logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཞི་བཅུ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-06-26 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

དོན་དགུ་པ།
 
       ཁུལ་དུ་ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་དུ་ངས་ཚོགས་འདུར་ཞུགས་ཡོད་པའི་རྨ་ལྷོ་རྫོང་ཨུའི་ཨུ་ཡོན་ནམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་ཚབ་བཞེས་པའི་ཨྱོན་ཡང་མཐོང་བྱུང་། ངོ་ཤེས་ཀྱི་དབང་གིས་ང་ཁོའི་གན་དུ་བཅར་ཞིང་ལག་འཇུས་བྱས་ཏེ་འཚམས་འདྲི་བྱས། ཨྱོན་གྱིས་ངའི་ལག་པ་དམ་པོར་བསྡམས་ཤིང་མི་ལྷོད་པའི་ངང་ནས། ལོ་འདི་འདྲའི་མང་པོར་མ་ཐུག་པས་ངེས་པར་དུ་ཁྱོད་གཅིག་པུར་ཁ་བརྡ་ཞིག་བྱེད་དགོས་ཞེས་ཟེར། ངས་འདང་ཙམ་བརྒྱབ་རྗེས་སྔར་བཞིན་ཁས་བླངས་པ་ཡིན། ངས་སྔོན་ཆད་ཡུལ་ཚོ་དང་རྫོང་ལས་ཁུངས་སོགས་སུ་བྱ་བ་བསྒྲུབས་མྱོང་། སྐབས་དེར་མི་འདིས་རང་གི་དཔོན་ལམ་གྱི་ཆེད་དུ། ང་ལ་གཡོ་ཇུས་བརྒྱ་ཡིས་རྙི་འཛུགས་དང་། ཐབས་ཤེས་སྟོང་གིས་མགོ་གནོན་བྱས་པ་ངའི་མི་ཚེ་འདིའི་སེམས་ནད་ཅིག་ཏུ་གྱུར་ཡོད། དོན་དེ་ངས་སྔོན་སྒྲུང་གཏམ་དུ་བརྗོད་མྱོང་ཞིང་། དེར་རྫུན་བཟོ་ཙམ་བྱས་ཡོད་མོད་ཀྱང་། ད་ལྟ་ངས་སྔར་བཞིན་ཁོས་ང་ལ་ད་དུང་ཅི་ཞིག་བཤད་འདོད་པར་ལྟ་འདོད་སྐྱེས་འདུག
       དགོང་ཟས་ཟོས་རྗེས། ང་ཐད་ཀར་ཁོ་སྡོད་སའི་མགྲོན་ཁང་དུ་སོང་བ་ཡིན། ཨྱོན་གྱིས་ཆེད་དུ་ཐ་མག་དང་ཆང་། ད་དུང་དེར་སྤོ་ཡ་བརྔོས་ཚལ་སོགས་གྲ་སྒྲིག་བྱས་འདུག ཁོ་ཡར་ལངས་ནས་གུས་གུས་ཞུམ་ཞུམ་སྒོས་ཨ་རག་ཕོར་བ་གསུམ་ངའི་མིག་མདུན་དུ་གཏད་ཡོང་། ངས་ཐོག་མར་བཀག་སྟེ། ཉེ་ལམ་ལུས་ཕུང་དེ་འདྲ་མི་བདེ་བས་ཆང་འཐུང་མི་ཐུབ་ཅེས་བཤད་པ་ན། ཁོས། ངས་ཁྱོད་ཀྱིས་ང་ལ་ལྟ་ཚུལ་བཟུང་ཡོད་པ་ཤེས་པས་དེ་རིང་ཆེད་དུ་དགོངས་དག་ཞུ་འདོད་པ་ཡིན། ང་ཚོས་མཉམ་དུ་སེམས་གཏམ་རེ་བརྗོད་ན་སྙམ་ཟེར།
       ང་འབོལ་ཁྲིའི་སྟེང་དུ་བསྡད་ནས་ཕྱོགས་གཅིག་ནས་ཆང་འཐུང་བ་དང་ཕྱོགས་གཅིག་ནས་ཁ་བརྡ་བྱས། ཨྱོན་གྱིས་བཤད་པ་ཡིན་ན། ཁོས་དང་ཐོག་བལྟས་པ་ཙམ་གྱིས་ང་ནི་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད་པའི་མྱུ་གུ་ཞིག་ཡིན་པ་ཤེས་རྐྱེན། ང་བཀོལ་སྤྱོད་བྱེད་འདོད་ཀྱང་ཡང་མ་འོངས་པར་ཁོའི་གོ་གནས་འཕྲོག་པར་སེམས་ཁྲལ་དུ་གྱུར། རང་གི་དམིགས་ཡུལ་འགྲུབ་པའི་ཆེད་དུ། ཁོས་བྱ་བ་དང་འཚོ་བའི་ཁྲོད་བསམ་གཟས་ནས་ངའི་ཞན་ཆ་དང་ནོར་འཁྲུལ་བཙལ་ཞིང་། ཡུལ་ཚོར་ཡུལ་དཔོན་གཞོན་པ་འདེམས་བསྐོའི་འདེམས་ཤོག་འཐེན་པའི་དོན་དག་དང་། ད་དུང་ཁུལ་གྱི་མགྲོན་ཁང་དུ་ཧྭ་ཧྭ་དང་མཉམ་དུ་ཉལ་བའི་དོན་དག་བྱུང་རྗེས། ཁོའི་སེམས་སུ་ང་ཚོད་འཛིན་བྱེད་ཆོག་པའི་སྐྱོན་ཆ་རྙེད་བྱུང་འདོད་མོད། རེད་མོད་ཀྱང་ངས་ཁོའི་འདོད་པ་བཞིན་རྩིས་དེ་མ་འཁུར་བས། མཇུག་མཐར་རང་གི་ངོ་པགས་བཤུས་པ་ཁོ་ནར་ཟད་སོང་། ཁོས་ད་དུང་ང་ལ་ཆད་པ་ཐག་གཅོད་འཁུར་དུ་འཇུག་པའི་དོན་དག་དེ་ངས་བཀག་སོང་ཟེར། ངས་ལྷག་བསམ་རྣམ་དག་གིས། གཡུག་ཞོག ད་དོན་དེ་མ་གླེང་། དེ་རིང་ཁྱོད་ཀྱིས་སྦ་གསང་མེད་པར་དོན་དག་དེ་དག་བཤད་པས་ངའི་སེམས་མགུ་བྱུང་། ང་ད་ཡང་ཁྱོད་སྟེང་དུ་སྡང་སེམས་མི་སྐྱེས། འདས་ཟིན་པའི་དོན་དག་དེ་ལྟར་འདས་སུ་ཆུག་ཅིག་ཅེས་བཤད།
       དགོང་མོ་ཕྱིར་ལོག་རྗེས། ང་ཡུན་རིང་བར་དུ་གཉིད་མ་ཁུགས། སེམས་སུ་དྲན་ཡོང་བ་ནི། མི་ཟེར་བ་འདི་ཚེ་གང་བོར་གསོན་བསྡད་ན་སུ་ཞིག་གིས་སེམས་འགལ་གྱི་བྱ་བ་ཙ་གེ་ཙིག་གེ་མི་བསྒྲུབས་པ་དང་ཡང་ན་མི་གཞན་གྱི་ཁེ་ཕན་ལ་གནོད་པའི་བྱ་བ་སྒྲུབ་མེད་དམ། རང་ཉིད་ཀྱང་དེ་ལས་ལོགས་སུ་བཀར་ཐུབ་བམ། ཨྱོན་ལ་མཚོན་ནའང་ལས་སླ་པོ་ཞིག་མ་རེད། ཁོང་གིས་ལས་གནས་ཐོག་བྱས་རྗེས་འཇོག་འདོད་ཡོད་མོད། འོན་ཀྱང་རང་ཉིད་ལ་རིག་གནས་ཀྱི་རྨང་གཞི་དང་ནང་འབྲེལ་གྱི་རྒྱབ་ལྗོངས་བཟང་བོ་མེད་པས་བྱ་ཐབས་དེ་འདྲ་སྤྱོད་རྒྱུ་ལས་ཐབས་མེད། ཁོས་དཀའ་སྤྱད་ཁེར་རྐྱང་གིས་འགྲན་རོགས་གི་མགོ་མནན་པར་མ་ཟད། ཐབས་བརྒྱ་ཇུས་སྟོང་གིས་གོང་རིམ་ལ་ངོ་དགའ་བྱེད་ཀྱི་ཡོད་པས། གསོན་པོར་གནས་ཀྱང་དཀའ་ལས་ཁག་པོ་འདུག་པ་སྟེ། སངས་རྒྱས་ཀྱི་གསུང་ལས། ཁྱོད་ཀྱིས་འགྲན་ཡ་ལ་བཟོད་སྒོམ་གནོངས་རོགས། གལ་ཏེ་ཁོ་མེད་ན། ཁྱོད་ལ་དཔེ་ལྟ་སའི་མེ་ལོང་མེད་པ་དང་། འགྲན་རྩོད་ཀྱི་སྟོབས་ཤུགས་མེད་ལ། ལེགས་གྲུབ་ཀྱི་ད་ལྟའང་མེད། ཅེས་པ་བཞིན་དོན་སྙིང་འདིའི་སྟེང་ནས་བཤད་ན། ངས་ཁོ་ལ་བཀའ་དྲིན་ཞུ་འོས་སྙམ།
༧༩
       དོན་གྲུབ་ཚོར་གནང་བ་བྱིན་ནས་ཡུལ་དུ་ལོག་རན། ཚེ་ལོའི་སེམས་སུ་རིམ་བཞིན་སྤྲོ་དགས་ཁྱབ་འདུག
