logo

སྒྱུ་འཕྲུལ་མེ་ལོང་ལས་བྱུང་བའི་ཧབ་ཆ།

རྩོམ་པ་པོ།:ཉི་མ་ནོར་བུས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-05-12 ཀློག་གྲངས།:
སྒྱུ་འཕྲུལ་མེ་ལོང་ལས་བྱུང་བའི་ཧབ་ཆ།
ཡུས་ཡུང་ཏུའོ་ཡིས་བརྩམས།
ཉི་མ་ནོར་བུས་བསྒྱུར།

       ཨན་རན་གྱིས་མིག་ཕྱེ་པ་ན། མོས་སྣང་བ་རུ་ད་དུང་རྨི་ལམ་ནང་དུ་ཡོད་སྙམ། དེ་ལའང་ཐུགས་ཁག་མེད་དེ་ལག་གཡོན་མ་དང་དཔུང་བ་གཡོན་མ་ལས་ཡན་ལག་གཞན་དག་ལ་ཚོར་བ་ཅི་ཡང་མི་འདུག། ཐ་ན་ཀླད་པའི་ནང་གི་སྔོ་ཞིང་དྭངས་བའི་འདུ་ཤེས་ཀྱི་རླབས་རྒྱུན་དེ་ཡང་བརྐམས་པར་གྱུར། “ཅི་འདྲའི་རྨི་ལམ་རིང་པོ་ཞིག་ཨང་།” ཨན་རན་གྱིས་མལ་ཁྲིའི་འགྲམ་ལ་རྡེག་བཞིན་མཚམས་མི་ཆད་པར་གཉིད་ལབ་མང་ཙམ་བརྒྱབ། མོས་འགྲམ་ཤ་འཐེན་ནས་རང་ཉིད་རྨི་ལམ་ལས་བསླངས་བར་འདོད་སྐབས། ལག་པར་ཚེར་མས་བཙུགས་པ་ལྟར་ན་ཟིག་བསླངས། ཡང་བསྐྱར་རེག་སྐབས། གདོང་གཡས་པ་ནི་ལྕགས་ལ་རེག་པ་ལྟར་གྲང་ཤུར་ཤུར་དུ་སྣང་། མོས་སེམས་རྣལ་དུ་ཕབ་ཏེ་འགྲམ་ཤ་འཐེན་ཙམ་བྱས་པ་ན་སྒྲ་གསལ་མོ་ཞིག་གྲགས་བྱུང་། ཨན་རན་གྱིས་གནམ་རྒན་མ་ཟེར་བཞིན་ཨག་ཤད་ཐེངས་གཅིག་འཐེན། མོས་ལམ་སང་མེ་ལོང་ཞིག་བཙལ་ཏེ་རང་ཉིད་ཀྱི་གདོང་ལ་ཅི་ཞིག་བྱུང་བར་ལྟ་འདོད་ཤིན་ཏུ་ཆེ།
       ལིན་ཁྲུང་དལ་མོའི་ངང་ཁྱིམ་ལ་འཛུལ་བྱུང་། ཁོས་ཨན་རན་ལ་མིག་ཟུར་ཙམ་ཡང་མི་ལྟ་བར་སྔས་མགོ་ནས་ཁ་པར་བླངས་ཏེ་མགོ་བོ་བསྒུར་ནས་ཁ་པར་བརྩེས། ཅུང་ཙམ་ནས་དལ་མོའི་ངང་ཕྱི་རུ་ཕེབས་སོང་། ཨན་རན་གྱིས་མལ་ཁྲིའི་འགྲམ་ལ་ཤུགས་ཀྱིས་རྡེག་པས། ལིན་ཁྲུང་དངངས་སྐྲག་ངང་ཕྱིར་འཁོར་ཏེ་མོར་བལྟས་པ་ན། ཨན་རན་གྱིས་ཁྱོད་ཀྱི་མིག་ནང་དུ་ང་ཡོད་དམ་ཞེས་བཤད། ལིན་ཁྲུང་དོགས་མི་བདེ་བའི་ངང་ནས་ཞོགས་པ་བདེ་ལེགས་ཞེས་འཚམས་འདྲི་ཞིག་བྱས། ཨན་རན་ཁོང་ཁྲོ་ལངས་ཏེ་ད་ལྟ་ཞོགས་པ་ཡིན་ནམ་ཞེས་ལྡོག་འདྲི་བྱས། ང་ནང་དུ་ལོག་སྐབས་ཏག་ཏག་ཉི་རྩེ་རི་ལ་བརྒྱབ་བྱུང་ཞེས་ལིན་ཁྲུང་གིས་དེ་ལྟར་བཤད། ཨན་རན་གྱིས་གྲང་ཤུར་ཤུར་གྱི་གདོང་ལ་རེག་བཞིན། དེ་ན་ང་ད་དུང་རྨི་ལམ་ཁྲོད་དུ་གནས་ཡོད་པར་སྣང་། ལིན་ཁྲུང་གིས་ཅི་ཡང་མ་ཐོས་པ་ལྟར་རྣམ་འགྱུར་ཅི་ཡང་མེད། ང་སྐྱོར་དང་ཡར་ལངས་དགོས་འདུག་ཨན་རན་གྱིས་དེ་ལྟར་བཤད་པ་ན། ལིན་ཁྲུང་གིས་ལག་པ་ཚུར་ལ་བརྐྱངས་བྱུང་། གློ་བུར་དུ་ཁོས་ལག་པ་ཕྱིར་བསྐུམས་ཏེ་ན་རེ། ཨན་རན། ཁྱོད་ཀྱི་ལྷུ་ལག་གཙོ་བོ་ཉིན་གཉིས་ཀྱི་རྗེས་ནས་ད་གཟོད་སླེབས་ཐུབ།
       ཨན་རན་གྱིས“ཁྱོད་ཀྱིས་ཉོག་བཤད་མ་བྱེད། ལྷུ་ལག་གཙོ་བོ་ཅི་ཞིག”ཅེས་དྲིས།
       དངོས་འབྲེལ་རྨི་ལམ་རྨིས་པ་དང་འདྲ། ཨན་རན་གྱིས་སེམས་ཁམས་ལྷོད་ལ་བབས་ཏེ་སྐད་དམའ་མོས། ལིན་ཁྲུང་། ང་ཡར་མར་ལ་འགྲོ་ན་འདོད། ལིན་ཁྲུང་གིས་ཨན་རན་ལགས། ཁྱོད་ཀྱིས་ཅུང་ཙམ་སྒུག་རོགས། ངེད་གཉིས་ཀྱིས་གནས་བབ་འདི་ལ་དངོས་གནས་ལོབ་ཏུ་འཇུག་དགོས། ཨན་རན་གྱི་སེམས་སུ་རང་གིས་གོ་བ་ལོག་སོང་བསྙམ་པའི་སྒང་ལ་མིག་མདངས་རབ་རུབ་ཏུ་གྱུར། མདུན་གྱི་མི་དེའི་སྐད་གདངས་དང་རྣམ་འགྱུར་ཚང་མ་ཅི་འདྲའི་རྒྱུས་མེད་ཅིག་ཏུ་གྱུར་སོང་། མོས་སྐད་ཤུགས་ཆེན་པོས་ཁྱོད་ལིན་ཁྲུང་ཡིན་ནམ་ཞེས་དྲིས་པ་ན། ལིན་ཁྲུང་གིས་སོ་རྩ་གཉེར་ཙམ་བྱས་ཏེ་གཉེར་མས་གང་བའི་གདོང་ལ་གཏུམ་དྲག་གི་ཉམས་ཤིག་ཤར། གློ་བུར་དུ་ཁ་པར་གྲག་པ་ན། ལིན་ཁྲུང་མགྱོགས་མྱུར་ངང་ཕྱི་རུ་ཆས་སོང་། ཕྱི་རུ་སླེབས་མ་ཐག་ཁོས་ཁོང་ཁྲོ་དང་བཅས་ཏེ“ཝེ། སྐད་ཆ་ཤོད། ང་ལིན་ཁྲུང་ཡིན།”ཞེས་བཤད།
       ཨན་རན་གྱིས་སྒེའུ་ཁུང་གི་ཡོལ་བ་ཕྱེ་བར་བརྩམས་ཏེ་ལག་པ་ཇི་ལྟར་ཤུགས་ཀྱིས་བསྲིངས་ཀྱང་ཡོལ་བའི་ངོས་སུ་སེན་མོ་ཕྲད་པ་ཙམ་ལས་ཕྱེ་མ་ནུས། མོས་སེམས་སུ་རྨི་ལམ་ཁྲོད་དུའང་རང་སྣང་གང་ཤར་བྱེད་མི་རུང་བ་འདྲ་བསྙམ་སྟེ། ཡིད་ལ་འཆར་ཐུབ་པ་མཐའ་དག་ཞིབ་ཚགས་ངང་ཕྱོགས་གཅིག་ཏུ་བསྡུས་ཏེ་འོད་ཟེར་ཉག་གཅིག་ཏུ་གྲུབ་པར་རྩིས་བཀོད་བྱས་ལ། འོད་དེར་སྲིན་འབུ་མེ་ཁྱེར་ཙམ་གྱི་གསལ་ཚད་ལས་མེད་ནའང་ཡིད་ཚུམ་པར་འདོད། ཨན་རན་གྱིས་རང་གི་ངོ་གདོང་གཡས་པར་ཅི་ཞིག་བྱུང་ཡོད་པ་མཐོང་འདོད་ཤིན་ཏུ་ཆེ། མོས་མིག་མདུན་ནི་རབ་རུབ་དང་མག་མོག་ཏུ་གྱུར་ལ། རྙོག་འཛིང་དང་གཡོ་སྐྱོམ་བྱེད་པའི་རི་མོ་ཞིག་མངོན་བྱུང་། དེ་དག་གིས་མོས་མིག་ཟུང་འཁྲུལ་བར་བྱས་རྗེས་རི་མོ་གཉིས་མངོན་བྱུང་། དེ་ནི་བརྟན་རྣམ་གྱི་རི་མོ་ཞིག་དང་གཡོ་རྣམ་གྱི་རི་མོ་ཞིག་རེད། བརྟན་རྣམ་གྱི་རི་མོ་ནི་གཞོན་ནུ་མ་ཞིག་གི་དབུ་བརྙན་ཡིན་ལ། གཡོ་རྣམ་གྱི་རི་མོ་ནི་འུར་ཟིང་གི་རྣམ་པ་ཞིག་རེད། འབྲེལ་བ་མེད་པའི་རི་མོ་གཉིས་ཕན་ཚུན་འོད་འཚེར་ལ་བསྣོལ་ཅིང་འཐབ་པས་མོའི་སེམས་མི་སྐྱིད་པར་གྱུར། མོས་རང་ཉིད་ལ་དེ་ནི་རྨི་ལམ་ལས་སད་མི་ཐུབ་པ་ཙམ་ལས་ཅི་ཡང་མིན་པའི་སེམས་གསོ་བྱེད་བཞིན་སེམས་ཁམས་ཞི་འཇགས་སུ་ཕབ་པར་བརྩོན། ཨན་རན་མཆུ་སྒྲོས་སྟེང་དུ་སྨེ་བ་ཡོད་པའི་གཞོན་ནུ་མ་དེར་མི་དགའ། མོ་ནི་མི་ཤི་བོ་ལྟར་གླེན་ཚུགས་ཅན་ཞིག་རེད། ད་དུང་འུར་ཟིང་ལའང་མི་དགའ། ནམ་ཡང་དེའི་ཤུགས་སུ་འཇིགས་སྣང་གི་ཁྲོད་ནས་བྱུང་བའི་ཚོར་བ་ཞིག་སྟེར་བྱུང་།
       སྟབས་ལེགས་པ་ཞིག་ལ། མོས་ད་དུང་ལིན་ཁྲུང་གསལ་བོར་དྲན་ཐུབ།
       ཨན་རན་གྱིས་རང་ཉིད་ལ་ནད་ཅིག་ཕོག་ཡོད་པར་འདོད་ལ། དེ་ནི་གཉིད་མ་སད་ཀྱི་ནད་ཅིག་རེད། མོས་སྔ་ས་ནས་ནད་དེ་ཐོས་མྱོང་ལ། ནད་དེ་ཐེབས་པའི་མི་ནི་དུས་རྒྱུན་དུ་གཉིད་གྲིབ་ཀྱི་རྣམ་པ་ཞིག་ཏུ་ལྷུང་འདུག འདུ་ཤེས་གསལ་ཡང་ལུས་པོ་གཡོ་འགུལ་བྱེད་མི་ཐུབ། འོན་ཀྱང་ནད་རྟགས་དེ་གཞན་དང་མི་འདྲ་བ་ཞིག་ནི་ཨན་རན་གྱིས་ལག་པ་གཡོན་པ་ཡར་ལ་འགྱོགས་ནུས་པས་དེ་ནི་གཉིད་གྲིབ་ཀྱི་ནད་རིགས་ཤིག་ཡིན་ནམ། ཨན་རན་ནི་སྐྱོ་སྣང་ཅན་གྱི་མི་ཞིག་མིན་མོད། འོན་ཀྱང་སྔར་དང་འཕྲད་མ་མྱོང་བའི་དཀའ་ཁག་ཅིག་ལ་འཕྲད་པས་མྱུར་དུ་དེ་དག་ལས་ཐར་བར་འདོད། མོས་རང་ཉིད་རྨི་ལམ་དུ་ཡོད་པའམ་ཡང་ན་གཉིད་གྲིབ་ཀྱི་རྣམ་པ་གང་ཞིག་ཡིན་ཡང་བྲེལ་འཚུབ་བྱེད་མི་རུང་བའི་སེམས་གསོ་ཡང་ཡང་བྱས་ལ། མི་རིང་བར་ལེགས་པོ་ཡོང་བའི་ཡིད་ཆེས་ཀྱང་བྱས་ཏེ་རང་ཉིད་རྨི་ལམ་ཁྲོད་ཀྱི་བརྡར་ཤ་གཅོད་པར་ཕྱོགས། རེད། རྨི་ལམ་ཁྲོད་དུ་ཡོད་ཁོ་ཐག་རེད། དེ་མིན། བདག་གི་ངོ་གདོང་ནི་ལྕགས་ལྟར་གྲང་བ་ཞིག་ཡིན་པ་ཇི་ལྟར་གསལ་བཤད་བྱེད་ཐུབ། རྨི་ལམ་གྱིས་མོར་ཨུ་ཚུགས་བྱེད་ཀྱིན་ཡོད་པར་ཡིད་ཆེས་ཡོད། རྨི་ལམ་ངན་པ་འདིས་མོ་ལ་འཇིགས་སྣང་སློང་ཞིང་རྣམ་དཔྱོད་རྩ་གཏོར་བྱེད་ཀྱིན་འདུག
       ལིན་ཁྲུང་གི་སྐྲ་ལོ་ཅིའི་ཕྱིར་དཀར་པོར་གྱུར་སོང་། གནད་དོན་ཅི་ཞིག་གིས་ཞག་མ་གཅིག་ལ་ཁོའི་སྐྲ་ལོ་དཀར་པོར་བསྒྱུར་སོང་སོགས་དྲི་བ་མང་པོ་ཞིག་གིས་ཨན་རན་སེམས་ཁྲལ་ཆེ་བར་གྱུར། དེ་ནི་ཕལ་ཆེར་རྨི་ལམ་ནང་གི་རྣམ་པ་ཞིག་མིན་པ་འདྲ། གཅིག་བྱས་ན་རང་ཉིད་ལ་རྨས་སྐྱོན་ཕོག་ཏེ་སྒལ་གཞུང་ཆག་ནས་ཞ་རེངས་སུ་གྱུར་བ་འདྲ། ཡང་ན། ཁོ་ཡི་མགོ་བོ་ས་ལ་བརྡབ་ཏེ་ཀླད་འཁྱོམས་བྱུང་ནས་གང་བྱུང་དུ་བསམ་བློ་གཏོང་སྲིད་ཀྱང་། མོར་རྨས་སྐྱོན་ཕོག་པའི་བརྒྱུད་རིམ་གྱི་དྲན་པ་ཅི་ཡང་མེད། ཨན་རན་འཆི་བར་མི་སྐྲག་ཀྱང་ཤི་མ་གསོན་གྱི་ཚོར་བ་ལ་ཧ་ཅང་སྐྲག མོའི་ཨ་མ་ནི་དཔེ་མཚོན་ཞིག་ཡིན་ལ། ཨན་རན་གྱི་མི་ཚེའི་ཁྲོད་ཀྱི་གོམ་པ་གང་རེ་ནི་འཇིགས་སྐྲག་དང་ཐག་ཇེ་ཉེ་རུ་བཅར་བའི་སྣང་བ་སྐྱེ། མོས་ནམ་རྒྱུན་རང་ཉིད་སོང་གིན་སོང་གིན་ཉམ་ཐག་པའི་ཨ་མའི་ལས་དབང་དང་གཞི་གཅིག་ལ་འདྲེས་པར་སེམས་ཁྲལ་བྱེད་བཞིན་ཡོད། ཨ་མའི་མིག་ཞར་རྗེས་ནམ་རྒྱུན་སྡུག་བསྔལ་ཆེན་པོའི་སྒོས་ནམ་ད་དུང་མི་གསལ་བ་ཅི་ཡིན་ཞེས་འདྲི་སྲིད། དེ་ནི་ཨ་མ་ལགས་ལོ་བཞི་བཅུར་སླེབས་པའི་ལོ་དེར་བྱུང་བའི་སྐྱོ་གར་ཞིག་ཡིན་ལ། ཉིན་ཞིག མོ་རང་ཁྱིམ་མཚེས་ཀྱི་སྐྱེས་པ་དང་འཛིང་རྩོད་བྱ་སྐབས་མཐོང་འཛིན་དྲ་སྐྱི་ལྷུང་བས་ལོང་བར་གྱུར། དུས་དེ་ནས་བཟུང་ཨ་མས་ཉིན་རྒྱུན་ཁ་མི་གྲག་པར་འདུག་ལ། ལན་རེར་སྐད་ཆ་བཤད་ནའང་སྔར་གྱི་སྐད་ཆ་དེ་ཡིན། ཨན་རན་གྱིས་རང་གི་ཁྱིམ་རྒྱུད་ལ་མཐོང་འཛིན་དྲ་སྐྱི་ལྷུང་བའི་ནད་ཡོད་པར་སེམས་ཁྲལ་བྱེད་བཞིན་ཡོད། ཡང་ན་རྨི་ལམ་རྨིས་པ་མིན་སྲིད། ཡང་ན་ཞར་སོང་བ་ཡིན་ནམ། ཨན་རན་གྱིས་མིག་ཟུང་ཆེ་ཆེར་ཕྱེ་ནས་གཟབ་ནན་ངང་བལྟས། བལྟས་དྲགས་པས་མིག་ཟུང་ཡང་སྦྲིད་པར་གྱུར། མོས་ཡང་བསྐྱར་དེ་ནི་རྨི་ལམ་ཞིག་ཡིན་པར་ཡིད་ཆེས་བྱུང་། རྨི་ལམ་དེ་ནི་ད་དུང་ཚད་བརྒལ་ཞིག་མིན་པར་འདོད།
       ལིན་ཁྲུང་ཡང་བསྐྱར་ནང་ལ་ལོག་བྱུང་། ད་ཐེངས་ཁོས་སྒོ་བརྡུང་ནས་ནང་དུ་འཛུལ་བྱུང་། ཁོས་ལས་གོས་ལྗང་གུ་ཞིག་གྱོན་ཞིང་ཕར་བལྟས་ཚོད་དུ་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་དང་མཚུངས། ལིན་ཁྲུང་གིས་ཁྱོད་རང་འགུལ་ཐུབ་བམ་ཞེས་དྲིས་པ་ན། ཨན་རན་གྱིས་ཐུབ་ཅེས་ལན་འདེབས་འདོད་མོད། འོན་ཀྱང་མགྱོགས་མྱུར་ངང་མི་ཐུབ་ཅེས་ལན་བཏབ་བྱུང་། ལིན་ཁྲུང་གིས་ཨན་རན་གྱི་དཔུང་བ་གཡས་ནས་བཀྱགས་ཏེ་ཕར་ཚུར་གཡུགས་ཤིང་། ཡང་བསྐྱར་རྐང་པ་གཡས་པ་བཀྱགས་ནས་ཕར་ཚུར་གཡུགས་གཡུགས་བྱས། དེ་ནི་མི་གཞན་ཞིག་གི་ཡན་ལག་གཡུགས་པ་ལྟར་ཨན་རན་ལ་ཚོར་སྣང་ཅི་ཡང་མེད།
       “ཨོ། ལིན་ཁྲུང་། ང་སད་དུ་ཆུགས་ཡ། ང་འདི་ལྟར་གཉིད་འདོད་གཏན་ནས་མེད།”ཨན་རན་གྱིས་རེ་བ་དང་བཅས་དེ་ལྟར་བཤད།
       “ཨན་རན། ངས་ཁྱོད་ལ་སྐད་ཆ་བདེན་པ་ཞིག་བཤད་དགོས།” ལིན་ཁྲུང་གིས་སྐད་ཆ་བཤད་སྐབས་མཛུབ་མོས་ཨན་རན་གྱི་ལུས་སྟེང་ལ་གང་བྱུང་དུ་བཙུགས། ཨན་རན་སྐྲག་ཀྱང་ན་ཟིག་གི་ཚོར་བ་ཅི་ཡང་མ་བྱུང་། ལིན་ཁྲུང་གིས་ཨན་རན་གྱི་ལག་གཡོན་ལ་འཇུས་ཏེ་ཤེད་ཤུགས་ཡོད་རྒུས་སྤྲུགས་སྤྲུགས་འགའ་བྱས་ཏེ་གདུག་རྩུབ་ངང་ཐེངས་འགར་དཀྱོག་པ་ན། ཨན་རན་གྱིས་ན་ཟིག་ལ་བསྲན་ཏེ་ཚོར་སྣང་མེད་པའི་གཡོ་ཟོལ་གྱི་རྣམ་འགྱུར་བསྟན། ལིན་ཁྲུང་གིས་ཨན་རན་གྱི་ལག་པར་བཟུང་ནས། སེན་མོས་མོའི་ལག་རྒྱབ་ཀྱི་རྨ་ཤུལ་བྲད་པ་ན། ཨན་རན་གྱིས་ཁུ་ཚུར་གཅིག་གིས་ཁོའི་སོ་རྣམས་ས་རུ་འཐོར་བ་ཞིག་གཞུ་བར་འདོད། ལིན་ཁྲུང་གིས་ཨན་རན་གྱི་ལག་རྒྱབ་ཏུ་ཕུ་འདེབས་བཞིན་བཤད་རྒྱུར།
       “ལྷུ་ལག་གཙོ་བོ་དག་མ་སླེབས་སྔོན་ཁྱོད་ནི་སྔར་བཞིན་ཤི་བོ་ཡོད།”
       ཨན་རན་སྐད་ངན་ཤོར་ཏེ“ང་། ང་ཤི་བོ་ཡིན་ནམ།”ཞེས་དྲིས།
       ལིན་ཁྲུང་གིས་སོ་རྩ་གཉེར་ཙམ་བྱས་ཏེ“རེད། ཁྱོད་འགྱེལ་ནས་ཤི་བ་རེད།”ཅེས་བཤད།
       “འགྱེལ་ནས་ཤི་བ་རེད”ཨན་རན་གྱི་ཨག་ཤད་ཀྱི་སྒྲས་ཁང་བ་འགད་ཙམ་བྱས།
       “ཉོན་དང་། ཁྱོད་ནི་ཐབ་ཚང་གི་སྒེའུ་ཁུང་ལས་མཆོངས་པ་རེད།”
       “ཐབ་ཚང་གི་སྒེའུ་ཁུང་ལས་མཆོངས་པ་རེད་དམ།”
       “རེད། ཁྱོད་ཀྱིས་ཁང་པའི་མཐོ་ཚད་ཤེས་སམ།”
       ལིན་ཁྲུང་གིས་ལག་པས་གདོང་ལ་འབྱིད་ཙམ་བྱས་པ་ན། ཨན་རན་གྱི་སེམས་སུ་དེ་ནི་ཁོས་མིག་ཆུ་ཕྱིས་པ་ཡིན་པར་འདོད། ཨན་རན་གྱིས་མིག་མདུན་གྱི་སྐྱེས་པ་དེ་ནི་རྒྱུན་ལྡན་ཞིག་མིན་པར་ཁག་ཐག་བྱེད་ཐུབ། ནམ་རྒྱུན་དཀའ་ཁག་ཅིག་ལ་འཕྲད་སྐབས་ཁོ་ནི་སེགས་ཀྱི་གྲུ་ཟུར་དུ་ཡིབ་ཏེ་བུད་མེད་ཅིག་དང་འདྲ་བར་སྐྱོ་སྡུག་གི་མིག་ཆུ་འབྱིན་པ་ལས་ཅི་ཡང་མི་ནུས། ཨན་རན་ཁོང་ཁྲོ་ལངས་ལ་དགོད་ཀྱང་བྲོ། རྨི་ལམ་ནང་དུའང་ཁོ་ནི་དེ་འདྲའི་རེ་ལྟོས་མེད་པ་ཞིག་རེད་ཨང་།
       ལིན་ཁྲུང་གིས་སྐད་དམའ་མོས་ངང“ཁྱོད། ཁྱོད་ཀྱིས་ང་ལ་ཡང་གནོད་པ་ཚབས་ཆེན་བྱས་སོང་།”ཞེས་བཤད།
       ཨན་རན་གྱིས་ཁྲེལ་དགོད་བྱེད་བཞིན“ངས་ཁྱོད་ལ་གནོད་པ་བྱས་སོང་ངམ། ངས་ཁྱོད་ལ་གནོད་པ་ཇི་ལྟར་བྱས་སོང་།”ཞེས་བཤད།
       ལིན་ཁྲུང་གིས་ལུས་པོ་བསྒུར་ནས་གླེན་ཚུགས་ཀྱིས་ཨན་རན་ལ་བལྟས་པ་ན། ཨན་རན་ལ་འཚུབ་ཆ་ལངས་ཤིང་དེ་ནི་དང་ཐོག་དགའ་གྲོགས་བསྒྲིགས་པའི་དུས་སུ་སླེབས་པ་ལྟར། ཡིད་དབང་འཕྲོག་པའི་ཧོར་མོན་ནི་སྤྲིན་དཀར་ལྟར་ཁོ་གཉིས་ཀྱི་བར་དུ་འཕུར་བསྐྱོད་བྱེད། མོས་མིག་ཟུང་རྡེབ་ཙམ་རྡེབ་ཙམ་བྱས་པ་ན། མིག་མདངས་ཧོར་མོན་དང་གཞི་གཅིག་ཏུ་འདྲེས། ལིན་ཁྲུང་གི་མཆུ་སྒྲོས་སྟེང་དུའང་ཧོར་མོན་རིམ་པ་གཅིག་ཆགས་ཡོད་ལ། གལ་ཏེ་ཨན་རན་གྱིས་ལྕེ་རིང་ཙམ་བསྲིངས་ན་དེ་དང་འཕྲད་ཐུབ་ཀྱང་ཨན་རན་གྱིས་ཐབས་སྡུག་གི་ལས་ཀ་དེ་མ་བྱས། ཨན་རན་ངོ་ཚ་སྟེ་མིག་ཟུང་བཙུམས་ནས་འདོད་རྔམས་ཆེན་པོས་ལིན་ཁྲུང་གི་མཆུ་སྒྲོས་སྟེང་གི་ཡིད་དབང་འཕྲོག་པའི་ཧོར་མོན་གཞིབས།
       “ལྷུ་ལག་གཙོ་བོ་དག་སླེབས་དུས་ང་སླེབས་ཡོང་།”
       “ལིན་ཁྲུང་།”
       “ཅི་རེད།”
       “ང་ལ་མེ་ལོང་ཞིག་དགོས།”
       ལིན་ཁྲུང་ཧ་ལས་པའི་སྒོ་ནས“མེ་ལོང་ཡིན་ནམ། གནས་སྐབས་སུ་ཁྱོད་ལ་མེ་ལོང་དགོས་དོན་མེད།”ཅེས་བཤད།
       ཨན་རན་གྱིས“ལིན་ཁྲུང་། ང་ལ་མེ་ལོང་དགོས། ངས་རང་ཉིད་ཀྱི་ངོ་གདོང་ལ་ཅི་ཞིག་བྱུང་བར་ལྟ་ན་འདོད། ང་མགྱོགས་པོར་སད་ན་འདོད”ཅེས་བཤད།
       “ཅུང་ཙམ་སྒུག་རོགས། ལྷུ་ལག་གཙོ་བོ་དག་ལྷོད་ཀྱིས་སྒུག་རོགས།”ཞེས་ལིན་ཁྲུང་གིས་ཡང་བསྐྱར་ཉན་ན་མི་འདོད་པའི་སྐད་ཆ་དེ་བཤད་བྱུང་།
       ལིན་ཁྲུང་བུད་སོང་། ཧོར་མོན་ཡང་བཟུང་ནས་བུད་སོང་། ཨན་རན་གྱིས་ཝ་ཡེ། དེ་ནི་རྨི་ལམ་ཡིན། རྨི་ལམ་གྱིས་བྱིན་པའི་མཛེས་སྡུག་གི་བསླུ་བྲིད་ཅིག་ཡིན་ཞེས་རང་ཉིད་ལ་སེམས་གསོ་བྱས། རྨི་ལམ་དུ་ལིན་ཁྲུང་གིས་མོ་ལ་ཁྱོད་རང་འགྱེལ་ནས་ཤི་བ་རེད། ཐབ་ཚང་གི་སྒེའུ་ཁུང་ལས་མཆོངས་ཏེ་ཤི་བ་རེད་སོགས་ཟེར་དོན་ཅི་ཡིན་ནམ། གློ་བུར་དུ་ཨན་རན་གྱི་མིག་ལམ་དུ་འཚུབ་ཆེའི་རི་མོ་དེ་ཤར་བྱུང་། དེ་ནི་ལྷུང་བའི་མཐོང་སྣེ་ཞིག་མ་ཡིན་ནམ། རྨི་ལམ་ངན་པ་འདི་ནི་འཇིགས་སྐྲག་ཅན་གྱི་གློག་བརྙན་ཞིག་དང་འདྲ་བར་ཅི་འདྲའི་སྐྲག་པ་ལ་ཨང་། ཨན་རན་གྱིས་ཁེར་འཁྲབ་ཟློས་གར་དེའི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན་སོགས་བཙལ་ཏེ་གཤེ་གཤེ་ཚ་པོ་ཞིག་གཏོང་བར་འདོད། མོས་རྨི་ལམ་ཁྲོད་ཀྱི་ཞིབ་ཕྲའི་གནས་ཚུལ་རེ་རེ་བཞིན་བཙན་གྱིས་ཟིན་ཐོ་རུ་བཀོད་དེ། གཉིད་ལས་སད་སྐབས་རྨི་ལམ་དེ་ནི་ཅི་འདྲའི་ཁུངས་ལུང་མེད་པ་ཞིག་ཡིན་པར་ཞིབ་འཇུག་བྱས་རྗེས། མོས་གནས་ཚུལ་ལ་གཞིགས་ནས་ཕར་རྒོལ་བྱེད་ཐབས་སྤྱོད་པར་འདོད། གལ་ཏེ་རྨི་ལམ་མིན་ན། གདོང་གཡས་ཅིའི་ཕྱིར་ལྕགས་ལྟར་གྱུར་བ་རེད། ཨན་རན་གྱིས་ཡང་བསྐྱར་གདོང་ལ་རེག་པ་ན། གདོང་གཡས་ནས་ལྕགས་རིགས་ཀྱི་སྒྲ་ཞིག་གྲག་བྱུང་། ཨན་རན་གྱིས་ཇི་ལྟར་བསམ་བློ་བཏང་ཡང་གནད་དོན་ཅི་ཞིག་བྱུང་བ་རྟོགས་ཀྱིན་མི་འདུག ཚོར་སྣང་ཞིག་ལ་རང་ཉིད་དང་དོན་དངོས་གཉིས་ལ་འོད་ལོ་དུང་ཕྱིར་བཅུ་ཡི་བར་ཐག་ཡོད་པར་སེམས། མོ་ཙོག་པར་བསྡད་དེ་མལ་ཁྲི་ལས་བབ་ནས་ཕྱི་རོལ་ཏུ་འགྲོ་བའི་རེ་བ་བྱས། གལ་ཏེ་མོས་ཐེངས་གཅིག་ལྟ་ཐུབ་ན་ཡོད་ཚད་ཀྱི་བདེན་དོན་རྟོགས་ཐུབ། དེའི་བར་གསེང་དུ་ཨན་རན་གྱི་རྣ་བས་ནུས་པ་ཆེན་པོ་ཞིག་ཐོན་སོང་། མོས་དུང་སྒྲ་ཞིག་ཐོས། ཨན་རན་གྱིས་དེ་ནི་སྒྲ་དངོས་ཤིག་ཡིན་པར་ཡིད་ཆེས་ཡོད། མོས་ད་དུང་སྣ་གླུ་ཐན་ཐུན་ཞིག་ཀྱང་ཐོས་བྱུང་། མོས་སྣ་གླུ་ལེན་མཁན་ནི་ལིན་ཁྲུང་མིན་ལ་ལོ་ན་སུམ་ཅུ་ཡས་མས་ཀྱི་བུད་མེད་ཅིག་ཡིན་པར་ཁག་ཐེག་བྱེད་ཐུབ། ཨ་ཙི་བུད་མེད་ཅིག །མིག་ལམ་དུ་སྔར་གྱི་གཞོན་ནུ་མའི་མགོ་པར་དེ་ཤར་བྱུང་། གཞོན་ནུ་མའི་མཆུ་སྒྲོས་ཀྱི་སྟེང་དུ་སྨེ་བ་གསལ་པོ་ཞིག་འདུག དེ་སུ་ཞིག་ཡིན་ནམ། སྣ་གླུ་ལེན་མཁན་གྱི་བུད་མེད་དང་འབྲེལ་བ་ཅི་ཞིག་ཡོད། ལིན་ཁྲུང་གི་དགའ་གྲོགས་ཡིན་ནམ། དགའ་གྲོགས་ཅེས་པའི་ཚིག་གིས་ཨན་རན་ལ་སྡུག་བསྔལ་ཞིག་བསྐྱེད་དེ་ཁོང་ཁྲོའི་མིག་ཆུ་དབང་མེད་དུ་བཞུར་བྱུང་།
