྣང་ཞིག་བྱིན། ངས་དེ་མུར་དཀར་ཡོལ་མར་བཞག་སྟེ་མཚོ་མོར། ཁྱོད་ཀྱིས་ལྟ་ཨེ་ཤེས་ཐལ། བྱིས་པ་ཁོང་ཁྲོ་ལངས་བྱུང་། རྗེས་སུ་ཁྱོད་ཀྱིས་ད་ཡང་ཟ་མ་འཁྱེར་ནས་ང་ལ་སྐྱེལ་ཡོང་ཕོད་དམ་ཞེས་བཤད། མཚོ་མོས། ང་ནི་བསམ་པ་རྣམ་དག་ཡིན། མི་འོས་པའི་དྲན་ཚུལ་གཞན་གང་ཡང་ཡོད་པ་མིན་ཟེར། ངས། དེ་ངའི་རྣར་འགྲོ་མོད། འོན་ཀྱང་བྱིས་པས་དེའི་ཧ་གོ་བའི་ངེས་པ་མེད་ཅེས་པར། མཚོ་མོས། དེ་ཡང་རེད། ཕོ་རྐྱང་མོ་ཧྲེང་གཉིས་མཉམ་དུ་བསྡད་ན། བྱིས་པའི་སེམས་སུ་དྲན་ཚུལ་གཞན་ཡོད་པ་དེར་ཡང་ཁག་མི་འདུག ཕྱིན་ཆད་ངས་མཉམ་འཇོག་བྱས་པས་ཆོག་ཟེར། དགོང་མོའི་ལས་ཚོགས་གྲོལ་སོང་། ངས་སྒྲོལ་མས་དངོས་པོ་འགའ་བཏེགས་ཏེ་ངའི་སྒོ་ཁར་སླེབས་པ་མཐོང་། ངས་མོར་ལས་གང་ཞིག་ལ་བྲེལ་བཞིན་ཡོད་དམ་ཞེས་པར། མོས། མཚོ་མོར་ལྟ་རུ་འགྲོ་བཞིན་ཡོད་ཟེར། ངས། ཁྱིམ་དུ་ཡོང་ནས་ཅུང་ཙམ་སྡོད་ཅིག འདི་ཁྱོད་ཀྱི་ཁྱིམ་ཡང་ཡིན་པ་མིན་ནམ་ཞེས་པར། སྒྲོལ་མས་ཐེ་ཚོམ་ཙམ་ཟོས་རྗེས་སྔར་བཞིན་སོང་ནས་མཚོ་མོའི་ཁྱིམ་སྒོ་རྡུང་བྱུང་།
       མཚོ་མོས་དྲོས་ཇ་སྐྱེལ་ཡོང་བའི་དོགས་གཞིའི་རྐྱེན་གྱིས། སྤྱིར་ངས་ད་ཡང་སྒྲོལ་མ་ཁྱིམ་དུ་འབོད་པའི་ཉམ་ཆུང་གི་སྐད་ཆ་དེ་བཤད་མི་འདོད་མོད་ཀྱང་། ཡིན་ཀྱང་། སྒྲོལ་མ་ནི་མཚོ་མོ་མིན་ཏེ། ང་ཚོའི་རྒྱུ་ནོར་གྱི་འབྲེལ་བ་ད་དུང་ཐག་གཅོད་བྱས་མེད་ལ། ཡང་ཅིག་བཤད་ན་སླད་མར་ངས་ད་དུང་མོར་རེ་དགོས་ས་མང་པོ་ཞིག་ཡོད་པས། ངས་མོར་ཉམ་ཆུང་ཙམ་མ་བྱས་ན་ག་ལ་རུང་ངམ།
       ཉིན་དེའི་རྗེས་སུ་དངོས་གནས་མཚོ་མོ་ད་ཡང་ངའི་ཁྱིམ་དུ་མ་ཡོང་།
༧༦
       གཡང་སྐྱིད་ཀྱིས་ཉིན་བཞིན་ཞོགས་པར་གྲོགས་མོ་འགའ་ཁྲིད་ནས་ཧྭ་ཧྭའི་རྫབ་སུལ་ཟ་ཁང་དུ་འཐུང་དུ་འགྲོ་བཞིན་འདུག་སྟེ། ཧྭ་ཧྭ་དང་ཧ་ཅང་འདྲིས་ལོབ་ཏུ་གྱུར་འདུག སྐབས་ལ་ལར་མོ་ཚོས་ད་དུང་ཧྭ་ཧྭའི་གདོང་ལ་བལྟས་ནས་ཕོ་མོའི་སྣང་བ་བརྐུས་པའི་སྐོར་ནས་ཁ་བརྡ་བྱེད་བཞིན་འདུག