       ཉིན་དེར་ཚེ་ལོ་ཁྱིམ་སྒོར་འཛུལ་མ་ཐག རྣ་ལམ་དུ་རུས་པ་སྲེག་པའི་གཞོབ་དྲི་སྟུག་པོ་ཞིག་རྒྱུ་ཡོང་། ཁོས་གཡང་སྐྱིད་ལ་ཅི་ཞིག་བྱེད་བཞིན་ཡོད་ཚུལ་དྲིས་ཚེ། གཡང་སྐྱིད་ཀྱིས། ངས་རུས་བྱང་དེ་སྲེག་བཞིན་ཡོད་ཟེར། ཚེ་ལོས། ཁྱོད་ཀྱིས་དེ་སྲེག་ནས་ཅི་བྱེད་ཅེས་པར། གཡང་སྐྱིད་ཀྱིས། དངོས་པོ་འདི་ཧ་ཅང་མི་ལེགས བཞག་ཀྱང་རིན་ཐང་མི་འདུག གལ་ཏེ་བུ་ཡིས་ངས་མི་ལེགས་པའི་དངོས་པོ་འདི་འདྲ་ཞིག་ལྐོག་ཉར་བྱས་ཡོད་ཚུལ་ཤེས་ཚེ། ངའི་ངོ་འདི་གང་ཞིག་ཏུ་འཇོག་གམ་ཟེར། ཚེ་ལོས། ཁྱོད་ཀྱིས་མ་སྲེག་དང་། ངས་ཞིང་ཆེན་ལྟེ་གནས་ཀྱི་རིག་དངོས་ཁྲོམ་རར་ཁྱེར་སོང་ནས་ཅིག་ལྟ་རུ་འཇུག གལ་ཏེ་དེར་དགའ་མི་ཞིག་ཡོད་ན་དངུལ་འགར་འགྲོ་ཡང་སྲིད་ཟེར་བར། གཡང་སྐྱིད་ཀྱིས་ཀྱང་བྱང་བུ་བཅུ་གཉིས་ལས་བདུན་ལྷག་ཡོད་པ་ཉར་ཚགས་བྱས།
       ཚེ་ལོས་རུས་བྱང་བཟུང་ནས་རིག་དངོས་ཁྲོམ་རར་སོང་ནས་གནས་ཚུལ་དྲིས། ཁེ་བདག་ཅིག་གིས་མཐོང་མ་ཐག་ཏུ་ལག་པར་བཟུང་སྟེ་མི་གཏོང་བར་འདུག ཚེ་ལོས་དངོས་པོ་འདི་ལ་དངུལ་ག་ཚོད་བྲིན་ནམ་ཞེས་པར། ཁེ་བདག་གིས། གལ་ཏེ་ཆ་ཚང་ཡིན་ན། སྒོར་ཁྲི་བརྒྱའི་རིན་ཐང་ཡང་ཡོད་མོད། ཡིད་ཕངས་བ་ཞིག་ལ་རུས་བྱང་ལྔ་ཇེ་ཉུང་དུ་སོང་བས་རིན་ཐང་དེ་འདྲ་མེད་ཟེར། ཚེ་ལོས་དེ་སྐད་ཐོས་པས་ལྐོག་ཏུ་དགའ་སྤྲོ་སྐྱེས་ཤིང་རིན་གོང་སྒོར་ཁྲི་ཉི་ཤུ་རྩ་ལྔ་སློང་བ་དང་། ཁེ་བདག་གིས་ཁྲི་ལྔ་ལས་མི་སྟེར་བར་འདུག ཚེ་ལོས་དེ་མུར་ཕྱིར་འཁོར་ནས་འགྲོ་རྩིས་བྱས་པར། ཁེ་བདག་གིས་ཕྱིར་བོས་ཏེ། ཁྱོད་ཀྱིས་གཏམ་པའི་གོང་བཞིན་འགྲིག་ཆོག རེད་མོད་ཀྱང་འདི་ནི་ཉོ་ཚོང་ཆེན་པོ་ཞིག་རེད། ཁྱོད་ཀྱིས་རང་གི་ས་གནས་དང་མིང་ཤོད་དང་། ངས་སྔོན་ལ་སྒོར་ཁྲི་ལྔ་སྟེར་རྒྱུ་བྱེད་ལ། ལྷག་དངུལ་དུས་བགོས་ལྟར་སྟེར་རྒྱུ་བྱེད་ཟེར་བར། ཚེ་ལོས་དེ་ལྟར་ཡི་གེ་བྲིས་ཏེ་ཁེ་བདག་ལག་ཏུ་བྱིན་མ་ཐག་ཡང་སེམས་སུ་མི་འོས་པའི་སྣང་བ་ཞིག་ཤར་ཞིང་དེ་མུར་ཕྱིར་བླངས་ནས། ངས་ཁྱོད་ལ་གོང་སྟབས་བདེ་བྱས་ཚར་ལ། ཡང་ཅིག་བཤད་ན་ངས་ཁྱོད་ཀྱི་གནས་ཚུལ་ཞིབ་ཕྲ་མི་ཤེས་པས། ཆད་འགྱང་བྱས་ན་ཇི་ལྟར་རུང་ངམ་ཞེས་ཁོ་ལ་སྒོར་ཡོངས་སྤྲོད་ཐེངས་གཅིག་གིས་ཚར་དགོས་ཚུལ་བརྗོད། ཁེ་བདག་གིས་ཡུན་རིང་ཞིག་ལ་ཐེ་ཚོམ་ཟོས་རྗེས། བར་སྐབས་འདིར་འཁོར་བསྐྱོད་བྱེད་དཀའ། ངས་གཞན་སར་སྐྱི་ཐབས་ཙམ་བྱེད། ཟེར་བཞིན་ཕར་འཁོར་ནས་མི་གཞན་ཞིག་ལ་སྒོར་བསྐྱི་བའི་ཁ་པར་བཏང་སོང་།
       ཅུང་ཙམ་འགོར་རྗེས། མི་ཞིག་གིས་གྲུ་བཞིར་བསྡམས་ནས་བསྒྲིགས་ཡོད་པའི་ཤོག་སྒོར་ཁུག་མ་གང་ཁེ་བདག་གི་མདུན་དུ་བསྐྱལ་ཡོང་།
       ཚེ་ལོས་སྟེང་ནས་རིམ་པ་བཞིན་དུ་ཤོག་སྒོར་དུམ་པ་འགའ་རྩིས་རྗེས་དངོས་གནས་རྩི་དཀའ་སྟབས། གོང་ལྟར་རིགས་འགྲེས་ཏེ་སྤྱི་རྩིས་ཤིག་བླངས་རྗེས་འཁུར་ནས་ཁྱིམ་དུ་ལོག
ཚེ་ལོས་རུས་བྱང་འགའ་འཁྱེར་ནས་སྒོར་ཁྲི་ཉི་ཤུ་རྩ་ལྔར་བརྗེས་པས་གཡང་སྐྱིད་དགའ་སྤྲོས་རབ་ཏུ་བརྟས། འོན་ཀྱང་ཁོ་ཚོས་ཁ་ཕྱེ་སྟེ་ཞིབ་རྩིས་ལེན་སྐབས་སྒོར་ཁྲི་ལྔ་ངོ་མ་ཡིན་པ་ལས་གཞན་ཚང་མ་ནི་འདས་པོར་མཆོད་འབུལ་བྱེད་པའི་ཤོག་སྒོར་རེད། ཚེ་ལོས་མགོ་སྐོར་ཐེབས་པ་ཤེས་རྗེས་མྱུར་དུ་སྤྱི་བདེ་ཅུའུ་ལ་སྙན་སེང་ཞུ་བསམ་དུས་གཞི་ནས་གཡང་སྐྱིད་ཀྱིས་བཀག་བྱུང་། མོས། སྤྱིར་ཡིན་ན་འདི་ནི་མེ་གཅིག་གིས་བསྲེགས་པའི་དངོས་པོ་ཞིག་ཡིན་པས། སྒོར་ཁྲི་ལྔར་བྲིན་རུང་མི་ཆོག་རྒྱུ་མེད་ཅེས་ཟེར་བར། ཚེ་ལོས་ཀྱང་དེ་ནི་དངོས་གནས་རེད་ཅེས་གྱོད་དོན་སྙན་ཞུའི་བསམ་ཚུལ་རྨེག་མེད་བྱས།
       ཚེ་ལོ་ཡིས་རུས་བྱང་འགའ་སྒོར་ཁྲི་ཉི་ཤུ་རྩ་ལྔར་བཙོངས་ཏེ་མགོ་སྐོར་ཐེབས་པའི་གནས་ཚུལ་དེ་རླུང་འཚུབ་ཅིག་དང་འདྲ་བར་དེ་འཕྲལ་རྫོང་མཁར་དུ་ཁྱབ། ཉིན་དེར། རྫོང་སྒྲིག་ཨུད་འགོ་ཁྲིད་ཀྱིས་ཁོ་བཙལ་ནས་རུས་བྱང་གི་འབྱུང་ཁུངས་དང་ཕྱིར་འཚོང་གི་བརྒྱུད་རིམ་ཕྱོགས་ནས་བརྟག་དཔྱད་གླེང་མོལ་བྱས་པས། ཚེ་ལོས་དོན་དངོས་ཇི་བཞིན་གསལ་བཤད་བྱས། སྒྲིག་ཨུད་འགོ་ཁྲིད་ཀྱིས། ད་ལྟ་མི་འགའ་ཞིག་གིས་ཁྱེད་ཀྱིས་སྤྱི་ཚོགས་ཐོག་རིག་དངོས་ཀྱི་ལོག་འཚོང་བརྒྱག་བཞིན་ཡོད་ཅེས་བཤད་ཀྱིན་ཡོད་པ་མ་ཟད། དོན་དག་དེ་རྫོང་ཨུའི་འགོ་ཁྲིད་གཙོ་བོས་ཀྱང་ཤེས་པས། ང་ཚོས་ཀྱང་མ་གོ་མ་ཐོས་ཚུལ་ཇི་ལྟར་བྱེད། གལ་ཏེ་དོན་དག་དེ་ཙམ་ཁོ་ན་ཡིན་ན་སྐྱོན་མེད། རེད་མོད་ཀྱང་ཕྱིན་ཆད་ཤུགས་རྐྱེན་བཟོ་བར་མཉམ་འཇོག་བྱ་དགོས་ཞེས་གསུངས་པ་རེད། སྒྲིག་ཨུད་འགོ་ཁྲིད་ཀྱིས་རང་ཉིད་ཕྱོགས་ལ་སེམས་ཁུར་བྱེད་པའི་སྐད་ཆ་དེ་གསུངས་པས། ཚེ་ལོས་ཡིད་ཆེས་ངང་དང་ལེན་མི་བྱེད་རང་བྱེད་དུ་གྱུར།
བརྒྱད་ཅུ་བ།
       ཨ་ཕའི་གྱ་སྟོན་གྱི་ཉིན་མོ་སླེབ་ལ་ཉེ། དོན་འདི་ནི་ཡོས་ལན་ལ་འབྲེལ་བ་མེད། མོ་ཨུ་རུ་སུར་གཉེན་ཉེ་ངོས་འཛིན་དུ་འགྲོ་བར་བརྩོན་ལེན་བྱེད་བཞིན་འདུག ཉིན་དེར། ངས་ཞིང་ཆེན་གྱི་ཁྲོམ་རར་གྱ་སྟོན་སྟེང་མཁོ་བའི་དངོས་པོ་ཉོ་བཞིན་རིག་དངོས་ཁྲོམ་རར་ཕྱིན་པ་ཡིན། སྐབས་དེར་མི་ཆ་མེད་ཅིག་གིས་ང་བཀག་སྟེ། ང་ནི་སྔོན་ཆད་ལས་ཁུངས་ག་གེ་མོར་བྱ་བ་བསྒྲུབས་མྱོང་བའི་མི་ཆེ་གེ་མོ་ཡིན་ནམ་ཞེས་དྲིས་བྱུང་། ངས་ཡིན་ཞེས་པར། ཁོས་མི་ཞིག་གིས་ཁྱོད་ལ་ཡིག་ཁུག་ཅིག་བསྐུར་ཡོད། ང་སོང་རྗེས་ཁ་ཕྱེས་དང་ད་གཟོད་ཅི་ཡིན་ཤེས་ངེས་ཞེས་ཟེར། མི་དེ་སོང་མ་ཐག་ངས་སེམས་ཆུང་ངང་ཡིག་ཁུག་གི་ཁ་ཕྱེ། ངས་བལྟས་མ་ཐག་ཧང་སངས་པར་གྱུར། དེའི་ནང་དུ་སྒོར་ཁྲི་ཉི་ཤུ་ཡི་དངུལ་བཅོལ་འཛིན་བྱང་ཞིག་ཡོད་པ་དང་། དེའི་འགྲམ་དུ་ཤོག་སྣེ་ཞིག་ཡོད་པ་དེའི་སྟེང་དུ་སྒོར་འདི་དག་ནི་ལོ་འགའི་སྔོན་ལ་ཁྱོད་ལ་ཆད་པའི་རུས་རྟགས་ཀྱི་སྒོར་ཡིན། སྐབས་དེར་ལག་ཏུ་སྒོར་ཧ་ཅང་དཀོན་ཡང་དངོས་པོ་དེ་ཉོ་འདོད་པས། སེམས་སུ་ཕྱེད་བདེན་ཕྱེད་རྫུན་གྱི་མགོ་སྐོར་བྱེད་ཐབས་ཤིག་དྲན་པ་ཡིན། དོན་དག་དེ་ལྟར་སྒྲུབ་པས་ཡང་སྤྱི་བདེ་ཅུའུ་ཡིས་འཛིན་བཟུང་བྱེད་པར་སྐྲག་ནས་ཉིན་གང་བོར་ཤར་ལ་གཞའ་ཞིང་ནུབ་དུ་སྦས་ནས་རྒྱུན་ལྡན་གྱི་ཚོང་ཡང་བརྒྱག་མ་ཐུབ་པ་ཕར་ཞོག་ད་དུང་ཉིན་གང་བོར་སེམས་ཁྲལ་གྱི་འཚོ་བ་སྐྱེལ་བ་ཡིན། ད་ལྟ་བློ་ཐག་རྦད་ཆོད་ཀྱིས་ཁྱེད་ཀྱི་ཆད་སྒོར་ཡོངས་རྫོགས་གསབ་པ་ཡིན་པས། ཁྱེད་ཀྱི་བཟོད་སྒོམ་ཐོབ་རྒྱུའི་རེ་བ་བྱེད་ཅེས་བྲིས་འདུག་ལ། འོག་ཏུ་གསལ་བ་ནི་ཁོའི་ཁ་པར་ཨང་གྲངས་རེད།
       འདི་ནི་དོན་དག་ངོ་མ་ཞིག་ཡིན། ངས་བརྩམས་སྒྲུང་དུ་བྲིས་ཚར་ཡོད། ངས་དོན་དངོས་རྟོགས་རྗེས་སེམས་སུ་མ་བཟོད་པར་མྱུར་དུ་ཁ་པར་ཨང་གྲངས་མནན་ཞིང་། ཁྱོད་ཀྱིས་ང་ལ་མགོ་སྐོར་བཏང་མོད་ཀྱང་། ཡང་མཐའ་མར་གཞུང་དྲང་གི་ཚོང་པ་ཞིག་གི་མི་གཤིས་མངོན་བྱུང་། གལ་ཏེ་དང་ཐོག་ཁྱོད་ཀྱིས་རུས་བྱང་དེའི་རིན་ཐང་ངོ་མ་མ་བཤད་ན། ངས་ཕལ་ཆེར་སྒོར་བརྒྱ་ཕྲག་འགར་བཙོང་ཡོད་ཀྱང་སྲིད་ལ། སྒོར་ཁྲི་ལྔ་ཡང་ལག་ཏུ་འབྱོར་མེད་ཀྱང་སྲིད། ང་ཚོས་དེ་ལྟར་བསམ་བློ་ཡང་ཡང་བཏང་མཐར་གྱོད་དོན་སྙན་ཞུ་མ་བྱས་པས། ཁྱོད་ཀྱི་སེམས་ཁ་བདེ་མོར་བྱས་ཆོག་ཅེས་བཤད།
       བསམ་ཡུལ་ལས་འདས་པ་ཞིག་ལ་སྒོར་ཁྲི་ཉི་ཤུ་ལག་ཏུ་ཐོབ་པས་སེམས་སུ་རང་ཤུགས་ཀྱིས་དགའ་སྤྲོས་ཁྱབ། ངས་དེ་ལས་སྒོར་ཁྲི་བཅུ་བླངས་ཏེ་ཡོས་ལན་གྱིས་འཇེམ་འཁོར་ཉོས་པའི་སྐྱིན་ཚབ་ཏུ་བྱིན་པ་ན་ཡོས་ལན་མི་དགའ་བར་གྱུར། མོས་ཁྱོད་ཀྱིས་ང་ནི་ཕྱི་མི་ཞིག་ཏུ་བརྩི་དོན་ཅི་ཡིན་ནམ་ཟེར། ངས་སྒོར་དེ་ཁྱོད་ཀྱིས་ང་ལ་བསྐྱིས་པ་མིན་ནམ་ཞེས་པར། ཡོས་ལན་གྱིས། ངས་ཁྱོད་སྒོར་མོ་སློང་བར་ངོ་ཚ་བར་འདོད་པས་བསམ་གཟས་ནས་དེ་ལྟར་བཤད་པ་ཡིན། ཁྱོད་ཀྱིས་བདེན་པར་བཟུང་བ་ཡིན་ནམ་ཟེར། ངས། ཁྱོད་ཕྱི་རྒྱལ་དུ་འགྲོ་གྲབས་ཡོད་པས། སྒོར་འདི་ཁྱོད་ཕྱི་རྒྱལ་དུ་སོང་ནས་གཉེན་ཉེ་ངོས