       “གླེན་རྒན།”ཞེས་མོས་གཤེ་གཤེ་ཞེ་དྲག་གནང་།
       མོས་ལིན་ཁྲུང་དང་ཁ་འཛིང་ཛ་དྲག་ཅིག་བྱེད་པ་གསལ་ལ་མི་གསལ་བ་ཞིག་དྲན་བྱུང་།
       ཅི་ཞིག་གི་ཆེད་དུ་ཁ་འཛིང་བྱེད་པ་དྲན་གྱིན་མི་འདུག གང་ལྟར“གླེན་རྒན།”ཞེས་མོས་གཤེ་གཤེ་ཞེ་དྲག་གནང་བ་དྲན་གྱིན་འདུག
       “གླེན་རྒན།”ཞེས་པའི་ཐ་སྙད་དེ་ནི་རྣོ་ངར་གྱི་རལ་གྲི་ཞིག་དང་མཚུངས་ལ། ལིན་ཁྲུང་གི་སེམས་ལ་རྨ་ཁ་འཇོག་པའི་མཚོན་ཆ་ཞིག་ཡིན། ལིན་ཁྲུང་གི་གཏུམ་དྲག་གི་ངོ་གདོང་ལས་ཁྲེལ་དགོད་བྱས་པ་ན། ཨན་རན་གྱིས་ཁོའི་གདོང་ལ་ལྟ་མ་ཕོད། ལིན་ཁྲུང་གིས་ཚོད་གྲི་ཞིག་ལག་ཏུ་བཟུང་། ཁོས་སྒོ་རྒྱབ་ཏུ་ལངས་པའི་མི་དེ་གསོད་འདོད་པ་ལས་ཨན་རན་གསོད་འདོད་པ་མིན། མི་དེས་ཁོའི་དོན་བཟང་ཞིག་བརླགས་པ་དང་འདྲ། ལིན་ཁྲུང་གིས་ཚོད་གྲི་བཟུང་ནས་ཕྱི་རོལ་ཏུ་བརྒྱུགས་པ་ན། ཨན་རན་གྱིས་དམ་པོར་བཟུང་ནས་འགྲོ་རུ་མ་བཅུག
       ཨན་རན་གྱི་ཀླད་པ་ནག་ཐོམ་མེར་གྱུར་ལ་ད་དུང་ཟང་ཟིང་གི་སྒྲ་ཞིག་གིས་གཡོ་ཞིང་སྐྱོམ། དེ་ནི་དྭངས་ཤིང་གསལ་བའི་འདུ་ཤེས་ཀྱི་རླབས་རྒྱུན་ཞིག་ནང་དུ་བཞུར་བ་དང་གཉིས་སུ་མེད། མོས་མལ་ཁྲིའི་འགྲམ་ལ་ཤུགས་ཀྱིས་རྡེག་བཞིན། རང་ཉིད་ནི་འགལ་ཚིག་ཅིག་གི་སྒོ་འགྲམ་དུ་ལུས་པའི་ཚོར་སྣང་སྐྱེས་བྱུང་། གལ་ཏེ་དངོས་གནས་རྨི་ལམ་ཡིན་ན་ཁུངས་ལུང་མེད་པའི་གནས་ཚུལ་དག་ནི་ཚུལ་མཐུན་ཞིག་རེད། གལ་ཏེ་སད་ཡོད་པའམ་ཡང་ན་གཉིད་གྲིབ་ཀྱི་རྣམ་པ་ཞིག་ཡིན་ན་གནས་ཚུལ་དེ་ནི་རྒྱུན་ལྡན་ཞིག་མིན་པས་མོའི་བློར་མ་འབབ་པ་ཞིག་ཡིན།
       “ལིན་ཁྲུང་། ལིན་ཁྲུང་།”ཨན་རན་གྱིས་བཟོད་མ་ཐུབ་པར་དེ་ལྟར་བོས།
        ཕྱི་རོལ་ནས་ཨ་ལན་ཞིག་ཐོས་བྱུང་ལ། གསལ་ཐག་ཆོད་པའི་གོམ་སྒྲ་ཞིག་སྒོ་འགྲམ་ནས་འཇགས། ཅུང་ཙམ་འགོར་བ་ན། གོམ་སྒྲ་དེ་ཡང་བསྐྱར་གཞན་ལ་བུད་སོང་། དེ་ནི་བུད་མེད་ཅིག་ཡིན་ཐག་ཆོད་རེད། གོམ་པའི་སྟངས་སྟབས་མྱུར་བའི་གཞོན་ནུ་མ་ཞིག་ཡིན་པ་འདྲ། ལྷམ་རྟིང་ཙོག་ཅན་དེས་བདག་གི་སེམས་ལ་ན་ཟུག་བསླངས་སོང་། ཨན་རན་ཀྱི་སེམས་སུ་ན་ཟུག་རབ་ཏུ་སྐྱེས་ལ་ཁོང་ཁྲོ་ཡང་ཤིན་ཏུ་ལངས། མོ་གསོན་གསོན་དུ་ཞེ་སྡང་གིས་ཤི་བར་སེམས་ཁྲལ་བྱས། ཡང་བསྐྱར་རང་ཉིད་ལ་དེ་ནི་རྨི་ལམ་ཞིག་ཡིན་ཞིང་བུད་མེད་དེ་གནས་སྐབས་སུ་རྨི་ལམ་དུ་འཁོར་བའི་མི་གཏེ་ཞིག་ཡིན་པར་མུ་མཐུད་དུ་སེམས་གསོ་བྱས།
       སྔོན་ཨན་རན་གྱིས་ལིན་ཁྲུང་ལ་ཁྱོད་ནི་སྤྲེའུ་བཞིན་མོའི་ལག་མཐིལ་དུ་བཟུང་ཡོད་པས། ཚེ་འདིར་ཁྱོད་འབྲོ་ས་མེད་ཅེས་ཁ་མཚར་རྩེད་མྱོང་། སྐབས་དེར། ལིན་ཁྲུང་གིས་གདོང་མདོག་དམར་པོར་གྱུར་དེ་མོར་འཐད་པ་མེད་པའི་རྩོད་པ་བྱས།
       ལིན་ཁྲུང་གིས་སུ་སྤྲེའུ་ཡིན་པ་སུས་རྟོགས་ཞེས་བཤད།
       ལིན་ཁྲུང་ནི་ཤེས་པ་འཁོབ་ཅིང་གཤིས་ཀ་གྱོང་བའི་སྐྱེས་པ་ཞིག་ཡིན། རེད་དེ། གཤིས་གྱོང་ཞེས་པའི་ཐ་སྙད་ནི་ཁོར་ཆེས་འཚམས་པའི་ཐ་སྙད་དེ་ཡིན་ངེས། ཁོ་ད་དུང་དོན་དག་ལ་གདོང་གཏུག་བྱེད་མི་ཕོད་པའི་སྐྱེས་པ་ཞིག་ཀྱང་ཡིན། དེ་སྔོན། ཨན་རན་གྱི་སེམས་སུ་ལིན་ཁྲུང་ནི་སྡར་མ་ཞིག་ཡིན་པས་མོར་གློ་མེད་ཀྱི་བྱ་བ་མི་སྒྲུབ་པའི་ཡིད་ཆེས་ཡོད་མོད། བཀྲ་མི་ཤིས་པའི་ལྷམ་རྟིང་ཙོག་ཅན་དེས་ཨན་རན་ལ་ཟུག་སློང་བྱས་རྗེས། ཨན་རན་གྱིས་ལིན་ཁྲུང་ལ་དོགས་པ་ཆེན་པོ་ཟ་བཞིན་འདུག མོས་རང་ཉིད་ལ་སེམས་གསོ་མི་བྱེད་པར་དེ་ནི་རྨི་ལམ་མིན་པར་མངོན་གསལ་དོད་པོ་ཡིན་པར་དགའ། ལིན་ཁྲུང་ནི་ཅི་འདྲའི་སྙིང་སྟོབས་ཆེ་བ་ལ་ཨང་། མོ་ལའང་ཁྲེལ་མེད་བྱེད་པས། ད་ནས་བཟུང་མོ་རང་ཡིད་མི་ཆེས་པའི་སྐྱེས་པ་རུ་འགྱུར་ཟིན་ལ། མི་ངན་ལིན་ཁྲུང་འདི་སྐྱེས་པ་གཞན་དག་དང་འདྲ་བའི་ཁྲེལ་མེད་ཅིག་ཀྱང་རེད། ཨན་རན་གྱིས་སྐྱོན་ཆ་དེ་རྙེད་པས་ཡ་མཚན་ཡང་དོན་དངོས་ཀྱི་ཐ་སྙད་དག་རླབས་ཕྲེང་བཞིན་སླེབས་པས་མོར་སེམས་ཤུགས་ཆེན་པོ་ཐོབ། རང་ཉིད་རྨི་ལམ་སྡུག་ཅག་དེ་ལས་སད་པར་ཡིད་ཆེས་ཡོད་ལ། བྲེལ་འཚུབ་ངང་གཉིད་ལས་སད་པའི་དུས་སྐབས་དེར་རེ་སྒུག་ཆེན་པོ་བྱས་ཡོད། གཉིད་ལས་སད་རྗེས། མོ་རང་ལམ་སང་མལ་ཁྲི་ལས་བབས་ཏེ་སྒོ་ཕྱེ་ནས་ལྷམ་རྟིང་ཙོག་ཅན་གྱི་ངོ་གདོང་ངོ་མ་དེར་ལྟ་བར་འདོད། བུད་མེད་དེས་རྒྱུན་པར་ལྐོག་ལྟ་བྱེད་བཞིན་ཡོད། དོན་དངོས་སུ་བུད་མེད་དེ་ནི་ཨན་རན་གྱི་རྨི་ལམ་ནང་གི་རྐུན་མ་ལྟ་བུར་གནས་འདུག
       ཁང་ཚན་གཅིག་ཆུང་བ་ནས་ཆེ་བའི་བར་དུ་ཡུལ་ལྗོངས་ཡོངས་ཀྱི་རྣམ་པ་ལྟར་གངས་རླུང་གི་ཁྲོད་དུ་ཀྲོང་ངེར་ལངས། ཨན་རན་གྱིས་བྱིས་པ་ནང་བཞིན་སྡོད། གནས་འདི་ནས་མགྱོགས་པོར་སྡོད་ཅེས་བོས། མོས་མལ་ཁྲིའི་མཐའ་རུ་ཤུགས་ཀྱིས་རྡེག་བཞིན་པ་དེ་ནི་གླ་གཏོང་ཁ་ལོ་བའི་མགོ་ལྟག་ལ་རྡེག་པ་དང་ཅི་འདྲའི་མཚུངས་ཨང་། སྡོད། སྡོད་ཡ། འདི་ནས་སྡོད། ཁང་ཚན་འདི་ཡིན། ཁང་ཚན་འདི་ནི་ལིན་ཁྲུང་གི་ལས་སྒྲུབ་ཁང་ཡིན། ཨན་རན་གནས་འདི་ལ་རྒྱུས་མངའ་ཡོད་ལ་རྒྱུས་མངའ་ཡང་མེད། རྒྱུས་མངའ་ཡོད་པ་ནི་མོ་རང་ནམ་རྒྱུན་སྒོ་འགྲམ་འདི་བརྒྱུད་དེ་འགྲོ་དགོས། རྒྱུས་མངའ་མེད་པ་ནི་མོ་རང་ཁང་པ་འདིའི་ནང་དུ་འཛུལ་མྱོང་མེད། ནང་དུ་འཛུལ་བ་ན། ཨན་རན་གྱིས་ད་གཟོད་དེ་ནི་བཟོ་ཁང་ཞིག་དང་འདྲ་བའི་བར་སྟོང་ཆེན་པོ་ཞིག་ཡིན་པ་མཐོང་། གློག་མིག་ཁུལ་དུ་རྩིས་འཕྲུལ་གྱི་བརྙན་ཤེལ་དང་བཀག་དངོས་དག་རིམ་པ་ལྟར་བསྒྲིགས་འདུག། ཨན་རན་གློག་མིག་ཁུལ་བརྒྱུད་སྐབས། གོམ་པ་གང་རེ་སྤོས་རྗེས་བསམ་ཡུལ་ལས་འདས་པའི་བཀག་དངོས་རེ་ལ་རྡོག་སྣེ་འཐོག། ནང་དུ་མ་འཛུལ་གོང་ནས་ཨན་རན་ཁོང་ཁྲོ་མེ་ལྟར་འབར་བྱུང་། དེ་ནི་གློ་བུར་དུ་མོར་བསམ་ཚུལ་ཡ་མཚན་ཞིག་བྱུང་སྟེ། ནང་དུ་སོང་ནས་ལིན་ཁྲུང་གི་ལས་ཀའི་རྣམ་པར་བལྟ་བར་འདོད། སྒོ་ཕྱེ་པ་ན། ལིན་ཁྲུང་སྒོ་འགྲམ་དུ་ལངས་འདུག། ཨན་རན་གྱིས་ལྭ་རིང་གི་གོང་བ་དམ་པོར་བསྡམས་ནས་ཤིན་ཏུ་སྤྱིར་བཏང་གི་རྣམ་པ་རུ་བརྫུས་ཏེ། སྐྱོན་མེད། ང་འཆམ་འཆམ་བྱེད་པ་ཡིན།
       “ཕྱི་རོལ་ཤིན་ཏུ་གྲང་བས། ཁྱོད་རང་ནང་དུ་སོང་ལ་དྲོན་པོ་སྡོད།”
       “ང་འཁྱག་མ་བྱུང་།”
       “ཁྱོད་རང་སྔོན་ལ་ནང་དུ་སོང་ནས་ལྟོས་དང་། ང་ཆུ་ཚོད་གཅིག་གི་རྗེས་ནས་སླེབས་ཡོང་།”
       “ཁྱོད་ཀྱི་གནས་སུ་འགྲོ་བར་སྟབས་བདེའམ།”ཨན་རན་གྱིས་བསམ་གཟས་ཏེ་ལྷོད་ལྷོད་ངང་དེ་ལྟར་དྲིས།
       “ཁྱོད་རང་མ་སྐྲག་དང་སྟབས་མི་བདེ་བ་ཅི་ཡང་མེད།”
