logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སོ་དགུ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-10 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

དོན་བདུན་པ།
       ནུ་བོས་ཁ་པར་བཏང་ཡོང་སྟེ། གྲོང་ཚོར་དམངས་ཁྲོད་མདའ་འཕེན་རུ་ཁག་ཅིག་བཙུགས་བྱུང་ལ། མདའ་འཕེན་ཐང་ཆེན་ཞིག་ཀྱང་གསར་སྐྲུན་བྱས་བྱུང་བས། དེ་རིང་ཕྱིའི་གྲོང་ཚོའི་མི་དང་མདའ་འཕེན་འགྲན་སྡུར་བྱ་འགུལ་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད། རྩ་འཛུགས་མི་སྣས་ཕྱི་ནས་བྱ་བ་སྒྲུབ་བཞིན་པའི་གྲོང་ཚོའི་ལས་བྱེད་མི་སྣའང་ཅི་ནུས་ཀྱིས་ཞུགས་པར་གདན་འདྲེན་ཞུ་བཞིན་འདུག་ཟེར།
       དེ་ནི་དངོས་གནས་སྤྲོ་སྣང་ལྡན་པའི་དོན་དག་གསར་བ་ཞིག་རེད། ངས་ཕྱི་རུ་མི་ཚེའི་ཕྱེད་ཀར་བྱ་བ་སྒྲུབ་མོད་ཀྱང་། ད་ལྟའི་བར་དུ་བྱ་འགུལ་འདིའི་རིགས་ལ་ཞུགས་མ་མྱོང་། ད་ལྟ་རང་ཉིད་ཀྱི་ངལ་གསོའི་དུས་ཚོད་ཀྱང་སྤྱད་ཚར་མེད་པས། ཏག་ཏག་ཡུལ་དུ་ལོག་སྟེ་ལྷོད་གཡེང་ཙམ་བྱས་ཀྱང་བཟང་སྙམ་ཞིང་དགའ་སྤྲོས་དང་ལེན་བྱས།
       ངེད་ཚང་ལ་སྲོལ་རྒྱུན་གྱི་གཞུ་རྙིང་ཞིག་ཡོད། དེ་ནི་ནོར་རྭས་བཀུག་པའི་རྭ་གཞུ་ཞིག་ཡིན། ཨ་ཕས་ང་མདའ་འཕེན་དུ་ཡོང་བཞིན་པ་ཤེས་རྗེས། སྔ་མོ་ནས་ཕྱིར་བཏོན་ཞིང་ཕྱིས་ནས་ཞིབ་བཤེར་ཐེངས་གཅིག་བྱས་ལ། ད་དུང་ཉིན་གཉིས་བཀོལ་ཏེ་ཤིང་མདའ་གཉིས་ལས་པ་རེད། ང་ཡུལ་ལ་ཐོན་དུས་ཨ་ཕས་ཏག་ཏག་ཆེས་མཐའ་མའི་མདའ་སྒྲོ་འཛུགས་བཞིན་པའི་སྒང་རེད།
       ཤིང་མདའ་ནི་ཤིན་ཏུ་ཡག་པ་ཞིག་ལས་འདུག རྒྱུ་ནི་ཐོག་ཏུ་སྣུམ་བྱུགས་པའི་གསོམ་ཤིང་རེད། དེ་ནི་གཞོག་གྲིས་ཉུང་ཙམ་ཉུང་ཙམ་གཞོག་ནས་དྲང་ཞིང་འཇམ་ལ་འོད་ཀྲིག་ཀྲིག་ཏུ་གྲུབ་འདུག་ཅིང་། ཐོག་ཏུ་དར་ཚོན་སྣ་ལྔའི་གོས་སྐུད་བཀྲིས་པའི་སྟེང་རྒོད་སྒྲོ་ལེབ་མོ་སུམ་བཤར་བྱས་ནས་སྦྱར་འདུག་ཅིང་། མདའ་མགོར་བརྗེས་སྤོས་བྱས་ཆོག་པའི་སེར་ཞིང་རྩུབ་པའི་ཟངས་སྦུག་སྤྲད་འདུག་ལ། མདའ་རྟིང་ལ་གཞུ་རྒྱུད་བདུངས་སའི་མདའ་ཁ་བརྐོས་འདུག ངས་ཨ་ཕར། ཁྱོད་དགུང་ལོ་འདི་འདྲར་སོན་པས་ད་དུང་ཞིབ་ལས་དང་ངལ་ལས་ཀྱི་དཀའ་ལས་འདི་འདྲ་བརྒྱག་དགོས་དོན་ཅི་ཡོད། ཕྱི་རུ་ཆེད་དུ་ཤིང་མདའ་ལས་ནས་འཚོང་མཁན་ཡོད་པས་ཆ་གཅིག་ཉོས་ན་སྟབས་མི་བདེའམ་ཞེས་པར། ཨ་ཕས། ལས་འདི་ངས་སྒྲུབ་འདོད་པ་སྟེ། འདིས་སེམས་གསོ་སེམས་གཡེང་བྱེད་ཐུབ ཡང་ཅིག་བཤད་ན་ད་ང་རྒས་སོང་བས། ཁྱོད་ཀྱང་མདའ་མོ་ཆ་གཅིག་བཞག་ན་འགྲིག དེ་དྲན་རྟེན་ཞིག་ཀྱང་རེད་ཅེས་སྨྲས་བྱུང་། ངས་བསྟུད་མུར། རེད་རེད་རེད་ཅེས་ལན་བཏབ་པ་སྟེ། གློ་བུར་དུ་མདའ་མོ་ཆ་འདིས་ང་ལ་དངོས་གནས་རྒྱུན་ལྡན་མིན་པའི་ཚོར་སྣང་གཞན་ཞིག་ཅིག་ཅར་དུ་སྐྱེད་ཡོང་།
       མདའ་འཕེན་པ་ནི་ལག་རྩལ་གྱི་ལས་ཀ་ཞིག་རེད། ངས་མདའ་འཕངས་མ་མྱོང་བས་ངེས་པར་དུ་སྔོན་སྦྱོང་ཞིག་བྱེད་དགོས་ཀྱི་འདུག ངས་ཨ་ཕས་བཟོས་པའི་མདའ་སོ་མས་སྔོན་སྦྱོང་བྱེད་མི་ཕོད་པས་ནུ་བོས་བཀོལ་མྱོང་བའི་མདའ་རྙིང་གིས་སྦྱོང་བརྡར་བྱས་པ་ཡིན་ཞིང་། མཚན་མོར་ང་ཨ་ཕའི་འཁྲིས་སུ་ཉལ་ནས་མདའ་འཕེན་དང་འབྲེལ་བའི་གནས་ཚུལ་གླེང་བ་ཡིན།
       ཨ་ཕས་བཤད་རྒྱུར། ངེད་ཚང་གི་རྭ་གཞུ་ནི་ཨ་མྱེས་གོང་མའི་ལག་ནས་བརྒྱུད་ཡོང་བ་ཡིན། སྐབས་དེར་ངེད་ཚང་ནི་འབྱོར་ཕྱུག་རྒྱས་པའི་དུས་ཡིན་ཏེ། ས་ཞིང་མུའུ་བརྒྱ་ཁ་འབུད་རག་ཡོད་ལ། རྨོན་དོར་གསུམ་དང་། ལུག་ཀྱང་བརྒྱ་ཁ་འབུད་རག་ཡོད་ཅིང་། ད་དུང་འགྲོས་བཟང་བའི་རྟ་ཕོ་གཉིས་ཆེད་དུ་ཡང་མེས་ཀྱི་བཞོན་པར་གསོས་ཡོད་པ་སོགས་གྲོང་ཚོའི་ཅུང་ཕྱུག་པའི་ཁྱིམ་ཚང་ཞིག་ཡིན། གྲོང་ཚོར་མདའ་འཕེན་པའི་སྲོལ་ནི་སྐབས་དེ་ནས་དར་ཡོད་ཚོད་འདུག་མོད། ཡང་མེས་ནི་ཁྱིམ་ལས་ལ་འཇོན་ཡང་ལག་རྩལ་དེ་འདྲ་མི་བཟང་བས་བྱ་འགུལ་འདིའི་རིགས་ལ་མི་ཞུགས་པ་རེད། ཉིན་ཞིག་ལ། ཡང་མེས་ཀྱིས་རྨོན་དོར་དེད་ནས་རི་མར་ཞིང་རྨོ་རུ་སོང་། ཡང་མེས་ཀྱིས་གློ་བུར་དུ་ལས་ལ་བརྩོན་ཞིང་ལུས་སྟོབས་རྫོགས་པའི་བུ་ལ་སྨྲས་པ། བུ། ཁྱོད་ཀྱིས་ལས་ཀར་འབད་དང་། ངས་ཁྱོད་ལ་མདའ་གཞུ་ཞིག་བསྒྲིགས། དུས་ཚོད་ཡོད་དུས་ཁྱོད་ཀྱང་མདའ་འཕེན་ལ་ཞུགས་ཤིག་ཅེས་སྨྲས། དེ་ལྟར་ཡང་མེས་ཀྱིས་ཁྱིམ་མཚེས་གྲོང་ཚོའི་མིང་ལ་བན་ཕྲུག་ཟེར་བའི་མདའ་གཞུ་བཟོ་པ་ཞིག་གི་ལག་ནས་རང་གི་ཆིབས་རྟ་གཅིག་གཡག་རྭ་གཡག་རྒྱུས་ཀྱིས་བཀུག་ཅིང་སྦྲུལ་ཤུན་ཁྲ་རིལ་གྱིས་གཡོགས་པའི་རྭ་གཞུ་འདིར་བརྗེས་ཡོང་བ་རེད་ཟེར།
       དེའི་རྗེས་ཀྱི་དོན་རྣམས་ངས་ཀྱང་ཅུང་ཙམ་ཤེས་ཏེ། ཨ་མྱེས་འཇིག་རྟེན་དུ་བཞུགས་དུས་ང་ལ་བཤད་མྱོང་། ཁོང་དེ་དུས་སུ་མདའ་འཕེན་རྒྱུར་ཤིན་ཏུ་དགའ་ཤིང་མདའ་འཕེན་གྱི་དབྱིངས་སུ་ཞུགས་ཡོད་པར་སྨྲ། ཁོམ་གསེང་གི་སྐབས་སུ་རྒྱུན་དུ་ཕྱིར་སོང་ནས་མདའ་འཕེན་སྦྱོང་བརྡར་ནི་ལོས་བྱེད་དེ། ཚ་གདུང་གིས་གཟིར་བའི་དབྱར་གཞུང་གི་དུས་སུ་ས་ཞིང་རྨོ་འདེབས་ཀྱི་སྐབས་ཀྱང་མདའ་གཞུ་བཟུང་ནས་འགྲོ་བར་སྨྲ། ས་ཞིང་གཅིག་གི་ཆེ་ཆུང་ལ་ཕལ་ཆེར་མུའུ་གཉིས་གསུམ་ཙམ་ལས་མེད་པ་དང་། ཁ་ཅས་ཅུང་ཙམ་ཅུང་ཙམ་ངང་ཕར་ཚུར་ཡང་ཡང་སློག་བརྒྱབ་ཚེ། ཐེངས་གཅིག་གི་རིང་ཚད་ལ་ཕལ་ཆེར་དྲང་ཐིག་གི་སྨི་བདུན་ཅུ་ཡས་མས་ཡིན་ལ། དེ་ནི་ཏག་ཏག་མདའ་རྒྱང་གཅིག་གི་རིང་ཚད་ཡིན་པར་སྨྲ། མ་གཏོགས་རྨོ་ཚད་རིང་དྲགས་ན་རྨོན་དོར་ལ་ངལ་གསོའི་གོ་སྐབས་མེད་ཅིང་སློག་བརྒྱབ་པའི་ཤུལ་ཡང་མི་ལེགས་པ་ཡིན་འདུག ཨ་མྱེས་རྒོད་སྐྱེས་མེ་ཏོག་གིས་འབེན་ཆུང་གཉིས་བསླེས་རྗེས་ས་སློག་བརྒྱག་པའི་སྣེ་གཉིས་སུ་བསླངས་ཞིང་། མདའ་གཞུ་འཁུར་ཏེ་སློག་བརྒྱག་པའི་ཕྱོགས་སུ་ཕྱོགས་ནས། ཕར་ཚུར་འཕེན་བཞིན་ཕྱོགས་གཅིག་ནས་ལས་ཀར་འབད་པ་དང་ཕྱོགས་གཅིག་ནས་མདའ་འཕེན་སྦྱོང་བས་གཅིག་འཕངས་གཅིག་ཕོག་གི་མདའ་རྩལ་ལེགས་པོ་ཞིག་སྦྱངས་ཟིན་པ་རེད། ཕྱིས་སུ་འགྲན་སྡུར་ཡུལ་དངོས་ཤིག་གི་ཁྲོད་དུ་དེ་བཞིན་དུ་མདའ་རྩལ་གྲགས་ཅན་ཞིག་དང་ཕྲད་ཅིང་། ཁོང་གཉིས་ཀྱི་བཟང་ངན་དབྱེ་འབྱེད་ཀྱི་ཤན་འབྱེད་དཀའ་བར་གྱུར་དུས། ལ་ལས་ཕྱོགས་གཉིས་ཀྱི་མིས་འབེན་བཟུང་སྟེ་ཁོང་གཉིས་ལ་རྒྱང་འཕེན་བྱེད་དུ་འཇུག་པའི་ཐབས་བཀོད་འཐེན་ཏེ་སུ་རྒྱལ་ཐག་གཅོད་བྱེད་ཟེར་བཞིན་དེ་ལྟར་འགྲན་པས། ཕ་རོལ་གྱིས་འཕངས་པའི་མདའ་དང་པོ་འབེན་ལ་ཕོག་པ་དང་། ཨ་མྱེས་ཀྱི་མདའ་དེ་ལྟར་ནམ་འཁར་འཕུར་སོང་བར་བཤད།
       ངས་ཨ་མྱེས་ལ་དྲིས་མྱོང་སྟེ། མདའ་འཕེན་ཐེངས་དེར་ཁྱེད་ཀྱི་ལག་ཉེས་ཤོར་བ་ཨེ་རེད་ཅེས་པར། ཨ་མྱེས། མིན་ཏེ། མིའི་སྲོག་གལ་ཆེ་བས། གལ་ཏེ་འགལ་རྐྱེན་རེ་བྱུང་ན་ཅི་བྱེད་དམ། ཡང་ཅིག་བཤད་ན། ང་ཚོས་མདའ་འཕེན་པ་ནི་མཛའ་མཐུན་གྱི་ཆེད་དུ་ཡིན་པ་བཞིན། གལ་ཏེ་ཕྱོགས་གཉིས་ཀྱིས་ཁོག་དཔུང་འབར་དྲགས་ན་སྙིང་ནད་དུ་འགྲོ་ཤས་ཆེ་ཞེས་ཟེར།
       སྤྱིར་ཨ་ཕའང་མདའ་འཕེན་པའི་བྱ་འགུལ་ལ་ཞུགས་རྒྱུར་དགའ་མོད། འོན་ཀྱང་མདའ་འཕེན་པར་དེ་ཙམ་མི་དགའ་བས། ཁོང་མདའ་བཅུའི་ནང་ནས་གཉིས་གསུམ་ཙམ་ཕོག་ན་ཡིད་ཚིམ་ཡོད། དེའི་རྒྱུ་རྐྱེན་ནི་ཕྱོགས་གཉིས་ནས་བྱུང་བ་སྟེ། གཅིག་ནི་ཏག་ཏག་ན་གཞོན་སྐབས་སུ་ཁྱིམ་ཚང་ཉམས་རྒུད་དུ་སོང་བས་འཚོ་བའི་དཀའ་ངལ་ཆེ་ཞིང་། ཟས་གོས་ལོངས་སྤྱོད་ཞན་པ་སོགས་ཀྱིས་མདའ་འཕེན་པའི་བསམ་པ་མེད་པར་གྱུར་བ་དང་། དེའི་རྗེས་སུ་གནས་བབ་ཇེ་བཟང་དུ་སོང་དུས་ཡང་ལོ་ན་བགྲེས་པ་དང་ལུས་སྟོབས་ཀྱིས་མ་འདང་བས་ཡིན་ལ། ཡང་གཅིག་ནི་ཁོ་ལ་ཨ་མྱེས་དང་འདྲ་བར་མདའ་འཕེན་གྱི་དབྱིངས་སུ་ཞུགས་མེད་པ་དེ་རེད། ཨ་ཕའི་སྐད་ངག་ཧ་ཅང་བདེ་ཞིང་སྙན་ལ་མཐོ་བས། མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལེན་པར་དགའ། མདའ་འཕེན་བྱེད་སྒོའི་ཁྲོད་དུ་ངར་སྐད་བརྒྱབ་ནས་མདའ་འཕེན་པར་ངར་སློང་བའི་རོགས་རམ་བྱེད་མི་དགོས་ལ། ཞབས་བྲོ་འཁྲབ་ནས་རྟེན་འབྲེལ་ཞུ་མི་དགོས་ཤིང་། ད་དུང་གླུ་བླངས་ནས་སྤྲོ་སྣང་སྐྱེད་པའི་མི་ཡང་དགོས་པས། ཨ་ཕས་མདའ་འཕེན་ཞོར་དུ་ཕ་རོལ་པོའི་ཕོ་མོ་དང་མཉམ་དུ་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལེན་རེས་བྱེད་བཞིན་ཡོད། རོལ་རྩེད་ཆ་རྐྱེན་གཞན་དག་མེད་པའི་ལོ་རབས་དེ་དག་ནང་དུ་མདའ་འཕེན་རྒྱུ་ནི་ང་ཚོའི་ས་གནས་ཀྱི་རོལ་རྩེད་བྱེད་སྒོ་གཟབ་རྒྱས་ཤིག་རེད། ལོ་རེའི་དེ་དུས་སུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་མི་སྤུན་ཟླ་རྣམས་བུང་བའི་ཚོགས་བཞིན་འདུ་ཞིང་། ལྟད་མོ་བ་རྣམས་སྤྲིན་བཞིན་འཕྱུར། ཁོར་ཡུག་དེ་འདྲའི་ཁྲོད་དུ་མེ་ཏོག་ལེན་ལུགས་ཀྱི་རི་གླུ་འགའ་བླངས་ནས་ལྟད་མོ་བའི་སྙིང་ཁོང་གི་དགོད་སྒྲ་དང་འབོད་སྒྲར་ཉན་རྒྱུ་དེའང་ཧ་ཅང་དགའ་སྤྲོ་དང་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཡིན། ལོ་མང་འདས་པའི་རྗེས་སུ། ངའི་བསམ་པར་ང་རང་ཆུང་དུས་ནས་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལ་དགའ་བ་དེའང་ཨ་ཕའི་ཤུགས་རྐྱེན་ཐེབས་པ་ལ་རག་ལས་ཀྱང་སྙམ།
