logo

༄༅།།མཚོ་སྔོན་ཞིང་ཆེན་གྱི་དར་ཐོག་སྤྲོ་གསེང་ལུས་སྦྱོང་སྤྲོ་ཚོགས་སྐབས་ལྔ་བ་དང་མདའ་བཞི་རྫོང་གི“དགུན་དཔྱིད་དུས”ཀྱི་རིག་རྩལ་ཡུལ་སྐོར་བྱེད་སྒོ་སྤེལ།

རྩོམ་པ་པོ།:ཕག་མོ་ཚེ་བརྟན་དང་སངས་རྒྱས་ཚེ་ར ཡོང་ཁུངས།:ཨ་མདོ་སྨྱན་གསར་འཕྲིན་སྟེགས། དུས་ཚོད།:2019-12-31 ཀློག་གྲངས།:
སྤྱི་ཟླ12པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་དར་ཐོག་སྤྲོ་གསེང་ལུས་སྦྱོང་སྤྲོ་ཚོགས་སྐབས་ལྔ་བ་དང་མདའ་བཞི་རྫོང་གི“དགུན་དཔྱིད་དུས”ཀྱི་རིག་རྩལ་ཡུལ་སྐོར་བྱེད་སྒོ་མདའ་བཞི་རྫོང་ཏུང་ཏ་ཐང་ཆུ(དར)ཐོག་དགའ་ཚལ་དུ་སྤེལ།
གྲང་ངར་ཆེ་བའི་དགུན་དུས་འདིར་གངས་ཤུད་ལུས་རྩལ་ལ་དགའ་མཁན་མང་བོ་ཆུ(དར)ཐོག་དགའ་ཚལ་དུ་ཡོང་ནས་དར་ཐོག་སྤྲོ་གསེང་ལུས་སྦྱོང་ལོངས་སྤྱོད་བྱེད་པ་དང་། ཏུང་ཏ་ཐང་གི་དགུན་དུས་ཀྱི་སྤྲོ་སྣང་མཉམ་སྤྱོད་བྱེད་པ། དགུན་དུས་ཀྱི་ངོ་མཚར་ཆེ་བའི་སྙན་རྩོམ་མྱོང་རོལ་བྱེད་པ་བཅས་བྱས། ཐེངས་འདིའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དེས་མདའ་བཞི་རྫོང་གི་དགུན་དཔྱིད་དུས་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་བྱེད་སྒོ་དངོས་སུ་སྤེལ་བ་མཚོན་ཡོད།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཕྱི་ཕྱོགས་སྤེལ་རེས་མཉམ་འབྲེལ་ཁྲུའུ་ཡི་ཁྲུའུ་ཀྲང་ངམ་ལུས་རྩལ་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཝང་ཝེའུ་ཀྲང་དང་། མཚོ་བྱང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ལིག་པོ་ཁྲོན། མཚོ་བྱང་ཁུལ་ལས་ཞོར་ལུས་རྩལ་སློབ་གྲྭ་དང་། མདའ་བཞི་རྫོང་སྲིད་གཞུང་། མདའ་བཞི་རྫོང་སྲིད་གྲོས། མདའ་བཞི་རྫོང་ཨུའི་དྲིལ་བསྒྲགས་པུའུ། མདའ་བཞིའི་ནུབ་མཚོ་བརླན་ས་ཆུ(དར)ཐོག་ལུས་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་བ་བཅས་བྱེད་སྒོའི་སྟེང་ཞུགས་པར་མ་ཟད། བྱེད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་ཀྱང་བྱས།  
ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མདའ་བཞི་རྫོང་མི་དམངས་སྲིད་གཞུང་དང་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་སྒྲུབ་བྱས་ཤིང་། མདའ་བཞི་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་། མདའ་བཞི་རྫོང་ལུས་རྩལ་སྤྱི་ཁྱབ་ཚོགས་པ། མདའ་བཞིའི་ནུབ་མཚོ་བརླན་ས་ཆུ(དར)ཐོག་ལུས་རྩལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་ནས་སྤེལ་བ་རེད།