       “ང་ཅིའི་ཕྱིར་སྐྲག”
       “དོན་དག་འགའ་རེ་ཁྱོད་ཀྱི་མིག་གིས་དངོས་སུ་མཐོང་ཡང་བདེན་པའི་ངེས་པ་མེད། དེ་ཁྱོད་ཀྱིས་ཤེས་སྲིད། དེ་ནི་ཁྱོད་ཀྱིས་དོན་མེད་དུ་མི་འཁོན་པའི་ཆེད་དུ་ངས་ཁྱོད་ལ་སྔོན་བརྡ་ཞིག་བཏང་བ་ཡིན།”
       “སྐྱག་རྫུན་མ་ལབ།”ཨན་རན་གྱིས་བལྟ་ཙམ་བྱས་ཏེ་སེམས་སུ་“གླེན་རྒན”ཞེས་དམོད་པ་བྱས།
       ལིན་ཁྲུང་གིས“ཧ་ཧ”ཞེས་རྣ་ལ་གཟན་པའི་དགོད་སྒྲ་ཞིག་ཕྱུང་བྱུང་།
       ཨན་རན་གློག་མིག་ཁུལ་བརྒྱུད་དེ་སྐོར་བ་ཞིག་བརྒྱབ་པ་ན། གཏིང་ཟབ་པའི་འཇིག་རྟེན་ཞིག་ཏུ་འཛུལ་བ་བཞིན་དེ་ལས་ཆེ་བའི་བར་སྟོང་ཞིག་མཐོང་། མདུན་ཕྱོགས་སུ་ཁང་བ་དག་སྟར་དུ་བསྒྲིགས་ཤིང་། ཁང་བ་རེ་རེའི་སྟེང་དུ་རྒྱ་གྲམ་རེ་གསལ་པོར་བྲིས་ཡོད། མི་ཞིག་གིས་སྒོ་བར་ནས་ལྐོག་ལྟ་བྱེད་ཀྱིན་འདུག ཁོས་ལུས་པོ་ཡིས་རྒྱ་གྲམ་གྱི་མང་ཕྱོགས་བཀབ་འདུག གཟབ་ལྟ་མ་བྱས་ན་ཁོ་རང་རྒྱ་གྲམ་གྱི་ངོས་སུ་འཛེར་བ་འདྲ། ཨན་རན་ལྐོག་ལྟ་བྱེད་པའི་སྤྱོད་པར་མི་དགའ། མོས་ལྐོག་ལྟ་བྱེད་པ་ནི་ཆེས་ཐ་ཤལ་གྱི་སྤྱོད་ལམ་ཞིག་ཡིན་པར་འདོད། གལ་ཏེ་སྐབས་དེར་ལིན་ཁྲུང་འགྲམ་དུ་ཡོད་ན། ཨན་རན་གྱིས་ཁོ་ལ་ལྐོག་ལྟ་བྱེད་མཁན་དེ་ངེས་པར་དུ་ལས་ཁུངས་ནས་ཕྱིར་ཕུད་དུ་འཇུག་ངེས། དེ་འདྲའི་ལས་བཟོ་བ་ནི་སྐར་མ་གཅིག་ལའང་སྡོད་དུ་འཇུག་མི་རུང་། ལྐོག་ལྟ་བྱེད་མཁན་དེས་ཕལ་ཆེར་ཨན་རན་མཐོང་བས་གྲིབ་མ་བཞིན་མི་སྣང་བར་གྱུར། ཨན་རན་མུ་མཐུད་དུ་སྲང་ལམ་ཞིག་ནས་དཀྱོག་ཏེ་ལམ་ཐག་ངེས་ཅན་ཞིག་ལ་སོང་བ་ན་མི་ཞིག་དང་འཕྲད། མི་དེས་འདྲེ་ཞིག་མཐོང་བ་བཞིན་ཁ་ཕྱིར་འཁོར་ནས་སོང་། ཨན་རན་ལ་ཕོག་ཐུག་སོང་བའི་ཚོར་བ་ཞིག་སྟེར། མོས་མི་དེའི་རྗེས་བཅད་དེ་ཅིའི་ཕྱིར་ང་ལ་འདྲེ་མཐོང་བ་ལྟར་འགྲོ་དགོས་ཞེས་འདྲི་བར་འདོད། འགྲམ་གྱི་མུན་ནག་གི་སྲང་ལམ་ནས་མ་བསམ་ས་ནས་མི་གསུམ་མངོན་བྱུང་། མོ་སྐྲག་ཏེ“ཁྱོད་ཚོ་སུ་ཡིན།”ཞེས་དྲིས།
       “ཨོ། ལྕམ་ལིན་ལགས། ང་ནི་ཆའོ་ཀྲི་ཡིན། ཁོ་ཏ་ཁོ་རེད། རྗེས་མ་དེར་ད་དུང་མིང་མེད།”མི་གཟུགས་ཐུང་དེས་སྐད་གདངས་དམའ་མོས་དེ་ལྟར་བཤད།
       ཨན་རན་གྱིས་ཆའོ་ཀྲིའི་གདོང་ལ་ཅེར་ཏེ “ཁྱོད་ཀྱིས་སྨྱོ་བཤད་མ་བྱེད། མི་དེ་འདྲ་ཆེན་པོ་ཞིག་ལ་ད་དུང་མིང་བཏགས་མེད་དམ།”
       “ཨོ། ལྕམ་ལིན་ལགས། ང་ཚོ་ནི་ལིན་བཟོ་འགོད་པའི་བྱིས་པ་དག་ཡིན། ང་ཚོའི་མིང་ཁོང་གིས་བཏགས་པ་ཡིན་པས། ཁོས་ང་ཚོར་མིང་རེ་མ་བཏགས་ན་ང་ཚོ་ནི་མིང་མེད་ཕལ་བ་ཞིག་ཡིན།”
       “མིང་མེད་ཕལ་བ་ཡིན་ནམ།”
       “ཡིན།”
       “ཁྱོད་ཚོ་ཚང་མ་ངའི་ཁྱོ་གའི་བྱིས་པ་ཡིན་ནམ།”
       “ཡིན། ང་ཚོ་ལིན་བཟོ་འགོད་པའི་བྱིས་པ་ཡིན།”
       “དེ་ན། ང་ཡང་སུ་རེད།”
       “ཧུ་ཧུ། ཁྱེད་ལྕམ་ལིན་ལགས་རེད།”ཆའོ་ཀྲིས་ལིན་ཁྲུང་དང་འདྲ་བའི་རྣ་ལ་གཟན་པའི་དགོད་སྒྲ་ཞིག་བསྒྲགས་བྱུང་།
       ཨན་རན་གྱིས་ལམ་སང་རང་ཉིད་ལ་བརྙས་བཅོས་ཐེབས་སོང་བསྙམ་ནས་ལྷམ་ཕུད་དེ་ཆའོ་ཀྲིའི་གདོང་དུ་གཡུག་རྩིས་བྱེད་པ་ན། ལིན་ཁྲུང་ནམ་ཞིག་ལ་སླེབས་པ་མ་ཤེས་མོད། གློ་བུར་དུ་ཨན་རན་ལ་འཐམ་ནས་མོ་རང་ཕྱིར་གློག་མིག་ཁུལ་དུ་ཁྲིད། རྩིས་འཕྲུལ་མདུན་དུ་སླེབས་པ་ན་ལིན་ཁྲུང་གི་ལག་པ་ཡ་གཅིག་གིས་མོ་རང་གློད་དེ་རྩིས་འཕྲུལ་སྤྱོད་མགོ་བརྩམས། ལམ་སང་ཆའོ་ཀྲི་དང་ཏ་ཁོ་གཉིས་རོ་རེངས་ལྟར་གྲག་མེད་འགུལ་མེད་དུ་བཏང་། ཨན་རན་སྔར་བཞིན་ཁོང་ཁྲོ་ལངས་ཏེ་ཆའོ་ཀྲི་ལ་བལྟས་འདུག ལིན་ཁྲུང་གིས་ཆའོ་ཀྲིའི་དཔུང་པ་གཅུས་ཏེ་ས་རུ་བླངས་བྱུང་། སྙིང་ཉེ་ལགས། གལ་ཏེ་ཁྱོད་ཀྱི་ཁོང་ཁྲོ་ད་དུང་མི་ཞུ་ན། ངས་ཁོས་མགོ་བོ་བཅད་དེ་ཁྱོད་ལ་རྐང་རྩེད་བྱེད་དུ་འཇུག ལིན་ཁྲུང་གིས་དེ་ལྟར་བཤད་པ་ན། ཨན་རན་གྱི་འཁང་སེམས་དག་ཡོངས་སུ་ཞུ་བར་གྱུར། སྣང་བའི་ཁྲོད་གློ་བུར་དུ་ཆའོ་ཀྲིའི་མགོ་བོ་ས་རུ་ལྷུང་བྱུང་། མོས་དེ་ལ་རྐང་པས་བརྒྱབ་ཏེ་གནམ་ལ་འཕུར་སོང་།
       འཇིག་རྟེན་ཡོངས་ལྷིང་འཇགས་སུ་གྱུར། བར་སྣང་ཁམས་སུ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འཕུར་བསྐྱོད་བྱེད་བཞིན་ཐུར་དུ་བབས་བྱུང་། ཨན་རན་གྱིས་ལག་པ་ཡ་གཅིག་གིས་མགོ་བོ་སྐྱོར་བཞིན་གཅིག་གིས་ལྭ་རིང་གི་གོང་བ་དམ་པོར་བཟུང་ཏེ། སྒོའི་ཕྱི་ནས་ལིན་ཁྲུང་། ཁྱོད་ཀྱིས་ཅི་ཞིག་བྱེད་རྩིས་ཡིན་ཞེས་བཤད། ལིན་ཁྲུང་གིས་ནང་ནས་སྙིང་ཉེ་ལགས། བདག་གིས་ཆེས་གཟི་བརྗིད་ལྡན་པའི་གསར་གཏོད་ཅིག་བྱེད་བཞིན་ཡོད། སྙིང་ཉེ་ལགས། ངས་དྭངས་གཙང་གཅིག་འགྱུར་གྱི་འཇིག་རྟེན་ཞིག་སྐྲུན་ན་འདོད་ཅེས་ཡང་བསྐྱར་དེ་ལྟར་བཤད། ཁོ་སྨྱོས་འདུག་གམ། ཨན་རན་བློ་མི་བདེ་བར་གྱུར། ཨན་རན་གྱིས་ལིན་ཁྲུང་གི་ཆིག་ལབ་ལ་ཇི་ལྟར་ཁ་གཏད་དགོས་པ་མ་རྟོགས། ཁོས་བྱ་བ་དེར་བཀག་འགོག་བྱས་ན་ཇི་ལྟར་ཡིན། དེ་ནི་ཕལ་ཆེར་ངལ་བ་འབྲས་མེད་ཅིག་ཡིན་ཡང་སྲིད། དེ་དང་བསྟུན་ཐབས་བྱས་ན་ཇི་ལྟར་ཡིན། ཨན་རན་གྱི་སེམས་སུ་དེ་ནི་སྐྱུག་བྲོ་བ་ཞིག་རེད། མོས་རང་ཉིད་ཆའོ་ཀྲི་དང་ཏ་ཁོ་ལྟ་བུའི་གཅིག་གྱུར་ཅིག་ཡོང་བར་བསམ་བློ་གཏོང་མི་ཕོད། མོས་འཁྱོག་བརྗོད་ཐེངས་གཅིག་བྱས་རྗེས། ལིན་ཁྲུང་། ངས་ཁྱོད་ལ་དྲན་སྐུལ་ཞིག་བྱ། ཁྱོད་ཀྱིས་བུད་མེད་ཇུས་འགོད་བྱ་མི་རུང་། ཁྱོད་ཀྱིས་གོ་བྱུང་ངམ་ཞེས་སྒོའི་ཕྱི་ནས་དེ་ལྟར་བཤད།
       འཕྲུལ་སྣང་ཡིན་ནམ། ཨན་རན་གྱིས་ཤེད་ཤུགས་བཏོན་ནས་མལ་ཁྲིའི་འགྲམ་ལ་རྡེག་པས་ལག་ངོས་ལ་ན་ཟུག་བསླངས། མོས་མུ་མཐུད་དུ་གཡས་ཕྱོགས་ཀྱི་གདོང་ལ་རེག་ཙམ་བྱས་པ་ན། དེ་ཡང་གྲང་ཤུར་ཤུར་དུ་འདུག མེ་ལོང་། མེ་ལོང་ཞེས་ཨན་རན་གྱིས་ཕྱོགས་སོ་སོ་རུ་མེ་ལོང་བཙལ། སྣང་བ་རབ་རུབ་ཀྱི་ཁྲོད་དུ་དེ་འདྲའི་མེ་ལོང་ཞིག་ཡོད། གལ་ཏེ་ལག་པས་རེག་ཐུབ་ན་རང་ཉིད་ཀྱི་རྨི་ལམ་ནི་ཅི་འདྲའི་ཡ་མཚན་པ་ཞིག་ཡིན་པ་མཐོང་ཐུབ།
       ཨན་རན་གྱི་ལག་གཡོན་པ་ལེགས་པོ་འགུལ་ནུས་པས་རང་ཉིད་ཀྱི་འཕོངས་ལ་རེག་ཐུབ་ལ་ལྟོ་བ་ལའང་རེག་ཐུབ། མོས་རང་གི་ལག་གཡོན་གནམ་ལ་བཀྱགས་ཏེ་གཟབ་ནན་ངང་བལྟས་པས། ལག་རྒྱབ་ཏུ་ཚེས་རིས་ལྟ་བུའི་རྨ་ཤུལ་ཞིག་ཡོད་པ་མཐོང་ལ་རང་ཉིད་ཀྱི་ལག་པ་ཡིན་པ་ངོས་ཟིན། དེ་ནི་སྤྱན་གཟིགས་ཕུག་པར་གནས་དེ་མཇལ་སྐབས་སྤོས་བསྒྲོན་ནས་བསྲེག་པ་རེད། སྐབས་དེར། གྲོགས་པོ་ཚོས་དེ་ནི་རྟེན་འབྲེལ་མི་ལེགས་པའི་རྟགས་ཤིག་རེད་ཅེས་ཤིན་ཏུ་སྐྲག ཉིན་དེར། ཨ་ཅག་ཀྲང་ལགས་ཀྱིས་སྔ་དྲོ་གཅིག་ལ་ཞལ་འདོན་བཏོན་ཏེ་ཨན་རན་ལ་ན་ཚ་མི་ཡོང་བའི་སྐྱབས་འཇུག་ཞུས། ཨན་རན་གྱིས་ད་ལྟ་ད་དུང་ཡང་ཨ་ཅག་ཀྲང་གི་བྲེལ་འཚུབ་གྱི་རྣམ་པ་དག་གསལ་ལེར་དྲན་ནུས། མོས་ཨན་རན་གྱི་ལག་རྒྱབ་ལ་ཡང་ཡང་རེག་བཞིན། ཨན་རན་ཁྱོད་གཟུགས་མཛེས་ཀྱང་ཚོད་འཛིན་བྱེད་ཤེས་དགོས། ཨན་རན་གྱིས་སྐད་ཆ་དེའི་དོན་ད་དུང་རྟོགས་མེད། ཚོད་འཛིན་ཞེས་པ་ནི་ཅི་ཞིག་ཡིན་ནམ། འལ་འོལ་ངང་མོས་རང་ཉིད་ནི་བློ་རྩིང་པ་ཞིག་ཡིན་པར་འདོད། དེ་མིན་མོ་རང་གྲོང་གསེབ་ཀྱི་མི་ཞིག་ལ་མནའ་མར་འགྲོ་མི་སྲིད། ཡ་མཚན་པ་ཞིག་ནི་ལིན་ཁྲུང་ལ་མནའ་མར་འགྲོ་བ་དང་ཁ་འཛིང་མི་བྱེད་ཅིང་ཁོའི་ངོ་ལ་བལྟས་ནས་འདུག་པར་ཅི་འདྲའི་སྤོབས་པ་ཆེན་པོ་ཞིག་བསྐྱེད་དགོས་ཨང་། ཕ་མ་ཚོས་ཅིའི་ཕྱིར་ཐེ་གཏོགས་མ་བྱས་པ་ཡིན། དེ་ལྟར་ཨན་རན་གྱིས་འདིང་མི་ཕོག་པར་བསམ་བློ་སྣ་ཚོགས་བཏང་། ཕ་མ་ཚོས་ལིན་ཁྲུང་ལ་སྒོར་མོ་ཆད་དེ་མོ་རང་གཏའ་མར་བཞག་པ་ཡིན་ཡང་སྲིད། མ་གཞིར་དེ་འདྲའི་བསམ་བློ་གཏོང་སྟངས་ནི་མི་སྲིད་པ་ཞིག་ཡིན། ཨན་རན་གྱིས་དེ་འདྲ་ཞིག་ཡིན་ནམ་བསྙམ་ནས་མིག་ཆུ་ཕྱུང་།