་འཛིན་གྱི་རྒྱབ་སྐྱོར་དུ་བྱིན་པ་ལྟར་བྱོས་ཞེས་པར། ཡོས་ལན་གྱིས་ད་གཟོད་ཕར་བླངས། ངས་ད་དུང་ཡོས་ལན་ལ། གཞན་སྒོར་ཁྲི་བཅུ་ངས་སྒྲོལ་མ་ལ་སྟེར་རྒྱུ་ཡིན། རྒྱུ་མཚན་ནི་དེ་ནི་ང་ཚོའི་ཐུན་མོང་གི་རྒྱུ་ནོར་ཡིན། དེའི་ནང་དུ་མོའི་སྐལ་ཡང་ཡོད་ཅེས་པར། ཡོས་ལན་གྱིས། ཁྱོད་ཀྱིས་སྒྲུབ་པ་ཧ་ཅང་འགྲིག་ཅེས་ཟེར།
       ང་ཕྱིར་ཁུལ་དུ་ཐོན་དུས་ཉིན་གུང་དུ་སླེབས་འདུག ངས་སྒྲོལ་མའི་ཁྱིམ་དུ་སྒོར་མོ་སྐྱེལ་ནས་སོང་། བཀྲ་ལོ་མི་འདུག་ཅིང་མོས་བརྙན་འཕྲིན་ནང་ནས་ཞིང་ཆེན་ནང་ཁུལ་གྱི་ཁྲིམས་སྐྱོང་ལེ་ཚན་ལ་བལྟས་འདུག སྒྲོལ་མས་སྒོར་ཁྲི་བཅུ་བཟུང་ནས་དགའ་སྤྲོ་ཆེན་པོས་ཁེངས་འདུག མོས་ཁྱོད་ནི་མི་གཞུང་དྲང་ཞིག་རེད། མ་གཏོགས་ངས་སྒོར་འདིར་གཏན་ནས་རེག་ཐུབ་པ་མ་རེད་ཟེར། ངས་འདི་ནི་ང་ཚོའི་ཐུན་མོང་གི་རྒྱུ་ནོར་ཡིན་པས་ང་གཅིག་པུས་ཁྱུར་མིད་གཏོང་མི་རུང་། གལ་ཏེ་སྤྱོད་ངན་དེ་འདྲ་སྒྲུབ་ཚེ་ང་ནི་རྒྱུ་འབྲས་མེད་པའི་མི་ཞིག་ཡིན་པ་མིན་ནམ། རྒྱུ་འབྲས་མི་རྩི་བའི་མི་ཞིག་གི་འཚོ་བ་ནི་གཏན་ནས་བདེ་མི་སྲིད་ཅེས་སྨྲས། སྒོར་བྱིན་རྗེས་ངས་ད་དུང་སྒྲོལ་མར་ཨ་ཕའི་གྱ་སྟོན་གྱི་དོན་དག་ལ་གྲོས་བསྡུར་བྱས། སྒྲོལ་མས་དགའ་སྤྲོའི་ངང་དང་དུ་བླངས། སྐབས་དེར། བརྙན་འཕྲིན་དུ་ལོ་མང་པོའི་སྔོན་ཞིག་ལ་རྨ་ཆུ་ཁར་བྱུང་བའི་གྱོད་དོན་ཞིག་གླེང་བཞིན་འདུག མདོ་འཛིན་པས་བུ་མོ་ཞིག་གི་རྐང་པ་གཡོན་པའི་ལྷམ་ཡ་བཟུང་སྟེ་གྱོད་དཔེ་དེ་འགྲེལ་བཞིན་འདུག ཞིབ་འགྲེལ་གྱི་ས་གནས་ནི་ངའི་སྒྲུང་གཏམ་ཁྲོད་ཀྱི་ཚེ་ལོ་ཟེར་བ་དེ་ཆུ་བོས་ཆུ་ཁར་གཡེང་བ་དང་གཡང་སྐྱིད་ཀྱིས་ཁོ་བསྐྱབས་པའི་ས་གནས་དེ་རེད། སྒྲོལ་མས་གློ་བུར་དུ་ལྷམ་དེ་ནི་ངའི་མིན་ནམ། དོན་ཅི་ཞིག་རེད་དམ་ཟེར། ངེད་གཉིས་ཀྱིས་དལ་ཅག་གེར་བལྟས། ལྷམ་ནི་ངོ་མས་སྒྲོལ་མའི་རེད། རྒྱུ་མཚན་ནི་གྱོད་དོན་ནང་དུ་གཡང་སྐྱིད་ལ་འཁྲུལ་འདུག གསལ་བོར་བཤད་ན། ངའི་ཆུང་མ་སྒྲོལ་མའི་ལྷམ་དེ་གནོད་སྐྱོན་ཕོག་མཁན་གྱི་ལྷམ་ལ་ངོས་བཟུང་འདུག རེད་མོས་ཀྱང་ལྷམ་ཡོད་ས་དང་དོགས་ཡོད་ཉེས་ཅན་ཡོད་ས་བཤད་བཞིན་པ་མི་གཅིག་པའི་སྟེང་། དངོས་སུ་མཐོང་བའི་བདེན་དཔང་བྱེད་མིའང་མེད་པས་ཁྲིམས་ཐག་གཅོད་ཐབས་བྲལ་ཏེ། གྱོད་དོན་དེ་ནི་ཁྲིམས་ཐག་མ་ཆོད་པའི་གྱོད་གཞི་ཞིག་ཏུ་བསྒྱུར་འདུག
       ང་དང་སྒྲོལ་མས་དེ་ལྟར་ཡིན་པ་ཤེས་རྗེས། མྱུར་དུ་སྤྱི་བདེ་ཅུའུ་ནང་དུ་སོང་སྟེ་རྒྱུ་མཚན་གསལ་བཤད་བྱས།
