logo

༄༅། །མྱང་ཡུལ་སྟོད་སྨད་བར་གསུམ་འགྲིམ་པའི་གཏམ་ཤེལ་དཀར་གྱི་མེ་ལོང་།

རྩོམ་པ་པོ།:པདྨ་དངོས་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-06-29 ཀློག་གྲངས།:
༄༅། །མྱང་ཡུལ་སྟོད་སྨད་བར་གསུམ་འགྲིམ་པའི་གཏམ་ཤེལ་དཀར་གྱི་མེ་ལོང་།
པདྨ་དངོས་གྲུབ།

        རང་ཅག་གི་སྔོན་བྱོན་དྲན་དབང་རྣམས་ལ་གནས་གང་དུ་ཕེབས་པར་ཐོ་ཡིག་གསལ་བོར་འགོད་པའི་སྲོལ་མཆིས་པ་བཞིན་དུ་གུས་པས་ཀྱང་གནས་གར་སོང་གི་ཐོ་ཡིག་ཅིག་བྲི་བ་ལ། སྒྲོ་བཏགས་གབ་སྦས་ཀྱི་ཆ་དང་བྲལ་བར་གང་ཐོས་ཤིང་མཐོང་བ་རྣམས་གནས་གནས་སུ་བརྗོད་པར་བྱ་ན། དེ་ཡང་སྤྱི་ལོ༢༠༢༡ལོའི་ཟླ༡༢པའི་ཚེས༡ཉིན་སྟོད་ལུང་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་དང་ཁད་ཉེ་སར་རེས་འཁོར་དུ་བསྡད་དེ་སྐྱིད་ཆུའི་འགྲོས་དང་བསྟུན་ནས་མྱང་ཡུལ་དུ་འགྲོ་བའི་ལམ་ལ་ཞུགས་ཤིང་། སྐྱིད་ཆུ་ནི་གཉན་ཆེན་ཐང་ལྷའི་རུ་ལག་སྨྲི་ཏི་ཁ་ནས་འབབ་པའི་སྨྲི་ཏི་གཙང་པོ་དང་། རྭ་སྒྲེང་གཙང་པོ། ངས་ཆུའམ་འཕན་ཆུ་སོགས་ཆུ་ལག་མང་པོས་གྲུབ་པ་གང་དེ་ལྷ་ས་དང་སྐྱིད་ཤོད་དུ་ཐོན་པ་ན་ཡུལ་མིང་ཆུ་ལ་ཐོགས་ཏེ་སྐྱིད་ཆུར་འབོད་པར་བཤད་ལ། དེ་ཡར་ཀླུང་གཙང་པོར་མ་ཐུག་པའི་ལམ་དུ་རྔོག་ལེགས་པའི་ཤེས་རབ་ཀྱིས་བཏབ་པའི་གསང་ཕུ་དགོན་པ་སྟོད་ལུང་བདེ་ཆེན་གྱི་ལུང་པ་ཁ་བྱང་དུ་བསྟན་པ་ཞིག་གི་ཕུར་སའི་དཔྱད་ལེགས་པ་ཆོས་འབྱུང་གྲུ་གསུམ་གྱི་གནས་སུ་ཆགས་འདུག་པ་ལ། ལུང་པ་དེའི་མདར་གསང་ཕུ་མུ་ཏིག་ཐང་ཟེར་བའི་ཐང་སྐྱ་ཧྲིལ་ལེ་བ་ཞིག་ཡོད་པ་དེར་བརྒལ་ནས་སྐྱིད་ཆུའི་ཕར་ངོགས་སུ་ཅུང་ཟད་ཕྱིན་ན་ཇོ་བོ་རྗེ་ཡུན་རིང་བཞུགས་སའི་སྙེ་ཐང་སྒྲོལ་མ་ལྷ་ཁང་ཡོད། དེ་ནས་མར་ཅུང་ཟད་ཕྱིན་ན་རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བསྐུལ་ནས་གཏན་ལ་ཕབས་པའི་སྒྲ་སྦྱོར་བམ་གཉིས་མཛད་སའི་གནས་སམ་བཙན་པོའི་ཕོ་བྲང་འོན་ཅང་དོ་དཔེ་མེད་གཙུག་ལག་ཁང་བྱ་བ་ཡོད་ལ། འདིར་བཙན་པོ་རལ་བ་ཅན་འཁྲུངས་ཞེས་ཁ་ཅིག་ཟེར་ལ། ཕྱིས་གཙུག་ལག་ཁང་མེ་ལ་ཤོར་བ་རྒྱལ་དབང་ལྔ་པས་བསྐྱར་གསོ་དང་བཅས་དེར་བཞུགས་ཀྱི་གསུང་རབ་ལ་དག་སྒྲིག་བྱས། དེའི་ལོགས་སུ་འབྲུག་དགོན་པ་སོགས་གཞུང་ལམ་གྱི་འགྲམ་དུ་ཆགས་འདུག་པ་ལ། བཙུན་མའི་སྒྲུབ་སྡེ་གྲགས་ཅན་ཤུག་གསེབ་དགོན་བྱ་བ་སྐྱིད་ཆུའི་གཡོན་ཕྱོགས་ཀྱི་རི་རྒྱུད་འཇིགས་ཟིལ་ལེར་ཡོད་པའི་སུལ་ལ་ཆགས་འདུག་པར་མ་ཟད། དེར་བགྲོད་སའི་ལམ་ནི་དགའ་ལྡན་དགོན་པའི་ལམ་བཞིན་གུག་མང་ཁར་ལམ་ཞེང་རབ་ཏུ་དོག་པ་ཞིག་འདུག་ཅིང་། གནས་དེར་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ལས་བྱུང་བའི་ཨ་ཅག་མཚོ་རྒྱལ་བྱ་བ་བརྩེ་དུང་གི་ཆེད་དུ་བྲོས་བྱོལ་གྱིས་རང་གི་མཛའ་བོ་ལ་སྒུག་སའི་གནས་ཀྱང་ཡིན་ལ། དེ་རིང་ང་འགྲོ་སའི་ལམ་ཐིག་འདི་ཡང་བཀྲས་ཟུར་ཚང་གིས་དྲེད་པ་འདེད་སའི་ལམ་ཐིག་དུམ་བུ་ཞིག་དང་སྟབས་འཁེལ་འདུག་པས། གཏམ་རྒྱུད་དེའི་སྣང་བརྙན་ཡིད་ལ་འཆང་ཞིང་སོང་ན་ནི་དེ་ཡང་གཏམ་རྒྱུད་དེའི་ཀློག་སྟངས་གཞན་ཞིག་ཡིན་པར་འདོད་ནས། གཏམ་རྒྱུད་གང་དེའི་སྣང་བརྙན་ཡིད་ལ་ཡང་ཡང་སྒོམ་ཞིང་སོང་། དེ་ནས་ཆུ་ཤུར་གྲོང་ཚོ་བརྟོལ་པ་ན་ཡར་ཀླུང་གཙང་པོར་འཕྲད་ཅིང་འོང་ངོ་། །ཡར་ཀླུང་གཙང་པོའི་ཆུ་འགོ་ནི་རྟ་མཆོག་ཁ་འབབ་ཏུ་བཤད་ལ། དེ་ཉིད་ནི། གངས་རིན་པོ་ཆེའི་ཤར་ཕྱོགས་བྱེ་མ་གཡུང་དྲུང་བྱ་བ་ནས་འབབ་ཅིང་། གཙང་ནས་བཟུང་ཡར་ཀླུང་གཙང་པོ་ཞེས་ཡུལ་མིང་ཆུ་ལ་ཐོགས་ཏེ། བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་དུ་རི་བོ་གནམ་ལྕགས་འབར་བ་ལ་རྟ་རྨིག་གཟུགས་ཀྱིས་བསྐོར་བ་དེར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་ཟེར་བ་དང་། མུ་མཐུད་ཀློ་ཡུལ་ནས་རྒྱ་གར་ཨ་སམ་དུ་འབབ་པར། ཚངས་པའི་བུའམ་གཙང་པོ་བྲཧྨཔུཏྲ་ཞེས་འབོད་ཅིང་། དེ་ནས་བྷང་ག་ལར་སླེབས་པར་ཆུ་བོ་ཛཱ་མུ་ནཱ་ཞེས་སུ་འབོད་པ་སོགས་བརྒྱུད་མཐར་བྷང་ག་ལའི་མཚོ་ཁུག་ལ་འགྲིལ་བ་ཞིག་ཡིན། ཆུ་ཤུར་ནས་གཙང་ཆུར་བརྒལ་ནས་ཁ་ལྷོར་དཀྱུ་བཞིན་པའི་སྐད་ཅིག་མ་དེར་གྲུ་ཁ་འདིར་ལམ་གླ་ཟད་པའི་དྲེད་