       ད་ཐེངས་ལིན་ཁྲུང་རྐུན་མ་བཞིན་སྒོ་མ་བརྡུང་བར་ནང་དུ་འཛུལ་བྱུང་། ཁོས་ཁ་པར་སྔས་མགོར་བཞག་ཏེ་ཨན་རན་གྱི་གདོང་ལ་ཕུར་ཚུགས་སུ་བལྟས། ལིན་ཁྲུང་གིས་འཛུམ་མདངས་ཅུང་ཙམ་མངོན་ལ་ངོ་གདོང་འཇིགས་སྐྲག་གི་གཉེར་མས་གང་བར་བྱས། ཨན་རན་གྱིས་ཁོའི་གདོང་ལ་ལྟ་འདོད་མེད་པར་མིག་ཟུང་བཙུམ། ལིན་ཁྲུང་གིས་མོའི་མིག་ལྕིབས་ཕྱེ་བ་ནི་དཔེ་ཆ་ཞིག་གི་ཁ་ཕྱེ་པ་དང་གཉིས་སུ་མེད། ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད། ཨན་རན་གྱིས་དེ་ལྟར་དྲིས། ལིན་ཁྲུང་གིས་ཨན་རན། ངས་ཁྱོད་རང་ཡང་བསྐྱར་བཟོ་བ་ཡིན་ཞེས་བཤད། ཨན་རན་གྱིས་ཁྱོད་ཀྱིས་ཟིང་མ་སློང་རོགས་ཞེས་བཤད། ལིན་ཁྲུང་གིས་ངས་ཟིང་སློང་གི་མེད། ཁྱོད་ཀྱིས་ནམ་ཡང་ཟིང་སློང་བཞིན་ཡོད། རང་གིས་ངེས་པར་དུ་ཁྱོད་རང་ཕུན་སུམ་ཚོགས་པ་ཞིག་བཟོ་དགོས། ཨན་རན་ཐབས་ཟད་དེ་ལིན་ཁྲུང་ལ། ཁྱོད་ཀྱིས་ཟིང་མ་སློང་རོགས། ཁྱོད་ཀྱི་ལས་འགན་གཙོ་བོ་ནི་ང་རང་རྨི་ལམ་ལས་སད་དུ་འཇུག་པ་དེ་རེད། ལིན་ཁྲུང་གིས་ཧུན་ཞེས་མོའི་འགྲམ་དུ་བཅར་དེ་ངོ་གདོང་ལ་ཐག་ཐག་ཅེས་རྡེག་མགོ་བརྩམས།
       ལིན་ཁྲུང་གིས་ཡོད་ཚད་ལེགས་པོ་ཡོང་ངེས། སྐད་ཆ་དེ་ནི་ཁྱོད་ཀྱིས་ང་ལ་བཤད་པ་རེད། སྐྲག་མི་དགོས་ཞེས་བཤད། ཁོས་ཨན་རན་གྱི་རྣ་བ་ནས་བཟུང་ཏེ་ཡས་མས་སུ་བཙན་གྱིས་འཐེན་པ་ན། ཨན་རན་གྱིས་སོ་འབལ་བ་ལྟར་ཧྲག་ཧྲག་ཧྲག་གི་སྒྲ་ཐོས་བྱུང་། མོས་དེ་སྔོན་སོ་བལ་མྱོང་བས་དེ་འདྲའི་འཇིགས་སྐྲག་གི་སྒྲ་ལ་མྱོང་བ་ཟབ་མོ་ཡོད། ལིན་ཁྲུང་གིས་ཨན་རན་གྱི་ངོ་གདོང་བཀོག་པ་ན། ཨན་རན་གྱི་མིག་གཡས་ཀྱི་ནུས་པ་ཉམས་ལ་མོས་བྲེད་སྐད་ཐུང་ངུ་ཞིག་ཀྱང་བརྒྱབ། ལིན་ཁྲུང་གིས་ལྷོ་ཕྱོགས་ཀྱི་ཡུལ་གྲུ་ཀུན་ཏུ་ཆར་བ་ཆེན་པོ་བབས་པས་གནམ་གྲུ་མང་པོ་ཞིག་གཏོང་མཚམས་བཞག་འདུག་ཅེས་བཤད་དེ། མོས་ངོ་གདོང་ཕྱིས་ནས་སྙོམས་པོ་བྱས་པ་ན། ཨན་རན་གྱི་མིག་གཡས་ཀྱི་ཚོར་བ་བསྐྱར་སོས་བྱུང་།
       “མ་སྐྲག ལྷུ་ལག་གཙོ་བོ་མགྱོགས་པོ་ངེས་ཡིན།”
       ཨན་རན་གྱིས“ལྷུ་ལག་གཙོ་བོ་ཡིན་ནམ། ལིན་ཁྲུང་། རང་གིས་གཉིད་ལབ་བྱེད་བཞིན་ཡོད་པ་རྟོགས་སམ།”ཞེས་ཟེར།
       ལིན་ཁྲུང་གིས་ལུས་པོ་དྲང་མོ་བྱས་ཏེ་ན་རེ། “གཉིད་ལབ། དེ་ནི་གཟི་བརྗིད་ལྡན་པའི་རྨི་ལམ་ཞིག་རེད། ད་ལྟ་ཁྱོད་ནི་ཁྱོད་རང་ཉིད་མིན་ལ། ངས་ཇུས་འགོད་བྱེད་པའི་ཆ་ཤས་ཤིག་ཡིན། ཁྱོད་ནི་བཟོས་མ་ཚར་བའི་འཕྲུལ་ཆས་ཤིག་ཡིན།”
       “ཟིང་མ་སློང་རོགས། ང་རང་དུས་ཐུང་ངང་རྨི་ལམ་ངན་པ་འདིའི་ནང་དུ་ལྷུང་ནས་ཕྱིར་འབུད་མི་ཐུབ་པས། ཁྱོད་ཀྱིས་ཐབས་བཀོད་འཐེན་ནས་ང་ལ་རོགས་རམ་གནང་རོགས། ཨོ། འགྲིག་སོང་། ད་ཁྱོད་ལ་འཁང་ར་མི་བྱེད། ཁྱོད་ནི་ད་ལྟ་ངའི་རྨི་ལམ་དུ་ཡོད་པས་ཁྱོད་ལ་ཡང་ཉེས་པ་མེད། ལིན་ཁྲུང་། ཡོད་ཚད་ལེགས་པོ་ཡོང་ངེས་ཡིན། དོན་དངོས་ཀྱི་ང་ཚོ་ནི་ད་ལྟའི་ང་ཚོ་ལྟ་བུ་ཞིག་མིན། ང་དེ་ལྟར་མིན་ལ་ཁྱོད་ཀྱང་དེ་ལྟར་མིན། ལིན་ཁྲུང་། ནམ་ཞིག་གི་ཚེ་ན་ང་གཉིད་ལས་སད་སྲིད། དེའི་སྔོན་དུ་ཁྱོད་ཀྱིས་ཚུལ་མིན་གྱི་བྱ་བ་མ་སྒྲུབ་པར་རང་ཉིད་ལ་སྲུང་འཛིན་བྱ་རོགས། ངས་ཁྱོད་ལ་ཞུ་བ་ཕུལ་བ་ཡིན།
       “སྐད་ཆ་འདི་དག་ཆད་ལུས་མེད་པར་ཁྱོད་ལ་ཕྱིར་སྤྲད།”ལིན་ཁྲུང་གིས་གདུག་རྩུབ་ངང་ཨན་རན་གྱི་དཔུང་བ་གཡས་པ་ནས་བཟུང་ནས་ཐེངས་འགར་གཡུག་པ་ན་ལམ་སང་དཔུང་བ་དུམ་བུ་གཉིས་སུ་བཏང་། ཨན་རན་སྐྲག་ཏེ་གློ་སྙིང་ཁ་རུ་འབུད་ཙམ་བྱུང་། ལིན་ཁྲུང་གིས་ལག་ཟུང་བསྲིངས་ཏེ་ཨན་རན་གྱི་མགོ་བོ་བཟུང་པ་ན། བཟོ་ལྟ་དེ་ནི་མོས་མགོ་བོ་གཅོད་འདོད་པ་དང་འདྲ། ལིན་ཁྲུང་གིས་ཨན་རན་གྱི་ངོ་གདོང་བཀྱགས་ཏེ་མིག་ཟིམ་ཟིམ་གྱིས་བལྟས་བྱུང་། དེ་ནི་ཡིག་འབྲི་མི་གསལ་བའི་དཔེ་ཆ་ཞིག་ཀློག་པ་དང་ཅི་འདྲའི་མཚུངས་ཨང་།
       ངས་ཁྱོད་རང་བསྐྱར་བཟོ་བྱེད་རྒྱུ་ཡིན། ལིན་ཁྲུང་གིས་དེ་ལྟར་བཤད།
       ཨན་རན་གྱིས་མི་དགོས་ཞེས་བཤད།
       ལིན་ཁྲུང་གིས་ངས་ཁྱོད་རང་སྐྱོབ་དགོས་ཞེས་བཤད།
       སྐབས་དེར། ལིན་ཁྲུང་གི་མིག་མདངས་ལས་གཏིང་ཟབ་པའི་འཇིགས་སྣང་ཞིག་མངོན། ཨན་རན་སྐྲག་བྱུང་། མོ་ཕལ་ཆེར་ཚེ་འདིར་དེ་འདྲ་ཞིག་སྐྲག་མྱོང་མེད། མོ་རང་མ་བསམ་ས་ནས་གཡང་རོང་ལ་ལྷུང་བར་སེམས་ཁྲལ་བྱས། མོས་གྲོང་གསེབ་པ་དེ་ཁོང་ཁྲོ་ལང་པར་སེམས་ཁྲལ་བྱས། ཁོས་སེམས་སུ་བསོགས་པའི་འཁོན་སེམས་ཡོད་ཚད་བདག་གི་སྟེང་དུ་བྱོ་སྲིད། ཁོའི་འདུ་ཤེས་གཏན་ནས་མེད་པར་འགྱུར་མི་རུང་། སུས་མོའི་མགོ་བོ་མི་གཅོད་པའི་འགན་ལེན་ཐུབ་བམ། ཨན་རན་མགྱོགས་པོར་བྲོས་ཏེ་ལིན་ཁྲུང་གི་བཙལ་ཡང་མི་རྙེད་པའི་རྨི་ལམ་གྱི་གཏིང་རིམ་ཞིག་ཏུ་ཡིབ་ན་འདོད། མོ་དངོས་གནས་སྐྲག་བྱུང་། ལིན་ཁྲུང་གིས་ཨན་རན་གྱི་མགོ་བོ་བསྐྱུར་ཏེ་ལུས་པོ་བསྒུར་ནས་མོར་ཕུར་ཚུགས་སུ་བལྟས་འདུག ཨན་རན་གྱིས་ཁོར་མིག་གིས་ལྟ་མི་ཕོད་པར་བསྡད། སྔར་ཁོའི་མིག་མདངས་དེ་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་པ་མ་རྟོགས། ལིན་ཁྲུང་གིས་ཨན་རན་གྱི་དཔུང་བ་ཡང་བསྐྱར་ལྷུ་སྒྲིག་བྱས། ལྷུ་སྒྲིག་བྱེད་པའི་གོ་རིམ་ཁྲོད་དུ་ཁོས་མིག་ཟུང་ཅེར་ནས་ཨན་རན་གྱི་རྣམ་འགྱུར་ལ་རྟོག་ཞིབ་བྱས།
       ཨན་རན་གྱིས་ཉབ་ཉོབ་ངང་འབོད་བཞིན།“ང་མགྱོགས་པོར་སད་དུ་ཆུགས།”ཅེས་ཞུ་བ་ཕུལ།
       “བྲེལ་བ་མ་ལངས། གནམ་གྲུ་རྒྱུན་ལྡན་ལྟར་འཕུར་ཐུབ་སྐབས་འགྲིག་པ་རེད།”
       ཨན་རན་གྱིས “ཆིག་ལབ་མ་རྒྱག ངས་མི་གཞན་ལ་འབོད་ངེས།”ཞེས་བཤད།
       ལིན་ཁྲུང་ཧ་ལས་ཏེ“མི་གཞན་ལ་འབོད་པ་ཡིན་ནམ། ཁྱོད་ཀྱིས་སུ་འབོད་ན་འདོད།”
       ཨན་རན་གྱིས་སྐད་ཤུགས་ཆེན་པོས“མི་ཤོག་ཡ། མགྱོགས་པོ་མི་ཤོག ང་རང་ཡར་ལ་འགྱོགས་རོགས།”ཞེས་བོས།
       ཕྱི་རོལ་ནས་མི་ཞིག་གིས་ཨ་ལན་སློག་བྱུང་། སྐབས་དེར། ལིན་ཁྲུང་གི་གདོང་མདོག་འགྱུར་ནས་ཚོད་གྲི་ཞིག་ལག་ཏུ་ཐོགས་ཏེ་གདུག་རྩིབ་ཆེན་པོས་ཨན་རན་ལ་བལྟས། དེ་ནི་ལིན་ཁྲུང་གིས་ཨན་རན་གསོད་པར་འདོད་པ་མིན་པར་ཆ་མི་འཚལ་བའི་མི་དེ་གསོད་གྲབས་ཡིན། ལིན་ཁྲུང་གིས་ཚོད་གྲི་བཟུང་ནས་ཕྱི་རོལ་ཏུ་བརྒྱུགས་པ་ན། ཨན་རན་གྱི་སེམས་སུ་ཡོད་ཚད་མཇུག་རྫོགས་སོང་བསྙམ། གློ་བུར་དུ་མོ་རང་མཐའ་མེད་པའི་མུན་ནག་ཏུ་ལྷུང་བ་ནི་ལིན་ཁྲུང་གི་གཏིང་ཟབ་བའི་མིག་མདངས་སུ་ལྷུང་བ་དང་འདྲ། ཨན་རན་གྱིས་སྒེའུ་ཁུང་གི་ཕྱོགས་སུ་ལག་པ་བརྐྱངས་པ་ན། མཛུབ་མོ་སྒེའུ་ཡོལ་ལ་རེག་ཙམ་བྱུང་བས། ད་དུང་འབད་པ་བྱས་ན་སྒེའུ་ཡོལ་ཕྱེ་ཐུབ་པ་འདྲ། སྐབས་དེར། སྒེའུ་ཡོལ་གྱི་ངོས་སུ་བྲེལ་ཟིང་ཆེ་བའི་རྣམ་པ་དེ་ཤར་བྱུང་། མོས་ད་གཟོད་དེ་ནི་རྨི་ལམ་དེའི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན་གྱིས་ཁོ་ལ་ལྐོག་བརྡ་ཐེངས་གཅིག་བཏང་བ་ཡིན་ལ། གསལ་བརྡ་ཐེངས་གཅིག་བཏང་བའང་ཡིན་པ་རྟོགས།
       སྒེའུ་ཁུང་གི་ཕྱི་རོལ་ནི་འོད་ཟེར་སྟོང་དང་ལྡན་པ་ཞིག་ཡིན་ངེས།……
       དེ་དག་ནི་བྱུང་རིམ་རྙོག་འཛིང་ཅན་ཞིག་ཡིན་ནམ། ཨན་རན་ཡིད་མུག་པའི་ངང་མལ་ཁྲིའི་འགྲམ་ལ་རྡེག་བཞིན་ཤིན་ཏུ་དཀའ་བའི་ཚོར་བ་དེས་བློ་མི་བདེ་བར་གྱུར། བུད་མེད་དེ་རྐང་འཇབ་ལག་འཇབ་ངང་ནང་དུ་འཛུལ་བྱུང་། མོས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་ཨན་རན་ལ་ཡུན་རིང་བལྟས། ཨན་རན་གྱིས་མིག་ཟུང་ཟིམ་པར་བྱས་ནས་བལྟས་པ་ན། མོ་ནི་ལྷམ་རྟིང་ཙོག་གྱོན་པའི་ལྐོག་ཉན་བྱེད་མཁན་དེ་ཡིན་པར་ཁ་ཚོན་གཅོད་ཐུབ།
       བུད་མེད་དེས་སྐད་གདངས་འཇམ་པོའི་ངང“ཨན་རན། ལྷུ་ལག་གཙོ་བོ་དག་སླེབས་ལ་ཉེ། ཁྱོད་ཀྱིས་རེ་སྒུག་བྱས་ཡོད་དམ།”ཞེས་ཟེར།
       “ཁྱོད་སུ་ཡིན།”ཨན་རན་མི་དགའ་བའི་ངང་དྲིས།
       “ང་ཁྱོད་ཡིན། དེ་ལྟར་བཤད་ནའང་ཁྱོད་ཀྱིས་རྟོགས་མི་སྲིད།”ཅེས་བུད་མེད་དེ་བགད་བྱུང་།
       ཨན་རན་གྱིས“རྨི་ལམ་སྡུག་ཅག་དེ”ཞེས་ཁོང་ཁྲོ་ཤིན་ཏུ་ལངས་ཏེ་ཆིག་ལབ་རྫོགས་མེད་ཅིག་བཤད། དེ་འདྲའི་ཡ་མཚན་པ་དང་ཁུངས་ལུང་མེད་པའི་རྨི་ལམ་ཐ་ཤལ་ཞིག་སུས་རྨིས་མྱོང་ངམ། “ལྷམ་རྟིང་ཙོག”ཅན་གྱིས་ཚོད་བགམ་གྱི་མིག་མདངས་དང་སྐད་ཆ་ཡིས་ཨན་རན་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲད་བྱུང་།
       ཨན་རན་གྱི་ཚོར་སྣང་ལྟར་ན། “ལྷམ་རྟིང་ཙོག”ཅན་དང་ལིན་ཁྲུང་གཉིས་ལ་འབྲེལ་བ་ཞིག་ཡོད་པ་ཐག་གིས་གཅོད་ཐུབ། “ལྷམ་རྟིང་ཙོག”ཅན་གྱིས་ཨན་རན་གྱི་ལག་པར་འཇུས་ནས་ཡར་མར་སྒུལ་ཞིང་འཐེན་ལ་ངག་འཇམ་པོས་སེམས་གསོ་བྱེད་ཁུལ་བྱས། ད་དུང་ལིན་བཟོ་འགོད་པས་ལྷུ་ལག་གཙོ་བོ་དག་ལྷུ་སྒྲིག་བྱེད་པར་རམ་འདེགས་བྱེད་དགོས་པའི་ཁ་ཏ་བྱས། ཨན་རན་གྱིས་བུད་མེད་དེའི་བྱ་སྤྱོད་རེ་རེས་མོའི་ལྟ་སྟངས་ལ་ཚོད་བགམ་བྱེད་བཞིན་ཡོད་པ་གསལ་པོར་རྟོགས། “ལྷམ་རྟིང་ཙོག”ཅན་གྱིས་སྐད་གདངས་སུ་ཚོད་འཛིན་མི་ཐུབ་པའི་སྤྲོ་སྣང་གིས་ཁེངས་ཤིང་སྐད་ཆ་བཤད་ཚད་ལིན་བཟོ་འགོད་པ་ཁོ་ན་ཡིན། མོ་དང་ཆའོ་ཀྲི། ཏ་ཁོ་སོགས་ནི་རིགས་གཅིག་ཡིན་ལ་ལིན་ཁྲུང་གིས་ཇུས་འགོད་བྱས་ཏེ་བསྐྲུན་པའི་དངོས་པོ་དག་ཡིན་པ་གསལ་པོར་རྟོགས་ཐུབ། མོ་རང་ལིན་ཁྲུང་ལ་རེ་ཐག་ཆད་ནས་སེལ་ཐབས་བྲལ་བའི་འཁོན་སེམས་ཤིག་སྐྱེས། མོས་སྔ་ས་ནས་ལིན་ཁྲུང་ལ་བུད་མེད་ཇུས་འགོད་བྱེད་མི་ཆོག་པའི་རེ་བ་བཏོན་མྱོང་ལ། དེ་ནི་མོས་མ་མཐའི་ཚད་ཐིག་ཅིག་ཡིན་མོད། འོན་ཀྱང་ལིན་ཁྲུང་གིས་ཚད་ཐིག་དེ་སྲུང་འཛིན་བྱེད་མ་ཐུབ།
       རྨི་ལམ་གྱི་ཁྲོད་དུ་ལུས་པ་ནི་དཀའ་སྡུག་ཆེ་བའི་རྣམ་པ་ཞིག་ཡིན། ཨན་རན་གྱིས་རེ་སྒུག་བྱེད་པ་ལས་ཐབས་གཞན་མེད་མོད། འོན་ཀྱང་དེ་ཡང་གོ་སྐབས་ཤིག་ཡིན། ཨན་རན་གྱིས་འོས་འཚམས་ཀྱི་གོ་སྐབས་ཤིག་ལ་བསྒུག་ཏེ་རང་ཉིད་རྨི་ལམ་གྱི་ལྕགས་སྒྲོག་ལས་ཐར་བའི་སྟོབས་ཤུགས་འགྲན་ཟླ་བྲལ་བ་ལྡན་དུས། མྱུར་དུ་རྨི་ལམ་གྱི་འདམ་གཞོང་ནས་ཕྱིར་འབུད་དུ་འཇུག་དགོས། མོས་བཙན་གྱིས་རང་ཉིད་བག་ཕེབས་སུ་འཇུག་པ་དང་ལིན་ཁྲུང་དང“ལྷམ་རྟིང་ཙོག”ཅན་སོགས་མི་ཐམས་ཅད་ལ་མཐུན་ཐབས་བྱས་ལ། མི་མཐུན་པ་ཡོད་ཚད་ནི་རྨི་ལམ་གྱི་སྟེང་དུ་བསྒྱུར། དེ་དག་ཡོད་ཚད་ནི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན་སྡུག་ཅག་དག་གིས་གང་བྱུང་དུ་བཟོས་པ་ཡིན་པས། རྨི་ལམ་ཁྲོད་ཀྱི་མི་དང་དོན་དག་ཡོད་ཚད་ལ་ལེ་བདའ་བྱེད་མི་རུང་། དེ་དག་ཡོད་ཚད་ནི་གནས་པ་ཞིག་གཏན་ནས་མིན།
       ཨན་རན་གྱིས“ཁྱོད་ཨན་རན་མིན། ཁྱོད་དུས་ནམ་ཡང་ཨན་རན་ཡིན་མི་སྲིད།”ཅེས་བཤད།
       “ཨན་རན་ནི་ང་ཡིན།”
       “ཁྱོད་ཨན་རན་ཡིན་དགོས་པའི་ངེས་པ་ཅི་ཡོད།”
       “ལིན་བཟོ་འགོད་པར་དགའ་མཁན་དངོས་ནི་ང་ཁོ་ན་ཉིད་ཡིན་པས། ངས་ཁོའི་ཆེད་དུ་རང་སྲོག་བློས་གཏོང་ཐུབ་ལ། ང་གཅིག་པུས་ཁོ་ལ་འཚོ་བ་བརྟན་པོ་ཞིག་རོལ་ཏུ་འཇུག་ཐུབ།”
       “ངས་ཀྱང་ཐུབ།”
       “ཁྱོད་ཀྱིས་ལིན་བཟོ་འགོད་པ་དངངས་སྐྲག་སྐྱེ་རུ་བཅུག་པ་མ་ཟད་རྒྱབ་འགལ་བྱས། སྒོར་མོ་བརྐུས། ཁོ་རང་སྡུག་ལ་གཏད། ད་དུང་ཐེར་ཞུ་བྱས།……” “ལྷམ་རྟིང་ཙོག”ཅན་གྱིས་གློ་བུར་དུ་ངག་བདམས་ཏེ། མིག་ཆེ་ཆེར་བགྲད་ནས་སྐྲག་སྣང་གི་རྣམ་འགྱུར་ཞིག་མངོན་བྱུང་།
       ལིན་ཁྲུང་འཇམ་ཐང་ཐང་གིས་ནང་དུ་འཛུལ་བྱུང་། “ལྷམ་རྟིང་ཙོག”ཅན་གྱིས་ཁོར་མིག་གིས་ལྟ་མི་ཕོད་པར་མགོ་བོ་བསྒུར་བྱུང་། ལིན་ཁྲུང་གིས་ཨན་རན་གྱི་ལག་པར་བཟུང་ནས། སྐྲག་མི་དགོས། ངས་ཁྱོད་ལ་རྒྱུན་ལྡན་གྱི་ཞིབ་བཤེར་ཞིག་བྱེད།
       “མོ་སུ་རེད།”
       “ཁྱོད་རང་རེད།” ལིན་ཁྲུང་གིས་དེ་ལྟར་བཤད།
       “མོ་ཇི་ལྟར་ང་ཡིན་ནམ།”
       “ཁྱོད་ཀྱིས་མ་ནེ་སྟེང་གི་མཛེས་པའི་སྨེ་བ་ལ་ལྟོས། ”
       “ཁྱི་སྐྱག་ལྟ་བུའི་སྨེ་བ། མྱུར་དུ་མོ་རང་ངའི་རྨི་ལམ་ནས་ཕྱིར་ཕུད་ཅིག” ཨན་རན་གྱིས་དེ་ལྟར་བཤད།
       ལིན་ཁྲུང་གིས་ལག་པ་གཡུག་གཡུག་བྱས་པ་ན། ལྷམ་རྟིང་ཙོག་ཅན་ཁོང་ཁྲོ་ལངས་བཞིན་ཕྱིར་བུད་སོང་། ལིན་ཁྲུང་མལ་ཁྲིའི་འགྲམ་དུ་བསྡད་དེ་ཨན་རན་གྱི་ལག་པར་འཇུས་ནས་དལ་གྱིས་ལག་པའི་སྟེང་གི་རྨ་རྗེས་ཕུར་ཕུར་བྱས། ཨན་རན་གྱིས་རང་ཉིད་ནི་གདོན་འདྲེ་ནང་བཞིན་ལིན་ཁྲུང་གི་ཁྲག་དང་སྤྲོ་སེམས་དག་བར་མེད་དུ་འཇིབས་པ་ན། ལིན་ཁྲུང་གི་གདོང་མདོག་དང་སྐྲ་ལོ་དག་ཤེས་མེད་ཚོར་མེད་ངང་སྐྱ་བོ་རུ་གྱུར། ཨན་རན་གྱིས་སྐད་ཆ་འགའ་བཤད་ན་འདོད་བྱུང་། ལིན་ཁྲུང་གི་མཆུ་སྒྲོས་སྟེང་གི་སྐུལ་རྒྱུའི་བྲོ་བར་སྣོམ་ན་འདོད། ད་དུང་པྲ་ཆལ་གྱི་བཟོ་ལྟས་མོ་ཤི་བའི་ཡུན་ལ་འཁྲིག་སྦྱོར་གྱི་དགོས་མཁོ་ཇི་ལྟར་བསྐང་བ་འདྲི་འདོད་མོད། འོན་ཀྱང་གློ་བུར་དུ“ལྷམ་རྟིང་ཙོག”ཅན་ཡིད་ལ་འཁོར་བ་ན་རང་དབང་མེད་པར་ཁོང་ཁྲོ་ཆེན་པོ་ལངས།
       ཨན་རན་གྱིས་ང་ལ་མེ་ལོང་ཞིག་ཁྱེར་ཤོག་ཅེས་བཤད།
       ད་ལྟ་ཁྱོད་ལ་མེ་ལོང་ཞིག་མི་མཁོ། ལིན་ཁྲུང་གིས་དེ་ལྟར་བཤད།
       ཨན་རན་གྱིས་གླེན་རྒན། ཁྱོད་ཀྱིས་རྨི་ལམ་ཁྲོད་ནས་ཀྱང་ཡིད་ཕམ་དུ་བཅུག་བྱུང་ཞེས་བཤད།
       ལིན་ཁྲུང་གིས་ཁོང་ཁྲོ་དང་འཁང་རའི་མིག་ཟུང་གིས་མོར་བལྟས་པ་ན། ཨན་རན་ཅུང་ཙམ་ཡང་མི་སྐྲག་པར་ཁོར་མིག་ཟུང་ཅེར་ནས་བལྟས། ལིན་ཁྲུང་གིས་ལྷུ་ལག་གཙོ་བོ་དག་སླེབས་སོང་ཞེས་བཤད་པ་ན། ཨན་རན་གྱིས་ཁྲེལ་དགོད་འགའ་བྱས་ཏེ་མིག་ཟུང་བཙུམས། ཨན་རན་གྱིས་ཁུངས་མེད་ཀྱི་སྐད་ཆ་དེ་དག་ལ་བཟོད་ཐབས་བྱས་ཏེ་མྱུར་དུ་གཉིད་ལས་སད་པར་རེ་སྒུག་བྱེད་བཞིན་ཡོད།
       ལིན་ཁྲུང་གིས་བྲེལ་བ་མ་ལངས། ངས་ཁྱོད་རང་གསར་པ་ཞིག་ངེས་པར་དུ་བསྐྲུན་ནུས་ཞེས་བཤད།
       ཨན་རན་གྱིས་ངས་ཁྱོད་ཀྱི་འཆལ་གཏམ་དེ་དག་ལ་ཉན་འདོད་མེད་ཅེས་ལན་བཏབས།
       ལིན་ཁྲུང་གིས་ང་ལ་ཁྱོད་རང་སྔར་དང་མི་འདྲ་བ་ཞིག་བསྐྲུན་ནུས་པའི་འདེང་ཚོད་འདུག་ཅེས་བཤད།
       ཨན་རན་གྱིས་མིག་ཟུང་ཕྱེ་སྟེ་ལྷོད་ལྷོད་ངང་ལིན་ཁྲུང་ཁྱོད་ཀྱིས་འུ་གཉིས་ཇི་ལྟར་ཤེས་པའི་སྐོར་གྱི་སྐད་ཆ་ཞིག་བཤད་ན་མི་ཆོག་གམ། ལིན་ཁྲུང་གིས་ལྷུ་ལག་གཙོ་བོ་རྣམས་ལྷུ་སྒྲིག་བྱས་ཟིན་པས་ད་ལྟའི་ཁྱོད་ནི་བདག་གིས་བསྐྱར་བཟོ་བྱས་པ་དེ་ཡིན་ཞེས་བཤད། ཨན་རན་ཁོའི་གདོང་ལ་ཅེར་ཏེ་ཚིག་འབྲུ་རེ་རེ་བཞིན་བསྐྱར་འདྲི་ཐེངས་གཅིག་བྱས། ཁོས་ལན་ཡང་དག་ཅིག་མ་བཏབ་པར་ཨན་རན་གྱིས་ཡང་ནས་ཡང་དུ་འདྲི་གྲབས་བྱས་པ་ན། ལིན་ཁྲུང་གིས་ལག་པ་གཉིས་གཅུས་བྱུང་དེ་ནི་ནོར་འཁྲུལ་བྱུང་བའི་བྱིས་པ་ཞིག་དང་ཤིན་ཏུ་འདྲ། ཨན་རན་གྱི་བཙན་སྐུལ་འོག་ཁོས་དེ་ནི་བགྲང་བྱ་བཅུའི་ཡར་སྔོན་དུ་བྱུང་བའི་དོན་དག་ཅིག་རེད་ཅེས་དྲང་པོར་མི་བཤད་ཐུ་མེད་དུ་གྱུར། བགྲང་བྱ་བཅུ་ཡི་ཡར་སྔོན་གྱི་ཉིན་ཞིག་ལ། ཨན་རན་གྱིས་ཨ་རག་འཐུང་དྲགས་པས་མི་དམངས་ལམ་གྱི་དྲན་གསོའི་རྡོ་རིང་འོག་ཏུ་བྱིས་པ་ཞིག་ཨ་མར་བྲལ་བ་ལྟར་ངུ་ངག་འདོན་བཞིན་འདུག མི་ཚོགས་ཀྱིས་བུད་མེད་མཛེས་མ་འདི་ལ་དོན་དག་ཅི་ཞིག་བྱུང་བའམ། ཡང་ན་ཅི་ཞིག་འབྱུང་སྲིད་པ་རྟོགས་འདོད་དེ་ཨན་རན་གྱི་མཐའ་འཁོར་དུ་རུབ་འདུག །སྐབས་དེར། ཆར་བ་དྲག་པོ་ཞིག་བབས་བྱུང་།