       སྤྱི་བདེ་ཅུའུ་ནས་ཕྱིར་ཐོན་རྗེས། སྒྲོལ་མས་ང་དང་ཡོས་ལན་གྱི་དོན་དག་གླེང་བྱུང་། ངས། ཡོས་ལན་ཡང་ཅུང་ཙམ་བྲེལ་བཞིན་འདུག སྒུག་ནས་ངེད་ཚོའི་ཤུལ་ལུས་ཀྱི་དངོས་པོ་མ་ལུས་ཐག་གཅོད་ཡང་དག་བྱས་རྗེས་མྱུར་དུ་གཉེན་སྒྲིག་བྱེད་རྩིས་ཡོད་ཅེས་བཤད། ངས་ད་དུང་ཡོས་ལན་གྱི་ཐོབ་ཐང་དངོས་དང་ཡོས་ལན་མིག་སྔར་ཕྱི་རྒྱལ་དུ་གཉེན་ཉེ་ངོས་འཛིན་དུ་འགྲོ་གྲབས་ཡོད་པའི་རྒྱུ་མཚན་ཡང་སྒྲོལ་མར་བཤད། སྒྲོལ་མས་དངན་པ་རིང་བོ་ཞིག་འཐེན་རྗེས་ཡང་ཡིད་སྨོན་འཆོར་བའི་སྐད་ཆས། མོའི་ཕ་མར་ཁོ་ཐག་སྒོར་མོ་མང་པོ་ཡོད་སྲིད་ཟེར། ངས། མོའི་ཕ་ནི་རྒྱའི་རིག་པའི་མཁས་ཅན་ཞིག་ཡིན་པ་དང་། ཨ་མས་ཀྱང་སློབ་ཁྲིད་ཀྱི་ལས་ཀ་བྱེད་མྱོང་ཡོད། ལྷག་པར་དུ་མོའི་ནུ་བོ་ནི་ཨུ་རུ་སུའི་ཆབ་སྲིད་ལས་རིགས་ཐོག་གི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཁྱིམ་ཚང་ཁོ་ཐག་འབྱོར་ཕྱུག་ལྡན་ངེས་ཡིན། ཁོ་ཚོས་ཁ་པར་ནང་དུ་ད་དུང་ཡོས་ལན་ཨུ་རུ་སུ་ནས་གཏན་སྡོད་བྱས་ཏེ། ཁོ་ཚོའི་ཁྱིམ་གྱི་རྒྱུ་ནོར་སྐོར་ཞིག་ཤུལ་འཛིན་བྱེད་དགོས་ཞེས་སྨྲ་བཞིན་འདུག་ཅེས་བཤད། སྒྲོལ་མས། དེ་ལྟར་བཤད་ན་ཁྱོད་ཀྱང་ཕྱི་རྒྱལ་དུ་སོང་ནས་འབྱོར་ཕྱུག་ཕུན་སུམ་ཚོགས་པའི་འཚོ་བ་རོལ་རྒྱུའི་རེ་བ་ཡོད་ཞེས་པར། ངས། ང་ལ་བསོད་ནམས་དེ་འདྲ་མེད་ལ། ཁོ་ཚོའི་འཚོ་བར་ཡང་བརྟེན་འདོད་མེད། གལ་ཏེ་ཡོས་ལན་ཕྱི་རྒྱལ་དུ་གཏན་སྡོད་བྱས་ཚེ། ང་མོ་དང་ཁ་བྲལ་རྒྱུ་ཡིན། རྒྱུ་མཚན་ནི། ང་རང་ཀྲུང་གོར་གཞི་བཙུགས་ཡོད་ལ། མཚོ་བོད་མཐོ་སྒང་ལ་གཞི་བཙུགས་ཡོད་པ་དང་། ད་དུང་དབུལ་ཕོངས་རྗེས་ལུས་པའི་ཨ་མདོར་གཞི་བཙུགས་ཡོད་ཀྱང་། ཡིན་ནའང་ང་ལ་ཆེས་བརྩེ་བ་ཟབ་མོ་ཡོད་པའི་ས་ཆའང་འདི་ཁོ་ནའོ་ཞེས་བཤད།
༨༠
       རྩོམ་གྲོགས་དག་དང་མ་ཕྲད་པར་ཡུན་རིང་ཞིག་འགོར་སོང་། གཉེར་བྱའི་དུས་དེབ་ཀྱི་བྱ་བའང་རེ་བསྐྱུར་རེ་སྒྲུབ་ཏུ་ལུས་པ་སྟེ། ཚེ་ལོར་མཚོན་ནའང་ཅུང་ནུས་ཟད་ཀྱི་རྣམ་པར་གནས་ཤིང་སྙན་ངག་ཚོགས་པ་ནས་ཕྱི་རུ་འབུད་སྙིང་འདོད། ཁོས་བསམ་ཚུལ་དེ་ཚང་མར་བཤད་པ་ན། མི་ལ་ལས་རྒྱུ་མཚན་མ་རྟོགས་པར། སྙན་ངག་ཚོགས་པ་འདི་འཛུགས་འདོད་ཀྱི་བསམ་ཚུལ་དེ་སྐབས་དེར་ཁྱོད་ཚེ་ལོས་ཐོག་མར་བཏོན་པ་ཞིག་རེད། དུས་དེབ་གཉེར་རྗེས་ཀྱང་ཆེས་དགའ་བའི་མི་དེ་ཁྱོད་ཡིན་པ་མ་ཟད། ཁྱོད་ནི་ཚོགས་གཙོའང་ཡིན་པས་ཅིའི་ཕྱིར་ཐོག་མར་ཕྱིར་འབུད་འདོད་པའི་མིའང་ཁྱོད་ཡིན་ནམ་ཟེར་ལ། ཡང་མི་ལ་ལས། ཁོ་ལའང་ཁག་མེད་དེ། ཁོ་ནི་ད་ལྟ་ཡུལ་ཚོའི་ཡུལ་གཙོ་དང་པོ་ཡིན་པས་ལུས་སྟེང་གི་འགན་འཁུར་ལྕི་ཞིང་། ལྷིང་འཇགས་ངང་གསར་རྩོམ་བྱེད་ཁོམ་མི་འདུག་ཅེས་སྨྲས། ཡང་མི་ལ་ལས། ཚེ་ལོས་གསར་རྩོམ་བྱེད་མི་ཐུབ་ཀྱང་ཚོགས་པའི་ནང་མིང་བཀལ་བས་ཆོག