       ད་ལྟ་ཨ་ཕ་རྒས་ཏེ་མདའ་རྩལ་འགྲན་སྡུར་ལ་མ་ཞུགས་པར་ལོ་མང་འགོར་མོད་ཀྱང་། ཁོང་སྔར་བས་བྱེད་སྒོ་འདིར་དགའ་པོ་ཡོད།
       མདའ་ར་ནི་གྲམ་ཆུའི་འགྲམ་གྱི་ནགས་ཚལ་ཐར་ཐོར་ཞིག་གི་དཀྱིལ་དུ་བཙུགས་ཡོད་པ་དང་། ཁྱིམ་མཚེས་གྲོང་ཚོ་དང་ཡང་ལམ་ཐག་ལེ་དབར་གཅིག་གི་ཚད་ཙམ་ཡིན། མདའ་འཕེན་པའི་ཉིན་དང་པོར་སྔ་ས་ནས་ལྕང་ལྕུག་གིས་བཟོས་པའི་འབེན་གྲུབ་འདུག་སྟེ། དེའི་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གཅིག་དང་ཚེག་ལྔ་ཙམ་ཡོད་ཅིང་། འབེན་དབུས་སུ་མེ་ཏོག་སྣ་ཚོགས་གསེབ་ཡོད། རུ་དཔོན་གྱིས་ད་དུང་འགྲན་སྡུར་ལ་ཞུགས་པའི་ཞིབ་ཕྲའི་མི་སྣ་གཏན་འཁེལ་བྱས་པ་དང་། མགྲོན་པོར་སྣེ་ལེན་བྱེད་པའི་ཟ་མ་བཀོད་སྒྲིག་བྱས། ཉིན་དེའི་ཞོགས་པར། མདའ་པའི་རུ་ཁག་གི་རུ་མིས་མདའ་རར་ཤོག་སྦག་དང་། དུ་ཆང་། བཟའ་བཅའ། ཁ་བཏགས་སོགས་དངོས་པོ་གང་མང་གྲ་སྒྲིག་བྱས་ནས་སྐུ་མགྲོན་བསུ་བར་བྲེལ། ཉི་མ་མདུང་ཚད་ཅིག་ཡར་འཕགས་དུས། ལྟད་མོ་བ་ཚོ་གཅིག་རྗེས་གཉིས་མཐུད་ངང་སླེབས། སྐབས་དེར་གྲོང་ཚོའི་ནང་གློ་བུར་དུ“ཀུ་ཧོ་ཧོ། ཀུ་ཧོ་ཧོ།”ཞེས་མདའ་འགུགས་པའི་ཀུ་སྒྲ་གྲགས་པས། སྐུ་མགྲོན་སླེབས་པ་ཚོར་ཞིང་། དེའི་མུར་ངེད་གྲོང་ཚོའི་མདའ་པ་ཚོས་ཀྱང་སྐད་ཆེན་པོས“ཀུ་ཧོ་ཧོ། ཀུ་ཧོ་ཧོ།”ཞེས་སྐད་ཆེན་པོ་ཐེངས་གསུམ་བརྒྱབ་པས་བསུ་བ་བྱས་པ་མཚོན། མི་འགྱངས་པར་ང་ཚོས་ཤོག་སྦག་སྦར་ལ། མགྲོན་པོ་རྣམས་ཉིས་བཤར་བྱས་ཤིང་ལག་གིས་མདའ་གཞུ་ཡར་བཀྱགས་ཏེ། དགའ་འབོད་བྱེད་བཞིན་མདའ་རར་བརྒྱུགས། ང་ཚོས་ཀྱང་ལག་ཏུ་ཁ་བཏགས་བཟུང་ནས་གྲལ་འགྲིག་པའི་ཞབས་བྲོའི་གོམ་སྟབས་ལ་བརྟེན་ནས་མགྲོན་པོ་རྣམས་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། སྒུག་ནས་སྐུ་མགྲོན་རྣམས་གདན་ལ་བཞུགས་རྗེས་རེ་རེར་ཁ་བཏགས་འབུལ་བ་དང་སྨོན་འདུན་གྱི་ཨ་རག་ཞིམ་པོ་ཕུལ།
       ཕྱོགས་གཉིས་པོའི་རུ་དཔོན་གྱིས་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཕན་ཚུན་ལ་སློབ་སྦྱོང་དང་། སོ་སོས་འགྲན་སྡུར་གྱི་ཁྱད་ཆོས་མངོན་དགོས་པ་སོགས་མཛའ་བརྩེའི་གླེང་མོལ་འགའ་བྱས་རྗེས་འགྲན་ཟླ་བཀོད་བསྒྲིགས་ཀྱི་མིང་ཐོ་བསྒྲགས་འདོན་བྱས། ངའི་འགྲན་ཡ་ནི་ཁྱིམ་མཚེས་གྲོང་ཚོའི་སྡེ་དཔོན་བསྐོས་འདུག་ལ། ཁོང་ནི་འགྲན་སྡུར་ལ་ཐེངས་མང་ཞུགས་མྱོང་བས། མདའ་རྩལ་རང་ཉིད་ལས་མཐོ་བ་སྨོས་མེད་རེད། ཁོང་ནི་མི་ལ་མདངས་བརྩེ་ཟབ་ཅིང་དྲང་བདེན་ལ་མཐོང་ཆེན་བྱེད་པའི་མི་ཞིག་ཡིན། ཁོང་གིས་ང་མདའ་འཕེན་འགྲན་སྡུར་གྱི་བྱེད་སྒོར་ཐེངས་དང་པོར་ཞུགས་པ་ཤེས་པས། ངའི་སེམས་ཁམས་གསོ་ཆེད། མདའ་འབེན་གྱི་སྟེང་ནས་ཐེངས་དུ་མར་འཕུར་དུ་བཅུག མདའ་འཕངས་ཚར་རྗེས། ང་ཚོས་མགྲོན་པོ་ཁྱིམ་དུ་གདན་འདྲེན་ཞུས་ནས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་གང་ལེགས་ཐེངས་གཅིག་བྱས།
       མཚན་དེར་ངས་ཨ་ཕར། སང་ཉིན་ང་ཚོ་ཕ་རོལ་པོའི་སྡེ་བར་མདའ་འཕེན་དུ་སོང་ཚེ། ཁོ་ཚོར་འགྱུར་ལྡོག་ཅི་ཞིག་ཡོད་དམ་ཞེས་དྲིས།
       ཨ་ཕས། ཁོ་ཚོས་ས་གནས་འདི་གའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གང་ནུས་ཀྱིས་ཕྱིར་མངོན་ངེས་ཡིན་ལ། ད་དུང་ཁྱད་ཆོས་ལྡན་པའི་ཟ་མ་འགའ་བཟོ་ངེས་ཡིན་པ་ལས། གཞན་དག་ཚང་མ་གཅིག་འདྲ་ཡིན་ཟེར།
       མདའ་འཕངས་ཚར་རྗེས། ངས་ཨ་ཕས་ཞིབ་ཚགས་ཀྱིས་བཟོས་ཤིང་། རང་ཉིད་འགྲན་བསྡུར་ལ་ཐེངས་དང་པོར་ཞུགས་པའི་ཤིང་མདའ་དེ་ཁ་བཏགས་ཀྱིས་ལེགས་པར་དཀྲིས་ནས་རང་དང་མི་འབྲལ་ཆེད། འཁྱེར་ནས་ཁྱིམ་གྱི་མཐོ་ས་གཙང་ས་ཞིག་ལ་བཞག་སྟེ་མ་འོངས་པའི་དུས་གཏན་གྱི་དྲན་རྟེན་དུ་བཀུར་བ་ཡིན།
༧༧