       “ངས་ཁྱོད་ཡར་བཀྱགས་ཏེ། བུ་མོ། ཁྱོད་ཁྱིམ་ལ་འགྲོ་རན་སོང་།”
       “ཅི་ཞིག”
       “ཁྱོད་རང་ངའི་པང་དུ་བསྙེས་ཤིང་ང་ལ་འཐམས་ནས། ངའི་བྲང་ཁ་རྡུང་བཞིན། ཧྭ་ཙི། ཁྱོད་ད་གཟོད་སླེབས་པ་ཡིན་ནམ།”
       “ཧྭ་ཙི།”ཨན་རན་གྱི་སེམས་སུ“ཧྭ་ཙི་སུ་ཡིན་ནམ།”ཨན་རན་གྱིས་མིང་འདི་གསལ་ལ་མི་གསལ་བ་ཞིག་དྲན་གྱིན་འདུག ཁོ་རང་སྐྱེས་པ་ཞིག་ཡིན་པའང་དྲན་གྱིན་འདུག། ལིན་ཁྲུང་གིས་ཤོག་སྙིགས་ལྟ་བུའི་གདོང་གི་གཉེར་མ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་སྐྱོ་ཉམས་ཀྱི་འཛུམ་ཞིག་སྟོན།
        ཤུ། ཆག་སྒོ་ཅན་གྱི་རྨི་ལམ་ཨང་།
       ལིན་ཁྲུང་མེད་པའི་སྐབས་དང་བསྟུན་ཏེ“ལྷམ་རྟིང་ཙོག”ཅན་ཡང་བསྐྱར་ནང་ལ་སླེབས་བྱུང་། མོའི་གདོང་ན་རྣམ་འགྱུར་ཅི་ཡང་མེད་པར་རེ་ཞིག་སྒུག་དང་ལྷུ་ལག་གཙོ་བོ་དག་ལྷུ་སྒྲིག་བྱས་ཟིན། སྔར་གྱི་བྱ་བ་ངན་པ་དག་མེད་པར་བཟོས་ཚར་བ་རེད། ད་ནས་བཟུང་ཁྱོད་མུ་མཐུད་དུ་ཨན་རན་བྱས་ཆོག་ཅེས་བཤད། མ་གཞིར་ཨན་རན་གྱིས་སྐད་ཆ་བཤད་འདོད་མེད་ནའང་། བཟོད་མ་ཐུབ་པར་སྔོན་ཆད་ཅི་ཞིག་བྱས་སོང་། རྗེས་ནས་ཡང་ཅི་ཞིག་བྱ་སྲིད་ཅེས་ལན་བསློག “ལྷམ་རྟིང་ཙོག”ཅན་གྱིས་གལ་ཏེ་ཁྱོད་ཀྱི་འདས་སོང་གི་བྱ་བ་དག་མེད་ན་ཁྱོད་ནི་ཆེས་བཟང་བའི་ཨན་རན་དེ་ཡིན་ངེས་ཞེས་བཤད། ཧུན། ཨན་རན་གྱིས་མིས་བཟོས་མི་ཞིག་ལ་ཨ་ལན་བྱེད་འདོད་མེད་ནའང་། “ལྷམ་རྟིང་ཙོག”ཅན་གྱིས་སྐད་ཆ་མི་བཤད་པར་ལག་པ་རྡེབ་ཙམ་བྱས་པ་ན་སྒོ་ཕྱེ་བྱུང་། སྐྱེས་པ་གཉིས་ཀྱིས་དངོས་པོ་ཞིག་བཟུང་ནས་ནང་དུ་སླེབས་བྱུང་།
       “ལྷམ་རྟིང་ཙོག”ཅན་གྱིས་འདི་ནི་ཁྱོད་ལ་མཁོ་བའི་དངོས་པོ་དེ་ཡིན་ཞེས་བཤད།
       ཨན་རན་གྱིས་དེ་ཅི་ཞིག་རེད་ཅེས་དྲིས།
       “ལྷམ་རྟིང་ཙོག”ཅན་གྱིས་དེ་ནི་ཁྱོད་ཀྱི་ཧམ་སེམས་སྒྲོག་པའི་ཟྭ་དེ་ཡིན་ཞེས་བཤད།
       ཨན་རན་གྱིས་དོན་དངོས་སུ་དེ་ཅི་ཞིག་ཡིན་ནམ་ཞེས་དྲིས།
       “ལྷམ་རྟིང་ཙོག”ཅན་གྱིས་མེ་ཞོང་ཞིག་རེད་ཟེར།
       ཨ་ལ་ལ། ཨན་རན་གྱིས་ཧ་ལས་པའི་ངང་མེ་ལོང་ད་གཟོད་སླེབས་སོང་ཞེས་བཤད།“ལྷམ་རྟིང་ཙོག”ཅན་གྱིས་སྐྱེས་པ་རྣམས་ལ་མེ་ལོང་འགེལ་བའི་བཀོད་འདོམས་གནང་། ད་དུང་ཨན་རན་ལ་མེ་ལོང་བཀལ་བའི་ཟུར་ངོས་འདི་འགྲིག་གམ་ཞེས་དྲིས། ཕར་བལྟས་ཚོད་དུ་མེ་ལོང་ཆེན་པོ་ཞིག་ཡིན་ནའང་ཨན་རན་གྱིས་མེ་ལོང་གི་ཟུར་གཅིག་ཙམ་ལས་མཐོང་མི་ཐུབ། ལུས་པོ་གཡོ་འགུལ་བྱེད་མི་ཐུབ་པས་མེ་ལོང་ཆ་ཚང་མཐོང་ཐུབ་བྲལ།“ལྷམ་རྟིང་ཙོག”ཅན་གྱིས་ཨན་རན་ལ་ཟུར་ངོས་འདི་འགྲིག་གམ་ཞེས་དྲིས། ད་དུང་ཅུང་ཙམ་མཐོ་དགོས་ཞེས་ཨན་རན་གྱིས་དེ་ལྟར་བཤད་པ་ན། སྐྱེས་པ་རྣམས་ཀྱིས་མེ་ལོང་ཅུང་ཙམ་མཐོན་པོར་བཀྱགས་ཏེ་ལྕམ་ལིན་ལགས། ད་ལྟ་འགྲིག་གམ་ཞེས་དྲིས།
       “ཁྱོད་ཆའོ་ཀྲི་ཡིན་ནམ། ཁོ་ཏ་ཁོ་རེད།”ཨན་རན་གྱིས་སྐྱེས་པ་དེའི་སྐད་གདངས་ལས་སུ་ཡིན་ཤེས་བྱུང་།
       ཆའོ་ཀྲི་དང་ཏ་ཁོ་གཉིས་ཀྱིས་སྨྲ་བ་བདམས་ནས་ཕྱི་རོལ་དུ་བུད། ཨན་རན་གྱིས་དགོད་སྒྲ་ཞིག་ཐོས་བྱུང་། དེ་ནི“ལྷམ་རྟིང་ཙོག”ཅན་གྱི་དགོད་སྒྲ་ཡིན་པར་ཚོད་དཔག་བྱེད་ཐུབ། དགོད་སྒྲ་དེ་ནི་སྐྱོ་སྣང་གི་དགོད་སྒྲ་ཞིག་དང་ཟུར་ཟའི་དགོད་སྒྲ་ཞིག་རེད། ཨན་རན་གྱིས་མགྱོགས་པོར་མེ་ལོང་ནང་དུ་རང་གི་ངོ་གདོང་ལ་ལྟ་བར་འདོད་པ་ལས་དེ་ལ་ཐེ་གཏོགས་བྱེད་པའི་སེམས་ཁམས་ཤིག་མེད། ཨན་རན་གྱིས་ལག་གཡོན་མཆན་ལ་བཙུགས་ཏེ་འདེགས་ཤིང་ཞིག་དང་འདྲ་བར་ལུས་པོས་ཟུར་ངོས་འཁོར་ཙམ་བྱས། གློ་བར་དུ་མོས་ཕག་པ་ལྟ་བུ་དང་གདོན་འདྲེ་ལྟ་བུའི་རྒྱུས་མེད་ཀྱི་ངོ་གདོང་ཞིག་མཐོང་བྱུང་། མོས་རང་གི་གཡས་ཕྱོགས་ཀྱི་ངོ་གདོང་ནས་འོད་ཟེར་ཞིག་འཕྲོས་པ་མཐོང་བ་ན། ལམ་སང་མིག་ཟུང་བཙུམས།
       ཨན་རན་གྱིས་དེ་ནི་ཅི་འདྲ་རྨི་ལམ་ངན་པ་ཞིག་ཡིན་པར་བསམ་བློ་གཏོང་བཞིན་འདུག
       མེ་ལོང་དེ་ནི་འབུར་ཀོང་ཞིག་ཡིན་པ་གསལ་པོར་ཤེས་ཀྱང་ཨན་རན་ད་དུང་རྦད་དེ་མགོ་འཐོམ་དུ་གྱུར། མོས་མེ་ལོང་ལས་མཐོང་བའི་ཕག་པ་དང་གདོན་འདྲེའི་ངོ་གདོང་དེ་རང་ཉིད་ཡིན་མིན་གྱི་ཐག་ཆོད་བྱེད་མི་ཐུབ། མ་རེད། རེད། ཨན་རན་གྱིས་རང་ཉིད་ལ་ཤེས་པ་ནས་མི་ཤེས་པའི་བར་གྱི་རྩོད་པ་བརྒྱབ། ལིན་ཁྲུང་ནང་དུ་སླེབས་སྐབས་ད་གཟོད་ཁོང་ཁྲོ་ཅུང་ཙམ་ཞི་བར་གྱུར། ལིན་ཁྲུང་གིས་མོའི་ལུས་པོ་ཡོངས་ཀྱི་ལྷུ་ལག་རེ་རེ་བཞིན་ཞིབ་བཤེར་ཐེངས་གཅིག་བྱས་ལ། མཐར་ངོ་གདོང་གཡོན་ཕྱོགས་ཀྱི་ཁ་ཕྱེ་པ་ན། མོས་སོ་འབལ་བ་ལྟ་བུའི་འཇིགས་སུ་རུང་བའི་ཧྲག་ཧྲག་གི་སྒྲ་ཞིག་ཐོས། ལིན་ཁྲུང་གིས་ལམ་སང་འགྲིག་གི་རེད། ཁྱོད་རང་ཤི་ནས་གསོན་པོར་གྱུར་བ་ཡིན། མིན། ཁྱོད་ལ་གནམ་སའི་འགྱུར་བ་འགྲོ་བ་ཡིན་ཞེས་བཤད།
       ཨན་རན་ཁྲོས་ཏེ་གླེན་རྒན་ཁྱོད་ཅེས་སྡིག་དམོད་བྱས།
       ལིན་ཁྲུང་གིས་ཁྱོད་རང་ཕྱི་གཙང་ནང་གཙང་གསར་པ་གསར་རྐྱང་ཆགས་ངེས་ཞེས་བཤད།
       ཨན་རན་གྱིས་སྣང་མེད་ངང་ཁྱོད་ཀྱིས་རྨི་ལམ་རྨིས་པ་ཡིན་ནམ། དེ་ལྟར་བྱས་ན་སེམས་བདེའམ། ཁྱོད་ཀྱིས་ང་རང་དེ་འདྲའི་སྡུག་ལ་གཏད་པར་བློས་གཏོང་ཐུབ་བམ་ཞེས་བཤད། དྲི་བ་དེས་ལིན་ཁྲུང་བསམ་གཞིག་གི་གནས་སུ་ཁྲིད་དེ། ཨན་རན་བསྐྱོར་བའི་ལག་པ་འགུལ་མཚམས་བཞག། དེ་ནི་ཕལ་ཆེར་ཁོའི་རྣམ་ཤེས་ལ་འགུལ་ཤུགས་ཤིག་ཐེབས་པ་དང་འདྲ། ཅུང་ཙམ་འགོར་རྗེས། ལིན་ཁྲུང་གིས་ཨན་རན་གྱི་ངོ་གདོང་ལ་བྱིལ་བྱིལ་ཙམ་བྱས་ནས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཕྱི་རུ་སོང་། ཅུང་ཙམ་འགོར་བ་ན། “ལྷམ་རྟིང་ཙོག”ཅན་ནང་དུ་འོང་ནས“གལ་ཏེ་ཁྱོད་རང་ལིན་བཟོ་འགོད་པར་མ་དགའ་ན། ཁྱོད་ཀྱིས་དང་ལེན་བྱེད་མི་དགོས”ཞེས་བཤད།
       “དང་ལེན་མི་བྱེད་དམ།”
       “རེད་ཡ། རྗེས་ནས་ང་ནི་ཨན་རན་གཅིག་པུ་དེ་ཡིན། གལ་ཏེ་ངས་ཨན་རན་ཡག་པོ་ཞིག་བྱེད་མ་ནུས་ཚེ། ཨན་རན་གཞན་ཞིག་གིས་བདག་གི་ཚབ་བྱེད་སྲིད།”
       ཨན་རན་གྱིས “ཕྱིར་ལ་སོང་། དེ་ནི་ཁྱོད་ཀྱིས་རྨི་ལམ་རྨིས་པ་ཡིན། དུས་གཏན་དུ་འཇིག་རྟེན་སྟེང་དུ་ང་རང་གཅིག་པུ་ལས་ཨན་རན་ཟེར་བ་ཞིག་མེད།”
       བུད་མེད་དེས“ཁྱོད་ཀྱིས་ལིན་བཟོ་འགོད་པར་སྙིང་རྗེ་བྱོས། ཁོས་ཁྱོད་ལ་ད་དུང་ཅི་ཞིག་སྒྲུབ་དགོས་སམ། ཁོས་ཁྱོད་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་ཡོད”ཅེས་བཤད།
       “ཕྱིར་ལ་སོང་།”ཨན་རན་གྱིས་ནུས་ཤུགས་ཆེན་པོས་མལ་ཁྲིའི་འགྲམ་ལ་རྡེག་པ་ན། ནུས་ཤུགས་བཏོན་དྲགས་པས་ལུས་པོ་རྡོ་བ་བཞིན་འགྲེ་ལྡོག་ཅིག་བརྒྱབ། གློའུ་མོ་ཁྱོད་ཅེས་བུད་མེད་དེའི་ཕྱོགས་སུ་སྡིག་དམོད་བྱས།