       གཡང་སྐྱིད་ཀྱིས། ང་དང་ཚེ་ལོ་ཕྱོགས་དེར་ཁོག་རྒྱ་ཆེ་བ་ཡིན། བརྐུས་ན་བརྐུས་པ་རེད་དེ། གཙོ་བོ་ས་བོན་མ་གཏོར་ན་ཅི་བྱས་འཇོག་གམ་ཟེར།
       སྐྲ་རིང་མ་ཞིག་གིས་ཁས་ལེན་མི་འདོད་པའི་ངང་། ཁྱོད་ཀྱིས་མཆུ་ལབ་མ་བརྒྱག ཁྱོད་ཀྱིས་རང་གི་དགའ་རོགས་སུ་ཡིན་པ་བཤད་ཨེ་ཐུབ་ཟེར།
       གཡང་སྐྱིད་ཀྱིས་ཐེ་ཚོམ་ཅི་ཡང་མེད་པར། བཤད་ན་བཤད་དེ། ཁོ་ནི་སྔོན་ཆད་ངས་གེ་སེར་སྒྲུང་འཁྲབ་དུས་ཀྱི་འཁྲབ་རོགས་སངས་རྒྱས་ཡིན། རེད་མོད་ཀྱང་ཁོ་ད་ལྟ་ཞིང་ཆེན་དུ་འཁྲབ་སྟོན་པ་དངོས་བྱེད་དུ་བུད་སོང་ཟེར།
       སྐྲ་ཐུང་མ་ཞིག་གིས། འོ། ངས་སྔོན་ཆད་དོན་དེ་ཐོས་མྱོང་མོད། འོན་ཀྱང་བར་སྐབས་དེར་རྣར་མ་སོང་ཟེར།
       སྐྲ་རིང་མ་དེས། དོན་དེ་ཁྱོད་ཚང་གི་ཚེ་ལོས་ཤེས་སམ་ཞེས་པར།
       གཡང་སྐྱིད་ཀྱིས། ཤེས་ཡོད། རེད་མོད་ཀྱང་ཁོས་དེར་ཐེ་གཏོགས་མི་བྱེད་ཟེར།
       སྐྲ་རིང་མ་དེས། བལྟས་ཡོང་ན་ཚེ་ལོ་ཁྱོད་ལ་མི་དགའ་བ་རེད་དམ་ཞེས་པར།
       གཡང་སྐྱིད་ཀྱིས་ཅུང་ཙམ་མགོ་འཐོམས་པའི་ངང་། མི་དགའ་བའང་མ་རེད་ཟེར།
       སྐྲ་ཐུང་མ་དེས། དེས་ན་ཁོ་ཐག་ཁོ་ལ་རང་ཉིད་དགའ་བའི་མཛའ་གྲོགས་ཡོད་སོང་བ་རེད་ཞེས་པར།
       གཡང་སྐྱིད་ཀྱིས། རེད། དེ་ནི་ངས་སྐུལ་བ་ཡིན་ཟེར།
       སྐྲ་རིང་མ་དེས། ཁྱོད་ཀྱིས་ཅིའི་ཕྱིར་དེ་ལྟར་བྱས་པ་ཡིན་ནམ་ཞེས་པར།
       གཡང་སྐྱིད་ཀྱིས། ཁོ་ལ་བུད་མེད་ཡོད་ན་ད་གཟོད་ངས་སེམས་བདེ་བློ་བདེ་ངང་ནས་སྐྱེས་པ་བཙལ་ཆོག་པ་མ་ཡིན་ནམ་ཟེར།
       མ་གཞིར་དེ་ལྟར་ཡིན་ནམ། ཧ་ཧ་ཧ་ཧ… …
       ཚང་མ་བགད་ཚར་རྗེས་ལས་ཚོགས་སུ་བུད་སོང་།
       ཕྱི་ཉིན་ཞོགས་པར། གཡང་སྐྱིད་མི་འདུག བུ་མོ་གཞན་པ་གཉིས་སྔར་བཞིན་ཧྭ་ཧྭའི་ཟ་ཁང་དུ་རྫབ་སུལ་འཐུང་དུ་སོང་། མོ་ཚོས་ཡང་ཁ་སང་གི་གཡང་སྐྱིད་ཀྱི་ཁ་བརྡའི་མཇུག་གླེང་མགོ་བརྩམས།