       དར་ལག་ཡུལ་ཚོས་ཡུལ་དཔོན་བསྐོ་བཞག་བཀོད་སྒྲིག་བྱེད་མགོ་བརྩམས། རྒྱུན་ཨུའི་ཚོགས་སྟེང་དུ་རྫོང་དཔོན་གྱིས། ཚེ་ལོར་ཡུལ་དཔོན་གྱི་འགན་སྤྲད་པས་ཆོག་པས་ད་དུང་ཅི་ཞིག་ལ་ཞིབ་འཇུག་བྱེད་དགོས་སམ། ཁོ་མ་གཞི་ནས་མགར་ཁྲི་ཡུལ་ཚོའི་ཡུལ་དཔོན་ཡིན་ལ། སྐབས་དེར་ཁོ་དར་ལག་ཡུལ་ཚོར་ལས་གནས་སྤོར་དོན་ཡང་འདིའི་ཕྱོགས་སུ་འདང་བརྒྱབ་པ་མ་ཡིན་ནམ་ཞེས་སྨྲས། དེར་ཧྲུའུ་ཅིས། སྐབས་དེར་ང་ཚོས་དེ་ལྟར་འདང་བརྒྱབ་མོད་ཀྱང་། ཡིན་ཡང་། མི་འདིར་རིག་གནས་ཅུང་ཙམ་མངའ་བས་རྣམ་འགྱུར་ཧ་ཅང་ཁེངས་དྲེགས་ཆེ། ད་དུང་སྔར་བཞིན་རེ་ཞིག་བསྐྱུར་ན་རེད་ཟེར། རྫོང་དཔོན་གྱིས། ན་གཞོན་ལ་ང་རྒྱལ་ཙམ་ཡོད་པ་ནི་ལྷན་སྐྱེས་ཡིན་པས། གཙོ་བོ་ང་ཚོས་མི་དེའི་དོན་དངོས་ཀྱི་བྱ་བའི་འཇོན་ནུས་ལ་ལྟ་དགོས་ཟེར་བར། ཧྲུའུ་ཅུས། ཁོ་ལ་ནུས་པ་ཅི་ཞིག་ཡོད་དམ་ཟེར། རྫོང་དཔོན་གྱིས་ཐེངས་འདིར་ཚེ་ལོས་ཇི་ལྟར་ཡུལ་ཚོའི་ཏང་ཨུ་ལ་རྩོད་གླེང་སེལ་ཐབས་ཀྱི་འཆར་བཀོད་བཏོན་པ་དང་། ཡང་ཇི་ལྟར་མཐའ་དམར་གྲོང་ཚོའི་རྫས་མདེལ་བསྡུ་རུབ་བྱས་ཏེ། རྫོང་ལ་རྩྭ་ས་རྩོད་གླེང་ཞི་འཇགས་བྱེད་པར་རོགས་འདེགས་ནུས་པ་གལ་ཆེན་ཐོན་པའི་གནས་ཚུལ་ཇི་བཞིན་ཐེངས་གཅིག་གླེང་བ་ན། ཧྲུའུ་ཅིས། དོན་དག་འདིའི་སྟེང་དུ་ཁོས་ནུས་པ་ཙམ་ཐོན་ཡོད་མོད་ཀྱང་། གནད་དོན་ནི་ཁོས་སྔོན་ཆད་ཀྱི་མགོ་ཁྲིད་དང་པོར་མཐུན་སྒྲིལ་མི་འཛིན་པས། ངས་ཁོ་ལ་སྐྱོན་བརྗོད་ཅིག་བྱོས་ཟེར་བར་ཡང་དུས་ད་ལྟའི་བར་དུ་རྣམ་འགྱུར་གང་ཡང་བསྟན་མ་བྱུང་། འདི་ལྟར་མར་སོང་ན། ངས་རྗེས་ཕྱོགས་སུ་སྐད་ཆ་བཤད་ན་སུས་བདེན་པར་འཛིན་ནམ་ཟེར།
       ཚོགས་འདུའི་མཇུག་མཐར་གྲོས་གཞི་ལས་ཐག་གཅོད་ཅི་ཡང་མི་འདུག་སྟེ། ཡུལ་དཔོན་དུ་མི་གཞན་བསྐོ་བཞག་མ་བྱས་ལ། ཚེ་ལོར་ཡང་འགན་དེ་མ་སྤྲད། ནང་དོན་ཡིན་ན་ཚེ་ལོའི་རྣམ་འགྱུར་ཇེ་ལེགས་སུ་སོང་རྗེས་ད་གཟོད་བཀོད་སྒྲིག་ལ་འདང་བརྒྱག་རྩིས་རེད།
       ཕྱི་ཉིན་དེར། རྫོང་དཔོན་གྱིས་ཚེ་ལོ་བོས་སོང་སྟེ་བསམ་བློ་སློབ་གསོ་གཏོང་བཞིན་འདུག ནང་དོན་ཡིན་ན་ཁོས་གང་འདོད་སྐྱོན་བརྗོད་ཡི་གེ་ཞིག་བྲིས་ནས་ཧྲུའུ་ཅིར་ཁ་གཏད་གཅོག་ཐབས་ཙམ་བྱས་ཏེ། འོས་འགན་བསྐོ་བཞག་གི་དོན་དེ་མྱུར་དུ་ཐག་གཅོད་བྱེད་དུ་ཆུག་ཟེར་བར། ཚེ་ལོས། རང་ཉིད་ཀྱིས་སྐྱོན་བརྗོད་བྱེད་མི་འདོད་པ་ནི་རང་སྟེང་ནས་སྐྱོན་གཏན་ནས་མེད་པས་ཡིན། ངས་ཧྲུའུ་ཅིའི་ངོ་སོ་ལ་བལྟས་ནས་རང་གིས་སེམས་ཉེས་གསོག་ན་མི་འདོད་ཟེར་བར། རྫོང་དཔོན་གྱིས། ཁྱོད་དང་ཨྱོན་གཉིས་བར་གྱི་དོན་དག་དེར་ང་ལ་སྔོན་ཆད་ནས་རང་གི་ལྟ་ཚུལ་ཡོད། རེད་མོད་ཀྱང་། ད་ལྟ་ལག་བསྟར་བྱེད་བཞིན་པ་ནི་མགོ་ཁྲིད་དང་པོའི་འགན་སྲུང་གི་སྒྲིག་ཁྲིམས་ཡིན་པས། རྫོང་ཨུ་དག་གི་མཐུན་སྒྲིལ་གྱི་ཆེད་དུ་ངས་ཀྱང་མང་པོ་མ་བཤད། འདྲ་མཉམ་དང་དྲང་བདེན་ཡོང་བའི་ཆེད་དུའམ། ཡུལ་ཚོའི་བྱ་བའི་ཆེད་དུ། ཐེངས་རྗེས་མར་ཚོགས་འདུ་ཚོགས་དུས་ངས་དོན་དེ་གླེང་ཁོ་ཐག་ཡིན་ཞེས་ཟེར།
       ཚེ་ལོ་རྫོང་དཔོན་གྱི་གཞུང་སྒྲུབ་ཁང་གི་ཐོག་ཁང་ལས་མར་བབས་ཤིང་སྒོ་སྲུང་ཁང་གི་སྒོ་ཁར་བརྒྱུད་དུས། མཐོང་བྱུང་བ་ནི་ལས་རེས་པས་ཟ་བཞིན་པའི་ལུག་གི་ཁྲག་རྒྱུ་གསར་བ་རེད། ཁོ་ཚོས་ཚེ་ལོའང་ཡོང་ནས་ཁམ་གང་ཟ་བར་བོས་ལ། སྨྲས་པ་ཡིན་ན་དེ་ནི་མགར་ཁྲི་ཡུལ་ཚོའི་ཨྱོན་གྱིས་ཧྲུའུ་ཅི་ཁོའུ་ཧའོ་ལ་ཕུལ་བ་དང་། ཁོའུ་ཧྲུའུ་ཡིས་དེ་འདྲ་མང་བོ་ཞིག་ཟ་མི་ཐུབ་པས་ཁོ་ཚོར་བགོས་ནས་ཟ་རུ་བཅུག་པ་ཡིན་ཟེར། ཚེ་ལོས་ཀུ་རེ་འདྲེས་མས། ཧྲུའུ་ཅིར་ཕུལ་བའི་བཅུད་ཟས་ངས་ཇི་ལྟར་སྤྱོད་རུང་ངམ་ཞེས་བཤད་པ་དང་གོམ་སྟབས་ཆེན་པོས་ཕྱི་རུ་ཆས།
       ཡུལ་དུ་ལོག་རྗེས། ཚེ་ལོར་སྒྱུག་མོས་འཕྲིན་ཡིག་ཅིག་བསྐུར་ཡོང་ཡོད། འཕྲིན་དུ་སྤོ་བོ་འདས་རྗེས་ཁྱོད་ཚོ་ཅིའི་ཕྱིར་འདས་དོན་སྒྲུབ་ཏུ་མི་ཡོང་བ་ཡིན་ནམ། མ་གཞིར་དེ་ལྟ་བུའི་དྲིན་གཟོའི་སེམས་ཤིག་ཀྱང་མེད་པ་རེད་དམ་ཞེས་བྲིས་འདུག ཚེ་ལོ་ཧད་པར་གྱུར། སེམས་སུ་སྤོ་བོ་ཚེ་ལས་འདས་ན་ངས་ཅིའི་ཕྱིར་མི་གོ་བ་ཡིན་ནམ་སྙམ་ཞིང་། ཕ་ཡུལ་གྱི་ཡུལ་ཚོའི་སྲིད་གཞུང་གི་ངོ་ཤེས་བརྒྱུད་དེ་ཨ་ཕར་ཁ་པར་བཏང་། ཨ་ཕས། དོན་འདི་ང་ལད་པ་ཡིན། རྒྱུ་མཚན་ནི། ཁྱོད་མིག་སྔར་བྱ་བའི་དཀའ་ཁག་ལ་ཕྲད་པ་དང་། སེམས་ཁམས་མི་དྭངས་པས། ང་ཚོས་ཁྱོད་ལ་གནོན་ཤུགས་ཇེ་ལྕི་རུ་མ་བཏང་བས་ཡིན། བྱེད་སྟངས་འདི་ནི་སྤོ་བོ་ལགས་ཕེབས་ཁར་བཞག་པའི་ཁ་ཆེམས་ཀྱང་ཡིན་ཞེས་སྨྲས་བྱུང་།
       ཨ་ཕའི་འགྲེལ་བཤད་དེ་ཐོས་རྗེས། ཚེ་ལོའི་སེམས་སུ། རང་ཉིད་ཀྱི་ཕྲད་རྐྱེན་ངན་པ་འདི་ཡིས་རང་ལ་མག་མོག་སྒྲོ་འདོགས་ཀྱི་དཀའ་ལས་བཟོས་པ་མ་ཟད། ད་དུང་ཁྱིམ་ཚང་ཡོངས་ཀྱི་བསམ་བློར་གནོན་ཤུགས་ལྕི་མོ་བསྐྲུན་དེ། རང་གི་ཆེས་དུང་པའི་སྤོ་བོ་ལགས་འདས་པར་སྐྱེལ་མའང་བྱེད་དུ་མ་བཅུག་སྙམ་ཞིང་ཡིད་སྐྱོ་ལ་སེམས་ཁྲོས། ཁོ་གྲགས་མེད་སྡུག་བསྔལ་གྱིས་རེ་ཞིག་བཅིངས་རྗེས་སྤོབས་པ་ཆེན་པོས། ངས་གོང་རིམ་ལ་ཞུ་གཏུགས་བྱ་རྒྱུ་ཡིན། གཏུགས་གཤེར་ལ་རྒྱལ་ཁ་མ་ཐོབ་བར་དུ་གཏན་དུ་ངལ་མི་གསོ་ཞེས་དམ་བཅས།
