logo

༄༅།།《མཚོ་ལྷོ་ཁུལ་དུས་མཐུན་རྒྱ་བོད་བརྡ་ཆད་གསར་བའི་ལག་དེབ》དཔར་འགྲེམས་བྱས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-04-01 ཀློག་གྲངས།:
      ཟླ3ཚེས30ཉིན་གྱི་ཕྱི་དྲོར་མཚོ་ལྷོ་ཁུལ་གྱིས་བོད་ཡིག་བརྡ་ཆད་གསར་བ་ཚད་གཞི་ཅན་གྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་། ཚོགས་ཐོག་ཏུ《མཚོ་ལྷོ་ཁུལ་གྱི་དུས་མཐུན་རྒྱ་བོད་བརྡ་ཆད་གསར་བའི་ལག་དེབ》(འདོན་ཐེངས་དང་པོ)དངོས་སུ་འགྲེམས་སྤེལ་བྱས།
       བོད་ཡིག་གི་བརྡ་ཆད་གསར་བ་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ནི་བོད་སྐད་ཡིག་བྱ་བའི་སྡེ་ཁག་གི་ལས་འགན་གཙོ་བོ་ཞིག་ཡིན་པར་མ་ཟད། བོད་སྐད་ཡིག་དེང་རབས་ཅན་དང་ཚན་རྩལ་ཅན་ལ་ཁ་ཕྱོགས་པའི་དགོས་ངེས་ཀྱི་ཆ་རྐྱེན་དང་། ཁྲིམས་ལྟར་བོད་སྐད་ཡིག་བྱ་བ་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།
      དེར་བརྟེན། ཁུལ་ཡོངས་ཀྱི་རིམ་པ་དང་རིགས་སོ་སོའི་བོད་སྐད་ཡིག་ཡིག་སྒྱུར་སྡེ་ཚན་གྱིས་བོད་ཡིག་གི་བརྡ་ཆད་གསར་བ་ཚད་ལྡན་ངང་སྤྱོད་པར་དུས་ཐོག་ཏུ་ཁྲིད་སྟོན་བྱས་ཏེ། བོད་ཡིག་གི་བརྡ་ཆད་གསར་བ་ཚད་ལྡན་ཅན་དུ་བསྒྱུར་བའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་ཆེད། 2020ལོའི་ལོ་འགོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་ཁུལ་ཡོངས་སུ་ཚད་མི་འདྲ་བར་གནས་པའི་བོད་ཡིག་གི་བརྡ་ཆད་གསར་བའི་ལོ་ཙཱ་དང་བཀོལ་སྤྱོད་ཚད་ལྡན་མིན་པ་དང་། ལོ་ཙཱའི་རང་འདོད་རང་བཞིན་གྱི་སྣང་ཚུལ་ཅུང་ཚབས་ཆེ་བ་བཅས་ཀྱི་གནད་དོན་ལ་དམིགས་ནས། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་ལྷོ་ཚགས་པར་ཁང་སོགས་སྡེ་ཚན་དང་འབྲེལ་གཏུག་མཉམ་ལས་ཀྱི་རྐྱེན་སྲོལ་བཙུགས་ཐོག མཉམ་དུ་ཆེད་ལས་ལོ་ཙཱ་བ་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཀྱི་བརྡ་ཆད་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ཀྱི་བརྡ་ཆད་སྤྱི་བསྒྲགས》ལ་སློབ་སྦྱོང་ནན་ཏན་བྱས་པའི་རྨང་གཞིའི་སྟེང་། ཆེད་དོན་བརྟག་ཞིབ་དང་། བསམ་འཆར་བསྡུ་ལེན། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་སྤྱད་དེ། 2020ལོའི་མཚོ་ལྷོ་ཁུལ་གྱི《སྲིད་གཞུང་བྱ་བའི་སྙན་ཞུ》དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འཚོལ་སྡུད་བྱས་པའི་བརྡ་ཆད་གསར་བའི་ནང་ནས། སྤྱོད་ཚད་མཐོ་བ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བ། ཁྱབ་གདལ་རིན་ཐང་ཆེ་བ་བཅས་ཀྱི་ཐ་སྙད་འདེམས་སྒྲུག་བྱས་ནས་དུས་ཐོག་ཏུ་དཔྱད་ཞིབ་བསྡུར་གསུམ་ཡང་ཡང་བྱས་མཐར། ཏང་སྲིད་གཞུང་ཡིག་དང་གསར་འགྱུར་དཔེ་སྐྲུན་སོགས་ཁྱབ་ཁོངས་ཀྱི་ལོ་ཙཱའི་རང་འདོད་རང་བཞིན་ཅུང་ཆེ་བའམ་སྒྱུར་ཐབས་གཏན་འཁེལ་བྱེད་དཀའ་བའི་བརྡ་ཆད་དང་ཚིག་དུམ800ལེགས་སྒྲིག་པར་བསྐྲུན་བྱས་ཏེ། ཁུལ་ནང་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་བྱ་བའི་ཁྲོད་བེད་སྤྱོད་བྱ་རྒྱུར་སྟབས་བདེ་བཟོས་ཡོད། 
འབྲེལ་ཡོད་འོས་སྦྱོར།