logo

༄༅།།ལྷ་སའི་སྐྱེད་མོས་ཚལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-14 ཀློག་གྲངས།:
ལྷ་སའི་མཐའ་སྐོར་དུ་ལྗོན་ཤིང་སྣ་ཚོགས་ཀྱི་སྐྱེད་མོས་ཚལ་དང་། གླིང་ག་མང་པོ་ཡོད། ལྕང་གསེབ་ཤར་ནི་ཡབ་གཞིས་སྟག་རྩེའི་ཤར་ངོས་སུ་ཡོད། ད་ལྟ་བོད་དམག་སྐུལ་ཁང་ཡོད་སར་རྩེ་དྲུང་གླིང་ཁ་དང་ཤར་དུ་ཕྲལ་བདེ་གླིང་ཁ། ཕྱག་མཛོད་གླིང་ཁ། རང་སྐྱོང་ལྗོངས་ཏང་ཨུད་གནས་ཡུལ་དུ་བཞུགས་ཁྲི་གླིང་ཁ། བོད་ལྗོངས་སློབ་ཆེན་གནས་ཡུལ་དུ་དྲུང་སྤྱི་གླིང་ཁ། དེའི་གཤམ་དུ་ཞི་བདེ་གླིང་ཁ། ཉི་གཞོན་གླིང་ཁ། ཀརྨ་ཤག་གླིང་ཁ། ལུས་རྩལ་ཐང་དུ་སྤོ་བོ་གླིང་ཁ། ལྗོངས་སྤྱི་བདེ་ཅུས་ཀྱི་རྒྱབ་ངོས་སུ་གླིང་ཁ་གསར་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མདུན་ངོས་སུ་གཤོང་ཁ་གླིང་ཁ། ནོར་གླིང་ལམ་དུ་བདེ་སྐྱིད་གླིང་ཁ། སྦྱར་རགས་གླིང་ཁ། ནོར་བུ་གླིང་ཁ། ནོར་སྟོད་གླིང་ཁ། ད་དུང་གཉེར་ཚང་གླིང་ཁ། འདོད་དཔལ་གླིང་ཁ། ཁ་ཆེ་གླིང་ཁ། བཤད་སྒྲ་གླིང་ཁ། ཀུ་ཤུ་གླིང་ཁ། གྲ་བཞི་གླིང་ཁ། རྨེ་རུ་གླིང་ཁ། རྡོ་རོག་གླིང་ཁ། གཏོར་རྒྱག་གླིང་ཁ། མཁན་པོ་གླིང་ཁ། སྦ་གཞིས་གླིང་ཁ། འཇག་མ་གླིང་ཁ། རྭ་གོག་གླིང་ཁ(གླིང་ཁའི་ལྕགས་རི་རྣམས་གཡག་གི་རྭ་གོག་ཁོ་ནའི་རྩིག་པ་ཡིན་པས་རྭ་གོག་གླིང་ཁ་ཞེས་འབོད)སོགས་པ་མང་པོ་ཡོད་པས་དབྱར་ཁ་ཤར་བ་ན་ལྷ་ས་བ་ཚོས་གླིང་ཁ་གཏོང་བའི་ལུགས་སྲོལ་དམིགས་བསལ་ཅན་ཞིག་ཡོད། དབྱར་ཉི་མའི་ཚ་གདུང་ཆེ་བའི་སྐབས་གླིང་ཁའི་ནང་ལྗོན་ཤིང་སྔོ་ལྗང་ལྡན་པ་དང་། བྱེའུ་ཆུང་གསུང་ལ་སྙན། སྤང་ཁ་མེ་ཏོག་གིས་རྒྱན་པ། ཆུ་བོ་དྭངས་ལ་བསིལ་བ། སྟག་ཆུང་བུང་བ་དང་ཕྱེ་མ་ལེབ་སོགས་ཀྱིས་འཕུར་ལྡིང་གར་ལ་རོལ་བ། མཁའ་རླུང་ཤིན་ཏུ་གཙང་བ་སོགས་སྤྲོ་བ་འཕེལ་བའི་ཡུལ་ཞིག་ཡིན་པར་རྟེན་རང་རང་ཁྱིམ་གྱི་ཕ་མ་བུ་ཕྲུག་དང་གྲོགས་པོ་གྲོགས་མོ་སོགས་བཟའ་བཏུང་ཅི་དགའ་བ་འཁྱེར་ནས་གཞས་དང་ཞབས་བྲོ་རྣམ་ཐར་སོགས་བཏང་ནས་དགའ་སྤྲོའི་དཔལ་ལ་རོལ་བ་མྱོང་།
ལྷ་སར་ལོ་རྒྱུས་ལྡན་པའི་ལྗོན་ཤིང་ལྔ་ཡོད་པ་ནི་དུས་རབས་བདུན་པའི་ནང་ལྷ་སའི་ཕྱོགས་བཞིར་རྒྱལ་པོ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་རྣམ་གཉིས་ཀྱི་བཙུགས་པ་གནང་བའི་དབུས་སུ་ཇོ་བོའི་དབུ་སྐྲ་ཞེས་རྒྱལ་ལྕང་སྡོང་པོ་གཅིག སྦྲ་ནག་ཞོལ་ལ་ལྕང་སྡོང་ཚང་ལ་རྒྱ་ལྕང་སྡོང་པོ་གཅིག ནུབ་ཀྱི་ཞོལ་ལྕང་མ་ཁང་གསར་ལ་རྒྱ་ལྕང་སྡོང་པོ་གཅིག། ལྷོ་སྤོ་མདའི་རྒྱབ་ཏུ་ཡོམ་འབོག་སྡོང་པོ་གཅིག བྱང་ར་མོ་ཆེ་ལྕང་རག་ནང་རྒྱ་ལྕང་རྐང་གཅིག་བཅས་ལྔ་ཡོད། 
འབྲེལ་ཡོད་འོས་སྦྱོར།