       ཚེ་ལོས་ལས་ཁུངས་སུ་གཏུགས་བཤེར་ཡི་གེ་འབྲི་བར་མི་སྐྲག ཡུལ་ཚོའི་ལས་བྱེད་མི་སྣ་ལ་ལས་ཁོ་ཅིའི་དོན་དུ་ཁོམ་གྱི་མེད་ཚུལ་དྲིས། ཚེ་ལོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར། ངས་རྫོང་ཨུ་ཧྲུའུ་ཅི་ནི་མིའི་ངག་ཀྱལ་ལ་ཉན་པར་དགའ་བ་དང་། དོན་དག་ཐག་གཅོད་ཐད་དྲང་བདེན་མིན་པས་ཡར་ཞུ་གཏུགས་བྱ་རྩིས་ཡིན་ཞེས་སྦ་གསང་མེད་པར་བཤད། ཚེ་ལོས་གཏུགས་བཤེར་ཡི་གེ་བྲིས་ནས་ཚར་མ་ཐག་རྩ་འཛུགས་པུའུ་ཀྲང་གིས་ཁ་པར་ཡོང་སྟེ། ཁོ་རྫོང་དུ་ཐེངས་གཅིག་ལོག་དགོས་ཚུལ་ལབ།
       པུའུ་ཀྲང་གིས་ཁོར་གཞུང་སྒྲུབ་ཁང་དུ་སྒུག་འདུག མཐོང་མ་ཐག་ཁོས་དོན་དག་སྒྲུབ་ན་གླེན་ཞིང་ཞི་འཇམ་མིན་ཚུལ་སྨྲས། ཚེ་ལོས། ངའི་དོན་དག་བསྐྱུར་ནས་ཡུན་རིང་འགོར་བས། ང་ཇི་ལྟར་ཞི་འཇམ་ཡིན་སྲིད་དམ་ཞེས་པར། པུའུ་ཀྲང་གིས། ཉེ་ཆར་རྫོང་ཨུའི་ཨུ་ཡོན་རྣམས་བྱ་བར་ཤིན་ཏུ་བྲེལ་བས་དེ་རིང་སོ་མ་མཉམ་དུ་འཛོམས་པ་ཙམ་ཡིན། ནང་ཁ་ཁྱོད་ཀྱི་དོན་དག་ལ་ཞིབ་འཇུག་བྱ་རྩིས་ཡོད་ཟེར།
       ངེས་ངེས་ཕྱི་ཉིན་ཡིག་ཆ་བསྒྲགས་ཡོང་དུས། ཚེ་ལོ་དར་ལག་ཡུལ་ཚོའི་སྲིད་གཞུང་གི་ཡུལ་དཔོན་དུ་བསྐོས་འདུག
དོན་བརྒྱད་པ།
       ཉིན་འགའི་རིང་ལ་ཡོས་ལན་གྱིས་ངའི་ཁ་པར་སྦྲེལ་ཉན་མ་བྱས། ངས་འཚབ་འཚུབ་དང་ཁོང་ཁྲོའི་ངང་འཕྲིན་ཐུང་གི་ལམ་ནས་ཚིག་འགའ་བཤད་པ་ན། མོས་གཞི་ནས་ཚུར་ཁ་པར་བཏང་ཡོང་། མོས། ཁྱོད་དང་མཚོ་མོ་ཟེར་བའི་མོ་རྐྱང་ཞིག་གི་བར་དུ་འབྲེལ་འདྲིས་ཟབ་མོ་འདུག ང་ལ་རྒྱབ་བསྟན་ནས་ཅི་ཞིག་བྱེད་བཞིན་པ་སུས་ཤེས། ང་ནི་བརྩེ་དུང་དང་གཉེན་སྒྲིག་གཉི་གའི་སྟེང་ནས་རྨས་སྐྱོན་ཕོག་མྱོང་བའི་བུད་མེད་ཅིག་ཡིན་པས། ད་ཡང་ཁོག་པར་སྐྱེས་པ་རྣམས་ཀྱི་ཁྱ་གེ་ཁྱོ་གེའི་རྣམ་འགྱུར་དེ་ཤོངས་དཀའ་ཟེར། ངས། མོ་ནི་ངའི་ཁྱིམ་མཚེས་ཡིན། ཉིན་དེར་མོས་ཟ་མ་སྐོལ་བ་མང་སོང་བས་ང་ལ་དཀར་ཡོལ་གང་བསྐྱལ་ཡོང་ཞེས་པར། ཡོས་ལན་གྱིས། གལ་ཏེ་མི་དེ་སྒྲོལ་མ་ཡིན་ན། ངས་རྩ་བ་ནས་བཟོད་སྒོམ་བྱས་ཆོག་ལ། ཁྱོད་ཚོས་བསྐྱར་གཉེན་སྒྲིག་ཀྱང་ང་ལ་བསམ་འཆར་ཅི་ཡང་མེད། རྒྱུ་མཚན་ནི། ཁྱེད་ཚོ་མ་གཞི་ནས་བཟའ་ཟླ་ཡིན་པ་མ་ཟད་ངས་ད་དུང་མོར་མང་པོ་ཞིག་ཆད་ཡོད། རེད་མོད་ཀྱང་དེ་ལས་གཞན་པའི་བུད་མེད་སུ་ཞིག་ཡིན་ཡང་། རྒྱུ་རྐྱེན་ཅི་ཞིག་ཡིན་རུང་། ངས་དང་ལེན་བྱེད་ཐབས་བྲལ་ཟེར་བ་མ་ཟད། མོས་ད་དུང་། དུས་ཡུན་འདི་འདྲའི་རིང་བོ་ཞིག་ལ་རང་ཉིད་ད་དུང་གཞན་གྱི་ཁྱིམ་དུ་བསྡད་ཡོད་པས། ནམ་ཞིག་ནི་མཇུག་སྒྲིལ་བའི་དུས་ཡིན་ཨང་ཟེར། མོས་སྐད་ཆ་ངུ་ངག་དང་འདྲེས་ཡོད། བལྟས་ཡོང་ན་ངས་མོར་ངོ་མས་ཁོང་ཁྲོ་སློང་འདུག ང་དེ་མུར་ཞིང་ཆེན་གྲོང་ཁྱེར་དུ་སོང་ནས་གདོང་གཏད་དེ་གནས་ཚུལ་གསལ་བཤད་བྱས་པ་མ་ཟད། ངས་ང་དང་མཚོ་མོ་གཉིས་ཀྱི་བར་ལ་ཕོ་མོའི་མཛད་སྤྱོད་གྱི་གནས་ཚུལ་ཅི་ཡང་མེད་ཚུལ་མནའ་ནག་བསྐྱལ་ཏེ་གསལ་བཤད་ཡང་དག་བྱས་པས། ད་གཟོད་མོའི་གོ་ནོར་སེལ་ཐུབ་ཙམ་བྱུང་། སྒུག་ནས་མཁའ་དབུགས་ཅུང་ཙམ་ཞི་ལྷོད་དུ་སོང་རྗེས། ངས་མོར་ཟླ་བའི་ཕྱོགས་ཀྱི་གནས་ཚུལ་ཅི་འདྲ་ཡིན་པ་དྲིས་ཤིང་། ང་ཚོས་ཀྲུའུ་ཕིན་ལ་འཕྲིན་ལན་ཞིག་བསྐུར་དགོས་པ་མིན་ནམ་ཞེས་བཤད། ཡོས་ལན་གྱིས། ཟླ་བས་འཕྲིན་ཐུང་སློག་ཡོང་། ཁོས་ང་ཁོ་བོའི་སྲིང་མོ་མིན་པ་ཤེས་ཡོད་པ་མ་ཟད། ད་དུང་བཟའ་ཐོར་བྱས་ཡོད་པའང་ཤེས་པས་ང་དང་བརྩེ་དུང་སླར་གསོ་ཀྱི་འབྲེལ་བ་འཛུགས་འདོད་འདུག གལ་ཏེ་དོན་དེ་ལེགས་འགྲུབ་མ་བྱུང་ཚེ། ད་གཟོད་བུད་མེད་གཞན་དག་སྟེང་བསམ་བློ་གཏོང་གི་ཡིན་ཟེར་ཅེས་སྨྲས་བྱུང་། ངས། ཁྱོད་ཀྱིས་ཇི་ལྟར་བཤད་པ་ཡིན་ནམ་ཞེས་པར། མོས། ངས་ཁོ་ལ་ང་ལ་དགའ་རོགས་ཡོད་པ་མ་ཟད། ཁོ་ད་དུང་བྱིས་པའི་ཨ་ཕ་ངོ་མ་ཡིན་པས། ཁྱོད་དང་གཉེན་སྒྲིག་བྱེད་མི་སྲིད་ཅེས་སྨྲས་མོད། འོན་ཀྱང་ཟླ་བའི་སེམས་ད་དུང་ངའི་སྟེང་དུ་འཁྲིལ་ནས་ལྷོད་འདོད་མི་འདུག་ཅེས་ཟེར།