པ་དང་རུ་སྤོ་སྐྱེས་འགེལ་པ། མཆོད་མཇལ་བ་སོགས་ལ་གཡོར་གྲུ་མ་ཐེམ་པར་ཉིན་ཞག་མང་པོར་ལུས་པ་ལ་བསམ་ན། དེང་འདིར་སྐར་ཆ་འགས་འགྲོ་ཐུབ་པ་འདི་ཡང་སྐྱིད་ཅིག་ག་ལ་མིན་པར་འདོད་ཅིང་ཆས། དེ་ནས་ཕར་ཅུང་ཟད་ཕྱིན་པ་ན། མདུན་དུ་བརྗིད་ཆགས་གེར་གམ་པ་ལ་མོ་ཐེ་བའི་རི་རྒྱུད་ཅིག་ནུབ་ནས་ཤར་དུ་རྒྱུགས་པའི་ཚུལ་གྱིས་ཆགས་འདུག་པ་དེས། དབུས་དང་གཙང་གི་ས་མཚམས་དུམ་སེར་བཅད་འདུག་པས། དབྱེ་བདེ་བ་ཞིག་འདུག དེ་ཡང་དབུས་གཙང་གི་གཞས་ཤིག་ཏུ། རི་དེ་གམ་པ་ལ་མོ། །བསོད་བདེ་ཡིན་ཡང་ཆེ་བྱུང་། །པད་སྡེ་སྟོང་ཆེན་བཅོ་བརྒྱད། །མི་ཚེ་ཡིན་ཡང་རིང་བྱུང་། །ཞེས་ལ་རྒྱུད་རིང་བའི་གམ་པ་ལ་མོས་ནི་སྐབས་དེའི་རུ་སྤོ་སྐྱས་འགེལ་དང་། དམག་སྣ་རུ་འདྲེན་སོགས་ལ་དཀའ་ཁག་ཤིན་ཏུ་ནས་ཆེ་བ་ཞིག་བཟོས་ཡོད་ཤག་རེད་ལ། དེར་རླངས་འཁོར་ལ་བསྡད་དེ་སོང་ན་ཆུ་ཚོད་གཅིག་ཙམ་དགོས་ན། གོམ་པ་བརྒྱབ་ཚེ་ཉིན་གཅིག་གི་དུས་ཚོད་ཀྱིས་ཀྱང་མི་ཆོག་པ་ནི་ལ་སྐེད་དུ་སྦྲག་ཁང་ཞིག་བཞེངས་ཡོད་པ་ལས་ཀྱང་ཤེས་ཐུབ། དེ་ལྟར་གཞུང་ལམ་ལ་གུག་ཆེན་ཤིན་ཏུ་མང་བས་ན། འགྲོས་དལ་མོས་རི་རྒྱུད་ཀྱི་ཁར་སླེབས་པ་ལ་དུས་ཡུན་ངེས་ཅན་ཞིག་འགོར་མོད། རི་རྒྱུད་ཀྱི་ཁར་བུད་མ་ཐག་མདུན་དུ་ཡར་འབྲོག་གི་སྣུབས་མཚོའམ་ཡར་འབྲོག་གཡུ་མཚོ་ནི་སྔོ་ལྟེམ་མེར་གཡུ་ཡི་གཞོང་པ་ལྟར་དུ་འཁྱིལ་འདུག་པས་ན། སེམས་ཀྱི་ངལ་དུབ་མ་ལུས་སྐད་ཅིག་ལ་སོད་པར་བྱེད་པ་ཞིག་རེད་ལ། དེ་ལས་ཀྱང་མཚོ་མོ་དང་ཐག་མི་རིང་བའི་སར་རྒྱལ་བ་རྒོད་ཚང་པས་ས་ཡ་གིའི་ཉི་མ་ནུབ་ཀྱི་ཕྱོགས། །སྤྲིན་དཀར་པོ་ལྡིང་ཞིང་འཁྲིགས་པའི་འོག །གངས་གྲུ་གསུམ་གནམ་ལ་འཕྱོང་འདྲ་བ། །ལྷ་གནོད་སྦྱིན་དབང་པོ་གང་བ་བཟང་། །ཞེས་ཧ་བོ་གངས་བཟང་ངམ་རི་བོ་གནོད་སྦྱིན་གང་བཟང་ནི་དཀར་བོང་ངེར་མདུན་ཕྱོགས་སུ་རྩེ་མོ་ཡོར་ཡོར་རེར་གནས་པས་ན། ཡིད་སེམས་དབང་མེད་དུ་སྐྱོམ་པར་བྱེད་པས་ན་བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་མཆོག་གིས་ཀྱང་གནས་འདིའི་ཁོ་ར་ཁོར་ཡུག་མ་ལུས་པ་གཟིགས་ནས་སྐྱོ་མགུར་ཞིག་བཞེངས་ཡོད་པ་དེར་ཡང"མར་བལྟས་པའི་ཡར་འབྲོག་མཚོ་མོ་ཆེ། །གནས་འཁོར་བའི་རྒྱ་མཚོའི་དཔེ་རུ་འདུག །ཕར་བལྟས་པས་རྟ་བདུན་འོད་མདངས་གསལ། །ལམ་བྱང་ཆུབ་སེམས་ཀྱི་མཚོན་དཔེར་གདའ། །ཡར་བལྟས་པའི་གངས་རི་དཀར་མདངས་ཅན། །རྗེ་བླ་མའི་ཕྲིན་ལས་མཆོག་གི་དཔེ། །དཔེ་འདི་གསུམ་དྲན་པའི་སེམས་རྩ་སྐྱོ། །མ་འགྲོ་བའི་དོན་དུ་ཚེ་འདི་རུ། །དཔལ་བླ་མེད་བྱང་ཆུབ་འགྲུབ་པར་ཤོག"ཅེས་གསུངས་པ་ཡང་ཡིད་སེམས་སྐྱོམ་པའི་གླུ་རུ་འདུག དེ་ལྟར་མྱང་ཡུལ་དུ་བགྲོད་ཚེ་ཡར་འབྲོག་གཡུ་མཚོའི་གཡས་འགྲམ་བརྒྱུད་ནས་མཚོ་མོའི་མགོར་བསྙེག་དགོས་པས་ན། མདུན་དུ་ཇི་ལྟར་ཕྱིན་ན་དེ་ལྟ་དེ་ལྟར་མཚོ་མོའི་ཞེང་ཕྲ་ནས་ཕྲ་རུ་འགྱུར་མོད། མཚོ་མགོ་ལྷོ་ཕྱོགས་སུ་འདལ་དེ་འདུག གནས་དེར་པད་སྡེ་སྟོང་ཆེན་ཡོད་པ་བརྒྱུད་ནས་ཁ་ལྷོར་དཀྱུས་ཏེ་ཕྱིན་ན་མཚོ་མོའི་འགྲམ་དུ་སྣང་དཀར་རྩེ་ཡོད་ལ། གནས་དེ་ནས་ཁ་རག་ལར་བསྙེགས་སའི་གྲོག་རོང་ཆེན་པོ་ཞིག་ཏུ་བགྲོད་དགོས་པས་མཐོང་བའི་རྒྱ་དོག་པར་བཟོས་ཏེ་གཡའ་མ་དང་གངས་རི། སྐམ་ལ་ཤོར་བའི་ལམ་འགྲམ་གྱི་གྲམ་པ་ལས་གཞན་མཐོང་དུ་མེད་པར་མ་ཟད། ཡར་ནས་ཡར་དུ་ཕྱིན་པ་དང་གྲང་ལྷག་ཀྱང་ཆེ་ནས་ཆེར་ལྡང་ཞིང་འོང་། དུས་དེར་ངའི་གམ་གྱི་རྒྱལ་རྩེ་ནས་ཡིན་པའི་གསར་བུ་དེའི་རྒྱུས་མེད་ཀྱི་གཏམ་ལ་ཁ་མིག་རྣ་བ་ཅོ་རེར་ཉན་པས་རེ་ཞིག་ཁ་རག་ལའི་ལ་ཁར་ཐོན་པ་ཡང་མ་ཚོར། ཁ་རག་གི་རྒྱུད་འདི་ནས་ཁ་རག་པའམ་འདུལ་བ་འོད་དང་། གངས་ཅན་རྣ་བའི་རྒྱན་གཅིག་ཁ་རག་སྒོམ་ཆུང་བ་འཕན་ཡུལ་ནས་རྗེ་པོ་ཏོ་བ་དང་བྲལ་ནས་གནས་འདིའི་ཕུག་པ་ནག་པོ་ཞེས་པར་སྒོམ་སྒྲུབ་ཡུན་རིང་མཛད་དེ་སྙན་གྲགས་རྒྱས་སྐད་ལ། ཕྱིས་ཡུལ་མིང་མི་ལ་ཐོགས་པར་འདོད་དེ། ཆོས་འབྱུང་མཁས་དགར་དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས་ཞེས་ཁ་རག་བྱ་བ་དབང་མཛད་བཅུ་གཉིས་ཀྱི་དུས་སུ་བྱུང་ཡོད་པས་སོ།། འདིའི་རྒྱུད་དུ་ཇོ་ནང་ཏྰ་ར་ནྰ་ཐ་དང་དགེ་བཤེས་ཆུ་མིག་པ་ཆེན་པོ(རྫ་རིའི་ཟེའུ་བྱ་བར་འཁྲུངས།)སོགས་འཁྲུངས་ཤིང་། རྒྱུད་འདིས་སྣང་དཀར་རྩེ་རྗོང་དང་མྱང་ཡུལ་གྱི་མཚམས་ཕྱེའོ། །