བྱེ་བྲག་གི་བྱ་བ་ང་ཚོས་སྒྲུབ་པས་མི་ཆོག་གམ་ཞེས་ཟེར། ཚེ་ལོས། ངའི་འགོ་ཁྲིད་ཀྱི་བྱ་བའང་དེ་འདྲའི་ལམ་ལྷོངས་མ་བྱུང་། དུས་རྒྱུན་དུ་བར་ཆད་འབྱུང་གིན་འདུག་ཅིང་། སེམས་ཀྱང་རྙོག་འཛིང་གིས་ཟིན་ཏེ་སྙན་ངག་ཚོགས་པའི་བྱ་འགུལ་ལ་ཞུགས་པའི་སེམས་ཁམས་ཀྱང་མེད་ཕྱིར། ཚང་མར་ཤུགས་རྐྱེན་ངན་པ་ཐེབས་པར་སྐྲག་བཞིན་ཡོད་ཅེས་བཤད། ཡང་མི་ལ་ལས། ཁྱོད་ནི་ཧྲུའུ་ཅིར་ཡག་པོ་བསྡད་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་བྱ་བ་ལམ་འགྲོ་མ་ཡིན་ནམ་ཟེར། ཚེ་ལོས་སྙན་ཞིང་འཇམ་པའི་ངག་གིས་དེ་སྔ་ཆད་པ་བཅད་པ་སོགས་བློར་མི་འབབ་པའི་དོན་དག་འགའ་བཟུང་ནས་མིག་སྔའི་ཁོའི་གནས་བབ་གསལ་བཤད་བྱས་པར་ཚང་མར་ཡང་ཚོར་བ་ཟབ་མོ་ཐེབས་ཅིང་གདུང་སེམས་མཉམ་སྐྱེད་བྱས། དེ་ནས་ཡང་མི་ལ་ལས་གྲོས་འཆར་འདོན་དོན། གལ་ཏེ་དེ་ལྟར་ཡིན་ན་ཁྱོད་ཀྱིས་ཁོར་ཡུག་བརྗེས་ན་འོས། ཁྱོད་ཀྱི་ཡི་གེའི་ནུས་པར་དཔོག་ན། ཁོར་ཡུག་ཅིག་བརྗེས་ཚེ་རང་ཉིད་ཀྱི་འཕེལ་རྒྱས་ལ་དེ་བས་ཕན་ཐོགས་ཡོད་ཀྱང་སྲིད་ཅེས་ཟེར། དགོང་མོ་ཁྱིམ་དུ་ལོག་རྗེས། ཚེ་ལོས་རྩོམ་གྲོགས་ཚོའི་བསམ་ཚུལ་ཇི་བཞིན་གཡང་སྐྱིད་ལ་བཤད་པ་ན། གཡང་སྐྱིད་ཀྱིས་ཁྱོད་ཀྱིས་ཇི་ལྟར་སྙམ་མམ་ཞེས་དྲིས། ཚེ་ལོས། དེའང་འགྲིག་ན་ཐང་གི། ལམ་ཆེན་རེ་རེ་རོ་མར་བཏོད་ཡོད་པས། ཅིའི་དོན་དུ་ལུས་པོ་དྲང་མོར་ཁོར་ཡུག་གཅིག་ཏུ་བགྲོད་ལམ་གཅིག་བརྒྱུད་ནས་འདུག་དགོས་པ་ཡིན་ནམ་ཞེས་སྨྲས། ཉིན་འགའི་རྗེས་སུ། ཚེ་ལོས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ལ་ལས་གནས་སྤོ་སྒྱུར་གྱི་རེ་ཞུ་ཡི་གེ་ཞིག་ཕུལ་ཞིང་། རེ་ཞུ་ཡི་གེའི་ནང་དུ་གཡང་སྐྱིད་ཀྱི་དོན་ཡང་ཡོད་པ་མ་ཟད། ད་དུང་རང་གིས་གཉེར་བའི་དུས་དེབ་དང་སྔོན་ཆད་སྤེལ་མྱོང་བའི་རྩོམ་ཡིག་ཡོད་ཚད་ཀྱང་ཟུར་དུ་བཀོད་འདུག
       ཅུང་མ་འགོར་བར། ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱི་ལག་ཏུ་མཉམ་དུ་ལས་གནས་སྤོ་བའི་ཡི་གེ་འབྱོར་བྱུང་ལ། ཁོ་ཚོར་དགའ་བསུ་བྱེད་བཞིན་པ་ནི་འཚོ་བ་གསར་རེད།
འབྲེལ་ཡོད་འོས་སྦྱོར།