       ངའི་སེམས་སུ། ཉིན་འདི་དག་རིང་ལ་ཡོས་ལན་གྱིས་ང་དང་མཚོ་མོའི་སྐྲ་སྣེ་གཉིས་བཟུང་སྟེ་མི་གློད་པ་ནི་དོན་འདིའི་ཕྱོགས་ཀྱི་རྒྱུ་རྐྱེན་མ་ཡིན་ནམ་སྙམ་ལ། ངས་མོར་དཀའ་ཁག་ཅིག་ཡོད་པའི་རྣམ་འགྱུར་ལ་བལྟས་ནས། ཁྱོད་ཀྱིས་གཟབ་ནན་གྱིས་བསམ་བློ་ཞིག་ཐོངས། རྒྱུ་མཚན་ནི་ཁོ་ནི་ཁྱོད་ཀྱི་ཐོག་མའི་མཛའ་གྲོགས་ཡིན་ཞེས་པར། ཡོས་ལན་གྱིས། ངས་བསམ་བློ་བཏང་ཟིན། དེ་ནི་དཔེ་མི་སྲིད་པ་ཞིག་རེད། དེ་ནི་ང་ཚོ་ལ་ཐུན་མོང་གི་བུ་ཕྲུག་ཞིག་ཡོད་པ་དང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་པའི་བརྩེ་དུང་ཞིག་ཡོད་པའི་རྐྱེན་གྱིས་ཡིན་པ་མ་ཟད། དེ་བས་གལ་ཆེ་བ་ནི་ངའི་གོལ་འཛོལ་གྱི་དབང་གིས་ཁྱེད་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་ཁ་ཐོར་དུ་སོང་བ་དེ་རེད། ད་ལྟ་ཁྱོད་ལ་ང་དགོས་མཁོ་ཆེ་བའི་སྐབས་སུ་ངས་བར་བཅུག་གི་རོལ་དབྱངས་ཆུང་ཆུང་ཞིག་གི་ཆེད་དུ་ཁྱོད་ལ་རྒྱབ་གཏོད་བྱེད་པའི་དཔེ་ག་ལ་སྲིད། ཁྱོད་ཀྱིས་སེམས་བདེ་མོ་བྱོས་ཟེར།
       ཉིན་འགའི་རིང་གི་མཚན་མོ་ཞིག་ལ། ངས་སེམས་ལྷོད་ལ་བབས་ཏེ་གསར་རྩོམ་བྱེད་པའི་དུས། ཡོས་ལན་གྱིས་ཁ་པར་བཏང་ཡོང་སྟེ། ང་ལ་བརྙན་འཕྲིན་ཁ་ཕྱེ་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གཉེན་ཉེ་འཚོལ་བའི་ལེ་ཚན་ཞིག་ལ་ལྟོས་ཤིག་ཟེར། ངས་ལེ་ཚན་དེ་ཁ་ཕྱེས་ཚེ། ནང་དུ་སྐྲ་དུང་དཀར་བའི་རྒན་རྒོན་གཉིས་མཐོང་བྱུང་། ངོ་སྤྲོད་བྱས་པར་གཞིགས་ན། སྐྱེས་པ་ནི་ཨུ་རུ་སུའི་དང་བུད་མེད་ནི་རྒྱལ་ཁོངས་ཨུ་རུ་སུར་གཏོགས་པའི་ཕྱི་སྡོད་ཀྲུང་གོ་བ་ཞིག་རེད། ལོ་བཞི་བཅུའི་གོང་རོལ་དུ། ཁོང་གཉིས་ཀྱིས་ཀྲུང་གོའི་སློབ་ཆེན་ཞིག་ཏུ་སློབ་སྦྱོང་བྱེད་སྐབས་དགའ་རོགས་བསྒྲིགས་པའི་དབང་གིས་སྟབས་མ་ལེགས་པར་ཕྲུ་གུ་ཞིག་སྐྱེས་ཤིང་། སློབ་སྦྱོང་ལེགས་འགྲུབ་བྱ་ཆེད་སྨན་ཁང་ཞིག་ཏུ་སྙིང་རྗེ་མེད་པར་ཕྲུ་གུ་དམར་འབྱར་དེ་བསྐྱུར་བ་དང་། སློབ་སྦྱོང་ལེགས་གྲུབ་བྱུང་རྗེས་སླར་ཡང་བུ་མོ་དེ་འཚོལ་དུ་ཡོང་དུས་སྨན་ཁང་ལ་ས་ཡོམ་ཆེན་པོ་ཞིག་གི་གནོད་འཚེ་ཐེབས་ཏེ་འབྲེལ་ཡོད་དཔྱད་གཞི་མ་ལུས་ཡོངས་སུ་བརླག་ཅིང་། བདེན་དཔང་བྱེད་མཁན་དང་འབྲེལ་ཡོད་ཡིག་ཆའང་ཅི་ཡང་མ་རྙེད་པས། རྒན་རྒོན་གཉིས་ཀྱིས་དཀའ་སྡུག་གིས་ད་ལྟའི་བར་དུ་བཙལ་བ་དེ་རེད། རྒན་རྒོན་གཉིས་པོས་གཉེན་ཉེ་འཚོལ་བའི་བརྒྱུད་རིམ་གླེང་སྐབས་སྐྱོ་གདུང་གི་མིག་ཆུ་ལྷུག་ལྷུག་དཀུ་ཞིང་། དེ་ལས་རང་གིས་རང་ལ་ལེ་བདའ་དང་འགྱོད་པ་སྐྱེད་པའི་བསམ་པ་ཟབ་མོ་མངོན་ཐུབ། དོན་དག་འདི་ནི་རྒྱུ་འབྲས་དྲང་གཞག་གི་སེམས་ཁམས་ངོས་སུ་དུས་གཏན་དུ་གསུབ་ཐབས་བྲལ་བར་སྨྲ་ལ། གལ་ཏེ་བུ་མོ་མ་རྙེད་ན་ཚེ་འདིར་མིག་བཙུམ་དཀའ་ཚུལ་བརྗོད།
       ཡོས་ལན་གྱིས་བལྟས་ཚར་རྗེས། རྒན་རྒོན་དེ་གཉིས་ཀྱིས་བཤད་པའི་དུས་ཚོད་དང་། ས་གནས། སྐབས་དེ་དུས་ཀྱི་བྱུང་རིམ་ཐམས་ཅད་ངའི་ཕ་ཡེར་དང་མ་ཡེར་གཉིས་ཀྱིས་ང་བདག་སྐྱོང་བྱས་པའི་གནས་ཚུལ་དང་རྦད་དེ་མཐུན་གྱི་ཡོད། བལྟས་ཡོང་ན་ཁོང་ཚོ་ནི་རང་ཉིད་ཀྱི་ཕ་མ་དངོས་ཡིན་པ་ཁོ་ཐག་རེད་ཟེར།
       ངས། ཁོ་ཐག་དེ་ལྟར་ཡིན་ངེས། ཁྱོད་ཀྱིས་མྱུར་དུ་ཁ་པར་བཏང་ནས་འབྲེལ་བ་ཞིག་བྱོས་ཞེས་པར།
       ཡོས་ལན་གྱིས་ཞི་འཇགས་ཀྱི་སྒོ་ནས། ངས་ཁོ་ཚོ་དང་འབྲེལ་བ་བྱེད་མི་འདོད། ཁོ་ཚོས་ང་སྐྱེས་སུ་བཅུག་རྗེས་ཡང་སྙིང་རྗེ་མེད་པའི་སྒོ་ནས་སྤང་། ངས་ཅིའི་ཕྱིར་ང་ལ་ཁོ་ཚོ་དགོས་མཁོ་མེད་པའི་སྐབས་སུ་ད་དུང་རང་འགུལ་གྱིས་ཁོ་ཚོ་ངོས་འཛིན་བྱེད་དགོས་པ་ཡིན་ནམ། གལ་ཏེ་ཁོ་ཚོར་ད་དུང་སྙིང་རྗེ་ཞིག་ཡོད་ན། ཁོ་ཚོ་རང་ཉིད་སྡིག་བཤགས་སུ་ཆས་ཆོག་ཅེས་ཟེར།
       དེར་ངས། ཁོ་ཚོས་ལྷག་བསམ་རྣམ་དག་གིས་སྐྱོན་ཆ་ངོས་ལེན་དང་དགོངས་དག་ཞུ་བཞིན་ཡོད་པ་མ་རེད་དམ། མི་རྣམས་གཞོན་པའི་དུས་སུ་སྐབས་ལར་གླེན་རྨོངས་སུ་གྱུར་ཏེ་རང་ཉིད་ཚེ་གང་བོར་འགྱོད་པ་སྐྱེས་པའི་ནོར་འཁྲུལ་གྱི་བྱ་བ་སྒྲུབ་པའི་གནས་ཚུལ་ཡང་འབྱུང་སྲིད་ངེས་རེད། དེ་སྔ་ངེད་གཉིས་ཡུལ་ཚོར་སྡོད་སྐབས་ཀྱི་དགོང་མོ་དེར་གལ་ཏེ་གློ་བུར་དུ་དྲན་པ་མ་སད་ཚེ། ཚེ་གང་བོར་འགྱོད་པ་སྐྱེས་པའི་གླེན་དོན་བསྒྲུབས་ཡོད་ཀྱང་སྲིད་པ་བཞིན། ཁོ་ཚོས་མི་ཚེ་གང་བོར་རང་གི་གོལ་འཛོལ་སླར་གསོ་ལ་འབད་པའི་ངོ་སྐལ་ལ་བལྟས་ནས། ཁྱོད་ཀྱིས་ཁོ་ཚོ་དང་ལེན་བྱ་རོགས་ཞེས་སྨྲས།
       ཡོས་ལན་གྱིས། ཁྱོད་ཀྱིས་བཀག་འགོག་མ་བྱེད། ངས་སེམས་རྣལ་དུ་ཕབ་ནས་ཉིན་འགར་བསམ་བློ་བཏང་རྗེས་ད་གཟོད་བཤད་ཆོག་ཟེར།
       ང་རང་ཞིང་ཆེན་གྲོང་ཁྱེར་དུ་སོང་ནས་ཡང་ཁ་ཏ་མང་ཙམ་བྱས་པས། ཡོས་ལན་གྱིས་གཞི་ནས་གཉེན་ཉེ་ངོས་འཛིན་གྱི་བྱ་བ་ཁས་བླངས།
༧༨
       འཚོ་བ་ནི་ཇི་འདྲའི་མགྱོགས་པ་ལ་ཨང་། སྐད་ཅིག་ཉིད་ལ་བུ་ཆུང་སློབ་ཆེན་དུ་འགྲོ་བའི་དུས་སུ་སླེབས།