མཛད་སྒོ་མཇུག་སྒྲིལ་རྗེས། དར་ཐོག་ནས་སྐོར་བྲོ་འཁྲབ་པ་དང་དར་ཐོག་ནས་རླངས་འཁོར་རྩལ་ངོམ་བྱེད་པ་སོགས་ཡིད་དབང་འཕྲོག་ཅིང་འགྲན་ཟླ་བྲལ་བའི་འཁྲབ་སྟོན་བྱས་ཤིང་། དར་ཐོག་ནས་གྲུ་གཟིངས་འབྲུག་མགོ་མ་དང་། ལྕགས་རྟ། ངང་ལག་གྲུ་གཟིངས་སོགས་སྐོར་འགྲན་བྱས་པ་དང་། དར་ཐོག་ནས་ཐག་འཐེན་བྱེད་པ། སྤོ་ལོ་རྒྱག་པ། འཇུ་རེས་འགྲན་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། འགྲན་སྡུར་ནང་ཞུགས་མཁན་ཚོར་ཁོམ་ལོང་མེད་པར་དགའ་སྐྱིད་ཀྱི་དགོད་སྒྲས་བཟི་བར་བྱས།
ཐེངས་འདིའི་བྱེད་སྒོ་ནི་རྒྱལ་ཁབ་ཀྱི“མི་དུང་ཕྱུར་གསུམ་དར་ཐོག་ལུས་རྩལ་ནང་ཞུགས་པའི”དམིགས་ཚད་མངོན་འགྱུར་བྱུང་རྒྱུར་རོགས་རམ་བྱས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྣང་ཚུལ་ཟབ་མོའི་བག་ཆགས་བཞག་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ། མདའ་བཞིའི་དགུན་དུས་དང་དཔྱིད་དུས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རྫོང་དེའི་དར་ཐོག་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་སྒོས་མངོན་པར་བྱེད་པ། དར་ཐོག་ཡུལ་སྐོར་ཐོན་ཁུངས་ཁྱོན་ཡོངས་ནས་འོས་སྦྱོར་བྱེད་པ། དགུན་དུས་དར་ཐོག་ལུས་རྩལ་གྱི་ཆས་རྟགས་གཏོད་པ། དགུན་དུས་ཡུལ་སྐོར་ཁྲོམ་ར་ཕྱོགས་ཡོངས་ནས་གསོན་ཉམས་དོད་པོར་གཏོང་བ་བཅས་བྱས་ཏེ། མདའ་བཞིའི་དགུན་དུས་དར་ཐོག་ཡུལ་སྐོར་ཐོན་ལས་དེ་ས་ཁོངས་ཡོངས་དང་དུས་ཚིགས་ཧྲིལ་བོར་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དེའི་མཚུངས་སུ། སྣ་མང་ཕུན་སུམ་ཚོགས་པའི་དར་ཐོག་ཡུལ་སྐོར་བྱེད་སྒོ་སྒྲིག་འཛུགས་བྱས་པ་བརྒྱུད་རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ལ་དར་ཐོག་སྤྲོ་གསེང་ཡུལ་སྐོར་གྱི་འདུ་འཛོམས་གཟབ་རྒྱས་ཤིག་འཚོགས་པ་རེད། 
ཤེས་རྟོགས་བྱུང་བར་གཞིགས་ན། མདའ་བཞིའི་ཡུལ་སྐོར་ལས་རིགས“དབྱར་དང་སྟོན་ལ་འདུ་འཛི་ཆེ་བ་དང་། དགུན་དུས་དབེན་ཞིང་འཇགས་པ།”འི་རྣམ་པ་གཏོར་ནས་མགྱོགས་མྱུར་ངང“དགུན་དཔྱིད་དྲོ་རུ་འགྲོ་བའི”རྣམ་པ་བསྒྱུར་བར་སྐུལ་འདེད་བཏང་། ཉེ་བའི་ལོ་འདི་གར། མདའ་བཞི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་དགུན་དུས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ཏེ་དམ་འཛིན་བྱེད་པ་དང་དགུན་དུས་ཡུལ་སྐོར་གྱི“དར་ཐོག+”འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས“ལུས་རྩལ་སྐུལ་ཁྲིད་དང་། མང་ཚོགས་སྐུལ་ཁྲིད། ཆ་འགྲིག་མཐོར་འདེགས།  ཁྱད་ཆོས་མཉམ་འདྲེས”སོགས་ཀྱི་བྱེད་ཐབས་སྤྱད་དེ་རྒྱུན་ཆད་མེད་པར་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་བཏང་ཡོད།
འབྲེལ་ཡོད་འོས་སྦྱོར།