       སྐྲ་རིང་མས། གཡང་སྐྱིད་ཀྱིས་མཆུ་ལབ་བརྒྱག་བཞིན་པ་མིན་ནམ། ཁྱོད་མོ་དང་སངས་རྒྱས་བར་མཛའ་བའི་དོན་དེར་ཡིད་ཆེས་སམ་ཞེས་པར།
       སྐྲ་ཐུང་མས། ཁོ་ཐག་བདེན་ངེས་ཡིན། རྒྱུ་མཚན་ནི་ངས་སྔོན་ཆད་ངོ་མས་སྐད་ཆ་དེ་འདྲ་ཞིག་གོ་མྱོང་ཟེར།
       སྐྲ་རིང་མས། དེ་ལྟར་བཤད་ན་ཚེ་ལོས་སྣང་བ་རྐུ་བཞིན་པའང་བདེན་པ་ཡིན་སྲིད་ཞེས་པར།
       སྐྲ་ཐུང་མས། ཁོ་ཐག་ཡིན་ངེས། ད་ལྟ་སྲིད་ཇུས་ལྷོད་པས། སྐྱེས་པ་ཁྲེལ་མེད་དེ་དག་གིས་དཀར་ཡོལ་ནང་གི་དེ་འཐུང་བཞིན་དུ་སླ་ང་ནང་ལ་བལྟས་ཡོད་ལ། གསར་བར་དགའ་ཞིང་རྙིང་པར་སུན་པའི་ཕོ་ངན་ཏག་ཏག་རེད་ཟེར།
       ཧྭ་ཧྭས་ཉན་རྗེས་བར་དུ་ཞུགས་ནས། དཔེ་མི་སྲིད་དེ། ཚེ་ལོ་དེ་འདྲ་ཞིག་མ་རེད་ཟེར།
       སྐྲ་རིང་མས། ཁྱོད་ཀྱིས་ཅི་ལྟར་ཤེས་སམ་ཞེས་པར།
       ཧྭ་ཧྭས་ཉིན་དེར་ཁུལ་གྱི་མགྲོན་ཁང་དུ་མོ་གཉིས་ཆང་གིས་བཟི་རྗེས་ཇི་ལྟར་ཁང་པ་གཅིག་དུ་བསྡད་པ་དང་། ཚེ་ལོས་སྤྱོད་ངན་གང་ཡང་མ་སྟོན་ཚུལ་ལམ། ཕྱི་ཉིན་ཞོགས་པར་ཡང་ཇི་ལྟར་སྨྲེ་སྔགས་བཏོན་པའི་དོན་རྣམས་ཇི་བཞིན་ཐེངས་གཅིག་བཤད་བྱུང་།
       ཚེ་ལོས་གཡང་སྐྱིད་སོང་ནས་མགྲོན་ཁང་དུ་ཧྭ་ཧྭ་དང་ཞག་བརྒལ་བའི་བརྒྱུད་རིམ་རྒྱུས་ལོན་བྱུང་དུ་བཅུག་པས། གཡང་སྐྱིད་ཀྱི་གུ་ཡངས་ཐོབ་སོང་། ཁོས་ཀྱང་ཧྭ་ཧྭས་ཨྱོན་དང་དགའ་རོགས་ཡིན་པའམ་གྲོགས་པོ་ཡིན་པའི་འབྲེལ་བའི་ངོས་ནས་བསམ་གཟས་ནས་ཁོ་ལ་གནོད་པའི་ལས་མི་བགྱིས་པ་ཤེས་རྐྱེན། སེམས་བརྟན་ཞིང་ལྷོད་ལ་མི་ཉུང་བ་ཞིག་བབས་བྱུང་ལ། དེ་དང་བསྟུན་ནས་འཕྲིན་ཡིག་རང་བཞིན་གྱིས་རྫོང་ཨུ་ལ་གནས་ཚུལ་དེ་གསལ་བཤད་ཡང་དག་ཅིག་བྱས་པ་རེད།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།