       བུ་ཆུང་པེ་ཅིང་གི་ལྟེ་གནས་སློབ་ཆེན་ཞིག་ལ་རྒྱུགས་འཕྲོད་པས་ཚེ་ལོའི་སེམས་ཁམས་ཧ་ཅང་སྐྱིད་པོར་གྱུར་ཡོད། ཁོ་ད་ལྟ་ཡུལ་ཚོའི་ཡུལ་དཔོན་ནས་ཡུལ་ཚོའི་ཧྲུའུ་ཅིར་འཕར་ཞིང་། བྱ་བའི་ཕྱོགས་ཡོངས་ལ་བཀོད་འདོམས་བྱེད་བཞིན་ཡོད་པ་མ་ཟད། ཉེ་ཆར་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཞོན་པ་འགའ་གདམ་གསེས་གནས་སྤར་བྱ་རྩིས་ཡོད་པ་བཞིན་རང་ཉིད་ཀྱང་ཐོབ་ཐང་དེར་སླེབས་ཡོད་པས། མི་འགྱངས་པའི་རྗེས་སུ་མུ་མཐུད་གོ་གནས་འཕར་བར་རེ་བ་མཐོན་པོ་ཡོད།
       ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་གནང་བ་ཞུས་ནས་བྱིས་པ་སློབ་གྲྭར་བསྐྱལ་ནས་ཕྱིར་ལོག་དུས། གནམ་གྲུ་གནམ་གཤིས་མི་ལེགས་པར་འཕྲད་རྐྱེན་ཉིན་གཅིག་གི་འགྲུལ་བཞུད་ལ་འགོར་འགྱངས་ཀྱི་འཐུས་ཤོར་བྱུང་། དེ་དང་བསྟུན་ནས་ཏག་ཏག་ཉིན་དེར་ཡུལ་ཚོར་མི་སྲོག་གི་གྱོད་གཞི་ཞིག་ཀྱང་བྱུང་བ་སྟེ། ས་གནས་འདི་གའི་དབྱར་རྩྭ་དགུན་འབུའི་ཁེ་བདག་ཅིག་དང་ས་ཆ་གཞན་གྱི་དབྱར་རྩྭ་དགུན་འབུའི་ཁེ་བདག་གཉིས་བར་དབྱར་རྩ་དགུན་འབུ་ཉོ་ཚོང་བྱེད་སྐབས་ཁ་རྩོད་བྱུང་བ་མ་ཟད། ད་དུང་ས་གནས་འདི་གའི་ཁེ་བདག་གིས་ས་ཆ་གཞན་པའི་ཁེ་བདག་དེར་ལག་འགུལ་རྡུང་རྡེག་བྱས་འདུག ཏག་ཏག་ཉིན་དེའི་དགོང་མོར་ས་གནས་འདི་གའི་སྦྱིན་བདག་དེ་ཅི་ཡིན་འདི་ཡིན་མེད་པར་ཤི་བ་རེད། ཡུལ་མི་ཚོས་ས་ཆ་གཞན་པའི་ཁེ་བདག་དེ་བཟུང་ནས་ཡུལ་ཚོའི་མངགས་གཏོང་ཁང་ལ་སྤྲད། མངགས་གཏོང་ཁང་གིས་བརྟག་དཔྱད་བྱས་པ་ལྟར་ན། ས་ཆ་གཞན་པའི་ཁེ་བདག་དེས་སྐབས་དེར་རྩ་བ་ནས་ལག་འགུལ་མི་འདུག་ལ། དེའི་རྗེས་སུ་ཉེས་གསོག་གི་གོ་སྐབས་ཀྱང་མི་འདུག་པར་ངོས་བཟུང་སྟེ་ཕྱིར་བཏང་བ་རེད། རྐྱེན་དེས་རོ་བདག་གིས་བམ་པོ་ཡུལ་ཚོའི་སྲིད་གཞུང་དུ་སྐྱེལ་ཡོང་ནས་རྔམ་སྟོན་བྱས་པ་སྟེ། སེམས་སུ་ཡུལ་ཚོས་བསམ་གཟས་ནས་ཉེས་ཅན་ཕྱིར་བཏང་བ་རེད་སྙམ། གནས་ཚུལ་འཚབ་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ་དེ་མུར་ཡུལ་མི་མང་པོ་ཞིག་དེའི་ཁྲོད་དུ་ཞུགས་པ་རེད། རྫོང་ཨུས་མངགས་གཏོང་ཁང་གི་སའོ་ཀྲང་གི་གོ་གནས་མར་ཕབ་པ་མ་ཟད། ད་དུང་རང་དགར་ལས་གནས་དང་ཁ་བྲལ་བར་ཁ་གཡར་ནས་ཚེ་ལོར་སྲིད་འཛིན་སྐྱོན་ཆེན་ཐོ་འགོད་ཀྱི་ཆད་པ་བཅད་ཅིང་། དམངས་སེམས་བདེ་ལ་ཕབ། ཚེ་ལོར་མ་ཉེས་ཁ་གཡོག་གི་ཚོར་བ་བྱུང་ཡང་། མིག་སྔར་གྱི་གནས་བབ་ལ་བསམ་ཚེ། རང་ཉིད་ལས་ངན་དེ་ཁོ་ནར་ཁས་བླངས། སེམས་སུ། འདི་ཡང་རྫོང་ཨུའི་སྐབས་བསྟུན་གྱི་བྱེད་ཐབས་ཤིག་ཡིན་ལ། དུས་ཡུན་དེ་ཕར་འདས་པ་དང་། ལག་དམར་ངོ་མ་བཟུང་ཚེ་བྱ་བ་ཚང་མ་མཇུག་སྒྲིལ་བ་རེད་བསམ་གྱི་འདུག
       དུས་ཡུན་ངེས་ཅན་ཞིག་སོང་རྗེས། རྫོང་ཐོག་གི་འདེམས་བསྐོ་མཇུག་སྒྲིལ་བ་རེད། ཨྱོན་སོགས་མི་འགའ་རྫོང་དཔོན་གཞོན་པའི་གོ་གནས་སུ་བཞུགས། སྐབས་དེར། ལག་དམར་ཡང་བཟུང་ཟིན། དེ་ནི་ས་གནས་འདི་གའི་དབྱར་རྩྭ་དགུན་འབུའི་ཁེ་བདག་གཞན་ཞིག་རེད། ཁོས་ཀྱང་དབྱར་རྩྭ་དགུན་འབུའི་ཚོང་ལས་ཀྱི་ཆེད་དུ་ས་གནས་འདི་གའི་ཁེ་བདག་བར་སྙིང་ནད་ཆགས་ཤིང་། ཤི་བོ་དང་ས་ཆ་གཞན་གྱི་ཁེ་བདག་བར་འབྲེལ་བ་ཚབས་ཆེན་བྱུང་བའི་གོ་སྐབས་དང་བསྟུན་ནས་གསང་བའི་སྒོ་ནས་ཁོ་བསད་དེ། ཉེས་པ་གཞན་དཀྲི་རྩིས་ཡོད་པས་རེད།
       དོན་དངོས་གསལ་ཐག་ཆོད་སོང་། སའོ་ཀྲང་གི་གོ་གནས་སླར་གསོ་བྱས་མོད། འོན་ཀྱང་ཚེ་ལོའི་སྙན་གྲགས་སླར་གསོ་མ་བྱས། ཁོ་ཉིན་གང་བོར་ཡིད་མུག་པར་གྱུར། ཡུལ་ཚོའི་ལས་བྱེད་པ་དང་མང་ཚོགས་ཁ་ཤས་ཀྱིས་ཚེ་ལོ་ལ་མ་ཉེས་ཁ་གཡོགས་ཐེབས་པ་ཤེས་པས། མིང་ཐོག་ནས་མཉམ་དུ་འཕྲིན་ཡིག་བྲིས་ཏེ་ཚེ་ལོའི་སྙན་གྲགས་སླར་གསོ་དགོས་པའི་རེ་བ་ཞུས། རེ་བ་ཆེས་དྲག་པོ་འདོན་མཁན་ནི་མཐའ་དམར་གྲོང་ཚོའི་ལས་བྱེད་དམངས་ཚོགས་རེད། ཁོ་ཚོས་ཚེ་ལོའི་བྱས་རྗེས་དངོས་བརྗོད་པ་དང་ཆབས་ཅིག ད་དུང་ལོ་འགའི་སྔོན་ལ་གྲོགས་མཛད་དེ་གྲོང་ཚོའི་རྩྭ་ས་རྩོད་གླེང་ཞོད་འཇགས་སུ་བཏང་བའི་གནས་ཚུལ་ཡང་བཤད་དེ། དཀའ་ངལ་མང་པོ་ཞིག་བརྒྱུད་མཐར་གཞི་ནས་ཆད་པ་མེད་པར་བཟོས་པ་རེད།