       མེ་ལོང་ནང་དུ་གདོན་འདྲེ་ཞིག་འགུལ་བཞིན་འདུག ད་དུང་གདོན་འདྲེ་གཞན་ཞིག་ཀྱང་འགུལ་བཞིན་འདུག གདོན་འདྲེ་དེར་ངོ་གདོང་མེད། ཨན་རན་གྱི་སེམས་སུ་དེ་ནི་དྲང་བདེན་ཞིག་མིན། མོས་གདོན་འདྲེ་དེའི་ངོ་གདོང་ངོ་མ་དེ་མཐོང་ན་འདོད། ཨན་རན་གྱིས་མེ་ལོང་ལ་མཛུབ་མོ་གེར་བཞིན། ཁྱོད་ཀྱིས་ཁ་ཕྱིར་འཁོར་ནས་མེ་ལོང་ནང་དུ་རང་ཉིད་ཀྱི་རྣམ་པ་དངོས་ལ་གཟིགས་རོགས་ཞེས་བཤད། “ལྷམ་རྟིང་ཙོག”ཅན་གྱིས་རྒྱབ་ཕྱོགས་ཀྱི་མེ་ལོང་ལ་མཛུབ་མོ་གེར་བཞིན། མེ་ལོང་འདིའི་ནང་དུ་ང་རྒྱལ་ཅན་གྱི་ཁྱོད་ལས་སུ་ཡང་མེད། མོས་དལ་གྱིས་ཁ་ཕྱིར་འཁོར་ཏེ་མེ་ལོང་ལ་ཁ་གཏད་པ་ན། གློ་བུར་དུ་མོས་ལིན་ཁྲུང་དང་འདྲ་བའི་དགོད་སྒྲ་ཞིག་ཕྱུང་། ཧུ་ཧུ། ཧ་ཧ་ཟེར་ཞོར་མཚམས་རེར་དགོད་ཅིང་གཏུམ་དྲག་གི་ཉམས་སྟོན། མེ་ལོང་ནང་ནས་ཕག་རྒན་གླེན་པའི་ངོ་གདོང་ཤར་བྱུང་ལ། གདོན་འདྲེ་དང་འདྲ་བའི་ངོ་གདོང་ཞིག་ཀྱང་ཤར་བྱུང་།
       ཁུངས་ལུང་མེད་པའི་རྨི་ལམ་ལས་མྱུར་དུ་སད་རོགས།
       ལིན་ཁྲུང་ནང་དུ་བརྒྱུགས་བྱུང་། ཧ་ལས་པའི་ངང“ལྷམ་རྟིང་ཙོག”ཅན་ལ་ལྟ་བཞིན། ཞལ་ངོ་ཇེ་ནག་ཏུ་གྱུར་ལ་སྐད་གདངས་མཐོན་པོས་མོ་ལ་ཁྱོད་ཀྱིས་ངའི་ཡིད་ཆེས་སྟོང་ཟད་དུ་བཏང་སོང་ཞེས་གཤེ་གཤེ་བཏང་། “ལྷམ་རྟིང་ཙོག”ཅན་གྱི་མཆུ་སྒྲོས་འགུལ་བ་ན། མཆུ་སྒྲོས་སྟེང་གི་སྨེ་བ་དེ་ཤ་སྦྲང་བཞིན་འཕུར་བྱུང་། ལིན་ཁྲུང་གིས་ལག་ཟུང་མཁའ་རུ་བརྐྱངས་ནས་དྲག་ཏུ་ཁྲོས་ཏེ་མཐར་ཐུག་ཁྱོད་ཀྱིས་ང་ལ་མགོ་སྐོར་བཏང་སོང་། “ལྷམ་རྟིང་ཙོག”ཅན་ཤིན་ཏུ་སྐྱེངས་ཏེ་འགྱོད་པ་སྐྱེ་བཞིན་མགོ་བོ་བསྒུར་ཏེ་ཕྱི་རུ་བུད་སོང་། ལིན་ཁྲུང་གིས་ཐེངས་འགར་དབུགས་འབྱིན་རྔུབ་བྱས་ཏེ་སེམས་ཁམས་སྙོམ་སྒྲིག་བྱས། ཁོས་ཆེ་ཤེལ་དང་འགྱིག་གི་ལག་ཤུབས་གྱོན་ཏེ་དྭངས་གཙང་གི་སྐམ་པས་སྒམ་ཡག་པོ་ཞིག་གི་ནང་ནས་ལྷུ་ལག་ཅིག་བླངས་བྱུང་། ལིན་ཁྲུང་གིས་ཨན་རན་གྱི་སྐེ་ལ་རེག་བཞིན་ངག་འཇམ་པོའི་སྒོ་ནས་སྐྲག་མི་དགོས། ངས་ལམ་སང་ཁྱོད་རང་བཟོ་ངེས། ཨན་རན་གྱིས་གོ་སྐབས་ཤིག་དང་བསྟུན་ནས་ལག་གཡོན་གྱི་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ལིན་ཁྲུང་ལ་ཁུ་ཚུར་གྱིས་ཤུགས་ཀྱིས་གཞུས་ཏེ་ཁོ་ནི་མོའི་རྨི་ལམ་ནང་གང་བྱུང་དུ་རྒྱུ་བའི་མི་ཐ་ཤལ་ཏེ་ཡིན་པར་རྟོགས་སུ་འཇུག་འདོད། ཨན་རན་གྱིས་ཤེད་ཤུགས་གཅིག་ཏུ་སྒྲིལ་ནས་ཐོག་ལྟར་འཕང་རྒྱུའི་ལྟ་གོན་ཡང་ཡང་བྱས། ལིན་ཁྲུང་གིས་མོའི་རྣ་བ་གཅུས་ཏེ་གཡས་ཕྱོགས་ཀྱི་ངོ་གདོང་གི་ཁ་ཕྱེ་པ་ན་མོའི་ཡང་བསྐྱར་མི་མཐོང་བར་གྱུར། སྐམ་པས་ལྷུ་ལག་བཟུང་ནས་མོའི་ངོ་ལ་རེག་པ་ན། ཨན་རན་གྱི་ངོ་གདོང་གིས་ལྕགས་རིགས་ཀྱི་ལྷུ་ལག་ལས་བྱུང་བའི་གྲང་རེག་དེ་མྱོང་བ་མ་ཟད་ལིན་ཁྲུང་སྐྲག་བཞིན་ཡོད་པའང་ཚོར། ཕྱི་རོལ་ནས་གློ་བུར་དུ་བྲེལ་འཚུལ་ངང་འབོད་སྒྲ་ཞིག་གྲག་བྱུང་། མ་བཟང་ཐལ། ཨན་རན་ཁང་སྟེང་ནས་མཆོང་སོང་། ལིན་ཁྲུང་གིས་ལག་པ་འདར་ཙམ་བྱས་པས་ལྷུ་ལག་ཐག་སྒྲ་དང་བཅས་ཏེ་ས་རུ་ལྷུངས། ཨན་རན་ལ་ལམ་སང་སྲོག་ཆགས་ཆེན་པོ་ཞིག་གིས་སོ་བཏབ་སྟེ་ཤུགས་ཆེན་པོས་གནམ་ལ་འཕངས། མིག་ལ་བྲེལ་འཚུབ་ཀྱི་རི་མོ་ཞིག་ཤར། རྣ་ལམ་དུ་འཇིགས་སྣང་ཅན་གྱི་མི་ཞིག་གི་སྒྲ་གྲག་བྱུང་།
       ཨན་རན་ཙོག་པོར་བསྡད་དེ། མོས་ལག་པ་ཡ་གཅིག་གིས་ལིན་ཁྲུང་གི་དཔུང་པ་ནས་བཟུང་སྟེ་བློ་གཅིག་སེམས་གཅིག་གིས་བྱ་བ་འདི་མུ་མཐུད་སྒྲུབ་ཏུ་འཇུག་འདོད། ལིན་ཁྲུང་གིས་མོའི་ལག་པ་ཡར་གཡུགས་ཏེ་སྒོ་ཕྱེ་པ་ན། སྨྱོན་པ་ལྟར་སྐད་ཤུགས་ཆེན་པོས་ཧྭ་ཙི་ངས་ཁྱོད་ཀྱི་སྟེང་དུ་སྲོག་འཕེན་རྒྱུ་ཡིན། ཨན་རན་གྱི་ལུས་ཡོངས་ཁོང་འདར་ཞིག་བརྒྱབ་ཏེ་ལིན་ཁྲུང་ལ་དེ་འདྲའི་གླེན་ལས་མ་བྱེད་ཅེས་འབོད་པར་བརྩམས་པ་ན། ཨན་རན་གྱི་སྐེ་ལག་པ་ཆ་མེད་ཅིག་གིས་བདམས་ཏེ་སྐད་སྒྲ་ཕྱི་རུ་ཕྱུང་མ་ཐུབ། ཨན་རན་གྱིས་འཛིང་རྩོད་བྱེད་པའི་སྒྲ་ཞིག་ཐོས། མོས་ཡོད་ཚད་ལ་མི་འཛེམ་པར་ཡར་ལངས་ཏེ་དབུགས་ཐེངས་གཅིག་རྔུབ་པ་ན་ལག་པ་ལས་ཤོར་སོང་།  ཨན་རན་གྱིས་མོའི་རྨི་ལམ་དུ་གང་བྱུང་དུ་ཡོང་བའི་ཐོབ་ཐང་སུ་ལའང་མེད་ཅེས་ལིན་ཁྲུང་གི་གདུག་སྤྱོད་བཀག་འགོག་བྱས། ཨན་རན་མགྱོགས་མྱུར་ངང་གོམ་པ་འགའ་སོང་། མ་བསམ་ས་ནས་ཟུར་མིག་གིས་མེ་ལོང་ལ་ཐེངས་གཅིག་བལྟས་པ་ན། སྒྱུ་འཕྲུལ་མེ་ལོང་ནི་ལྕགས་ཁབ་ལེན་བཞིན་མོས་མིག་མདངས་ལ་འབྱར་སོང་། མོ་རང་ཧང་སངས་ཏེ་རང་དབང་མེད་པར་བགད་བྱུང་། དགོད་སྒྲ་དེ་མཚམས་འཇོག་མ་ཐུབ་པར་དགུན་གྱི་ཁྭ་ཏ་བཞིན་ཀྭ་ཀྭ་ཀྭ་ཀྭ་ཞེས་བར་མེད་དུ་གྲག། ཨན་རན་ཁོང་འདར་ཞིག་བརྒྱབ་ཏེ་རྣ་བར་མི་སྙན་པའི་རང་ཉིད་ཀྱི་དགོད་སྒྲ་དེར་ཁོང་ཁྲོ་ལངས་ཏེ་སྐད་གསེང་མཐོན་པོས་ངུ་སྐད་ཕྱུང་།

༢༠༢༥ལོའི«རྨོན་འདེབས»དེབ་ལྔ་པ་ལས་བསྒྱུར།
༢༠༢༦ལོའི«མི་རིགས་ཀྱི་རྩོམ་རིག»དེབ་གཉིས་པར་བཀོད།


རྩོམ་པ་པོ་ངོ་སྤྲོད།
       ཡུས་ཡུང་ཏུའོ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ལིའོ་ལིན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཨུ་ཡོན། ཏ་ལེན་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལུའུ་ཞུན་རྩོམ་རིག་སློབ་གླིང་གི་སྐབས༣༣པའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་སློབ་མ། སྒྲུང་འབྲི«སྒྲོན་མེའི་བདེན་དཔང»ལ«ཀྲུང་གོའི་རྩོམ་པ་པོ»སྐབས་ལྔ་པའི་ཅན་མོན་ཀོན་རྩོམ་རིག་བྱ་དགའ་ཐོབ། སྒྲུང་འབྲིང«ཁ་ལོ་བཏུལ་མཁན་གྱི་ཉེས་མེད་རིགས་འདེད»ཅེས་པར་ལིའོ་ལིན་རྩོམ་རིག་བྱ་དགའ་ཐོབ། སྒྲུང་རིང«བྲོ་པ»ཞེས་པར་ཏ་ལེན་གྲོང་ཁྱེར་གྱི་སྐབས་བཅུ་གསུམ་པའི་གསེར་གྱི་ཀུ་ཤུའི་བྱ་དགའ་ཐོབ།

ལོ་ཙཱ་བ་ངོ་སྤྲོད།
       ཉི་མ་ནོར་བུ། ཕ་ཡུལ་བྲག་འགོ། བྲག་འགོ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།དཀར་མཛེས་ཁུལ་ཕུལ་བྱུང་དགེ་རྒན། རྐང་འཛིན་དགེ་རྒན། སློབ་དེབ་དང་ཁྲིད་གཞིའི་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་གྱི་སློབ་ཆུང་རྩོམ་རིག་དཔྱད་བརྗོད་པ། 2011ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་དབྱིན་འཛིན་གྲྭ་ནས་སློབ་མཐར་ཕྱིན། ད་ལྟ་ཕ་ཡུལ་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད། ཉེ་སྔོན«རྒྱང་རིང་གི་འཇིག་རྟེན»དང«ལམ་གྱི་བདེན་པ» «སེམས་ཀྱི་བདུད་རྩི»དག་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་བྱས།༢༠༢༠ལོར་བརྩམས་སྒྲུང་ཕྱོགས་སྒྲིག«རྨི་ལམ་ནང་གི་མེས་པོ»སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ད་ལྟའི་བར«མི་རིགས་ཀྱི་རྩོམ་རིག»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «མི་རིགས» «ཁ་བཏགས་དཀར་པོ» «གངས་ལྗོངས་ཉི་གཞོན» «གངས་དཀར་རི་བོ» «ལྷོ་ཁའི་རིག་སྒྱུ་རྩལ» «ཁྲི་ཤོར་རྒྱལ་མོ» «སྤང་ལྗོངས» «བླ་སྲོག» «འབྲོང་རྭ» «གངས་རྒྱན་ན་ཆུང་ཚགས་པར» «ཁམས་པའི་ཚགས་པར» «གཞིས་ཀ་རྩེ་ཚགས་པར» «མཚོ་སྔོན་བོད་ཡིག་ཚགས་པར» «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»སོགས་སུ་སྙན་ངག་དང་དཔྱད་རྩོམ།བརྩམས་སྒྲུང་།བསྒྱུར་རྩོམ་སོགས་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་སྤེལ་ཞིང་། དེ་དག་ལས་ཁ་ཅིག་ལ་བྱ་དགའ་ཡང་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།