       གཟའ་ཉི་མའི་ཉིན་ཞིག་ལ། ཚེ་ལོ་དང་རྩོམ་གྲོགས་འགའ་ཟ་ཁང་ཞིག་ཏུ་མཉམ་ཟས་རོལ་དུ་སོང་ཚེ། མགར་ཁྲི་ཡུལ་ཚོའི་ལས་གྲོགས་ཤིག་དང་འཕྲད། ལས་གྲོགས་དེ་ནི་དེ་སྔ་རྫོང་གི་ལྒང་ལི་འགྲན་བསྡུར་ཁྲོད་སློབ་གསོ་རུ་ཁག་གི་སྤོ་ལོ་རྒྱག་མཁན་ཨང་རྟགས12པའི་རྐང་བར་སྤོ་མཁན་མགར་ཁྲི་རུ་ཁག་གི་རུ་མི་ཨང་རྟགས11པ་དེ་རེད། ནམ་རྒྱུན་ཁོ་དང་འབྲེལ་བ་མི་བཟང་རྒྱུ་མེད་པས། ཚེ་ལོས་ཁོ་བོས་ནས་མཉམ་དུ་ཟ་མ་ཟོས། རྩོམ་གྲོགས་ཚོ་ཕྱིན་སོང་། ལས་གྲོགས་ཁ་བྲལ་མི་བཟོད་པར་ཚེ་ལོ་དང་དཔོན་ལམ་སྐོར་གྱི་དོན་དག་གླེང་། ཁོས་ཚེ་ལོས་ཆད་པ་འཁུར་བས་ད་གཟོད་བདམས་ཐོན་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་མེད་པར་བཟོས་པ་དེ་ཤེས་ཀྱི་ཡོད་ལ། གོ་གནས་སྤར་བའི་གོ་སྐབས་མེད་སོང་བས་ཁོའི་དོན་དུ་དྲང་གཞག་མིན་ཚུལ་གྱི་ཁ་བརྡའང་བྱེད་འདོད་པ་དེ་རེད། ཚེ་ལོས། མི་ལ་ཚེ་གང་བོར་དོན་དག་ཅི་ཞིག་ལེགས་འགྲུབ་འབྱུང་དགོས་ན་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ལས་དབང་ལ་བརྟེན་དགོས། གལ་ཏེ་ལས་དང་བསོད་ནམས་མེད་ན། གནམ་རྒན་མས་ཀྱང་ཁྱོད་ལ་ཁ་གཏད་བྱེད་སྲིད། གལ་ཏེ་ཉིན་དེར་སྨུག་པ་སྟུག་པོའི་གནམ་གཤིས་གྱིས་གནམ་གྲུར་འགོར་འགྱངས་བྱས་མེད་ན་རང་ཉིད་རྗེས་སུ་ལུས་མི་སྲིད་ལ། ཡང་ན་ཤི་པོའི་ཁྱིམ་མིས་ཟིང་ཆ་དེ་འདྲ་སློང་མེད་ཚེ་ཁོ་བོས་ཆད་པའང་འཁུར་དོན་མེད་ཟེར། ལས་གྲོགས་ཀྱིས། དོན་དག་ནི་དེ་འདྲའི་སླ་མོ་ཞིག་མ་རེད། ངས་གསང་བ་ཞིག་བཤད། ཁྱོད་ཀྱིས་ང་ལ་ངེས་པར་དུ་ཁ་དམ་སྲུང་བྱེད་རྒྱུ་ཁས་ལེན་དགོས། དེ་ལྟར་མ་བྱས་ན་ངའི་རྗེས་ཕྱོགས་ཀྱི་འཚོ་བ་སྐྱིད་པོ་ཡོང་གི་མ་རེད་ཟེར། ཚེ་ལོས། ཁྱོད་ཀྱིས་སེམས་བདེ་པོའི་ངང་ཤོད་དང་། ངས་གནམ་རྒན་མ་མནའ་དཔང་དུ་བཞག་ཆོག གཏན་ནས་ཕྱིར་མི་ཤོར་བ་ཡིན་ཟེར། དེ་ནས་ཁོས་བློ་བདེ་མོའི་ངང་བཤད་རྒྱུར།
       ཁྱོད་ཀྱིས་ཤི་པོ་དེ་དང་ང་ཚོའི་མགར་ཁྲི་ཡུལ་ཚོའི་སྲིད་གཞུང་གི་ལས་བྱེད་པ་རྡོ་རྗེ་གཉིས་བར་གྱི་འབྲེལ་བ་ཤེས་སམ།
       གསལ་པོ་མི་ཤེས།
       ཁོ་ནི་རྡོ་རྗེའི་སྲིང་མོའི་ཁྱོ་ག་རེད།
       དེ་ཡིན་ནའང་ཅི་རེད་དམ།
       ཁོས་ཁྱིམ་མི་ལ་ངན་སྐུལ་བྱས་ནས་ཟིང་ཆ་སློང་བ་རེད།
       ཁོ་ཅིའི་ཕྱིར་ཟིང་ཆའི་ནང་ཞུགས་པ་ཡིན་ནམ།
       ཁོས་དང་ཐོག་སྲིང་མོར་རོགས་རམ་བྱས་ནས་རང་གི་ཁོང་ཁྲོ་ཙམ་མངོན་འདོད་པ་ཡིན་མོད་ཀྱང་། འོན་ཀྱང་དེ་མུར་ཨྱོན་རྒྱན་གྱི་བཀོལ་སྤྱོད་བྱས་ཟིན།
       ཨྱོན་རྒྱན་ཡང་ནང་དུ་ཞུགས་པ་རེད་དམ།
       ཞུགས་པ་རེད། སྐབས་དེར་ཁྱོད་ཚོས་རྫོང་དཔོན་གཞོན་པའི་གོ་གནས་འགྲན་རྩོད་ལ་གྲ་སྒྲིག་བྱེད་བཞིན་པ་མིན་ནམ། ཁྱོད་ནི་ཁོའི་འགྲན་ཡ་སྟོབས་ལྡན་དེ་ཡིན་པས། གལ་ཏེ་ཁོས་གོ་སྐབས་ཙམ་རྙེད་ཚེ་ཁྱོད་ཇི་ལྟར་ཕྱིར་འབུད་བྱེད་པར་བྲེལ་འདུག
       དེར་མཐུད་དེ། ལས་གྲོགས་ཀྱིས་ཨྱོན་གྱིས་ཇི་ལྟར་འཆར་བཀོད་བྱས་ཏེ། རྡོ་རྗེ་ལ་ཁྱིམ་མིར་ཟིང་ཆ་སློང་བར་སྐུལ་ཞིང་། ཚེ་ལོར་ཆད་པ་ཕོག་ཏུ་བཅུག་ཚེ། ཁོ་རྫོང་དུ་ལས་གནས་སྤར་ཐུབ་ཅིང་རྡོ་རྗེ་ཡང་ཡུལ་དཔོན་གཞོན་པར་བསྐོས་ཆོག་པར་བྱས་པ་དེ་རེད་མོད། འོན་ཀྱང་ཨྱོན་རྫོང་དུ་སོང་རྗེས་ཡུལ་དཔོན་གཞོན་པའི་འགན་དེ་མི་གཞན་གྱིས་འཁུར་སོང་བས། རྡོ་རྗེས་ཨྱོན་ཁ་དན་ཚིག་ལ་མི་གནས་སྙམ་ཞིང་སེམས་མི་སྐྱིད་པར་ཆང་འཐུང་རྗེས་ཁོ་ལ་དོན་དེ་བཤད་པ་རེད། ལས་གྲོགས་ཀྱིས་ད་དུང་། ཨྱོན་ནི་གཡོ་སྒྱུ་ཤིན་ཏུ་ཆེ་བས། སུས་ཀྱང་འགྲན་མི་ཐུབ། ཐེངས་དེའི་ལྒང་ལི་འགྲན་སྡུར་སྐབས་ཀྱང་རང་ཉིད་ཀྱིས་ཐ་ཤལ་གྱི་ལག་ཐབས་སྤྱད་ནས་ད་གཟོད་ཕ་རོལ་པོའི་རུ་མི་ཨང་རྟགས12པར་རྨས་སྐྱོན་བཟོས། དེའང་ཨྱོན་གྱི་ཐབས་བརྒྱ་ཇུས་སྟོང་གིས་ཁོ་འགོག་དགོས་པའི་བཙན་པོའི་བཀོད་འདོམས་ལས་བྱུང་བ་ཡིན། ཉིན་རྒྱུན་དོན་དེ་ཡིད་ལ་དྲན་ཐེངས་རེར། སེམས་སུ་འགྱོད་པས་ཁེངས་ཤིང་ཐ་ན་སྐྲག་སྣང་ཡང་སྐྱེས་ཟེར།
       ཚེ་ལོས་ལྐོག་གཡོ་ངན་པ་འདི་འདྲ་ཡོད་པ་གཏན་ནས་ཤེས་མེད།
       ཚེ་ལོས་དོན་དག་དེ་སེམས་སུ་བཅུག་ཡོད། ཁོས་མནའ་སྐྱེལ་བ་བཞིན། ཁོས་རང་གི་ལས་གྲོགས་གཡོ་ཚོང་མི་བྱེད་མོད། འོན་ཀྱང་། ཁོས་དེ་ལྟར་རང་ལ་གཞན་གྱིས་ལྐོག་གཡོ་འཐེན་པར་ཡང་བཟོད་བསྲན་བྱེད་མི་ཐུབ། རེད་མོད་ཀྱང་། ཚེ་ལོས་གློ་བུར་དུ་དེ་སྔའི་རྫོང་དཔོན་གྱི་ལས་གནས་གཞན་དུ་སྤར་བ་དང་། ཁོའུ་ཧའོ་ཡིས་སྔར་བཞིན་བྱ་བའི་སྣེ་ཁྲིད་བཞིན་ཡོད་པ། ཨྱོན་གྱིས་ཀྱང་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་ཡོད་པ་བཅས་དྲན་པས། ད་ལྟ་མགོ་ཡར་འགྱོགས་འདོད་ན་ཇི་འདྲའི་དཀའ་ཨང་སྙམ་བྱུང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།