        དེ་ལྟར་འགྲོས་མགྱོགས་མོས་ཁ་རག་ལའི་ཕར་ནང་དུ་མར་མར་བབས་པ་ན་མདུན་དུ་ཡངས་ཤིང་རྒྱ་ཆེ་བའི་སྤང་ཐང་གིས་ཁེབས་པའི་གནས་སུ་མུ་རྒྱུད་ཅུང་རིང་བའི་རི་རྒྱུད་དམའ་མོ་ཞིག་ལྷོ་རུ་འཐེན་པའི་ཚུལ་གྱིས་ཡོད་ན་ཡང་། དེ་ནས་མར་མྱང་སྟོད་གྲོང་ཚོར་སླེབས་མཚམས་སུ་རི་རྒྱུད་གང་དེའི་ཁ་ནུབ་ཏུ་ཕྱོགས་ནས་པ་སྣམ་རྫོང་གི་དགའ་གདོང་དགོན་བར་དུ་ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་ལམ་བཟོས་པའི་ཉག་ག་ཆེན་པོ་ཞིག་ཡོད་པ་མ་གཏོགས། གཞིས་ཀ་བསམ་འགྲུབ་རྩེའི་བར་དུ་རི་ཡི་མུ་རྒྱུད་མ་ཟད་ཙམ་དུ་འདུག་ལ། རི་རྒྱུད་དེས་ཀྱང་རིན་སྤུངས་རྫོང་དང་མྱང་ཡུལ་གྱི་ས་མཚམས་ཧྲིག་གེར་ཕྱེས་འདུག་པས། ས་མཚམས་ཆུ་མཚམས་འབྱེད་བདེ་བ་ཞིག་འདུག དེ་ནས་ཁ་རག་ལ་ནས་མར་བབས་པའི་གཤོངས་ཁུག་ཏུ་ཆུ་ཕྲན་ཞིག་འབབ་པ་དེའི་འགྲམ་རྒྱུད་དེད་ནས་ཇ་ཡུན་ཙམ་ཕྱིན་པའི་སར་ན་རྭ་ལུང་ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡོད་ཅིང་། གྲོང་ཚོ་དེ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ཙམ་ཕྱིན་ན་འབྲུག་པ་བཀའ་བརྒྱུད་པའི་གདན་ས་ཆེ་གྲས་རྭ་ལུང་དགོན་བཞུགས་ཤིང་དེར་དུས་རབས་༡༢པའི་ཁྱད་ཆོས་ལྡན་པའི་གན་ཤོག་མཐིང་ཤུན་ལ་གསེར་གྱིས་བྲིས་པའི་བཀའ་འགྱུར་དང་། འབུམ་ཤོག་མོ་ཆེ་སོགས་གསུང་རྟེན་རྩིས་ཆེ་བ་མང་དུ་བཞུགས་སྐད་ལ། ལམ་ཐག་ཅུང་ཟད་རིང་བས་འགྲོ་སྐལ་མ་བྱུང་། སྤྱིར་གྲོང་ཚོ་དེ་ནས་ཞག་སྡོད་བྱ་འཆར་ཡོད་པ་ལ། གནས་དེར་མགྲོན་ཁང་སོགས་དཀོན་ཞིང་གནས་ཚང་གཡར་ས་ཞིག་ཀྱང་མ་རྙེད་པས་ཐད་ཀར་རྒྱལ་རྩེ་ལ་བསྐྱོད་རྩིས་ཀྱིས་ཡང་བསྐྱར་རེས་འཁོར་དུ་བསྡད་ནས་དམིགས་སར་གཟས་སོ། །
        རྭ་ལུང་གྲོང་ཚོའི་རྒྱབ་རི་སྟེ་ཁ་རག་ལ་ནས་གནོད་སྦྱིན་གང་བཟང་གི་བར་གྱི་རི་རྒྱུད་ནི། མྱང་ཡུལ་གྱི་ཕུ་རུ་བཤད་ཅིང་། མྱང་ཡུལ་ལ་སྟོད་སྨད་བར་གསུམ་དུ་དབྱེ་སྲོལ་ཡོད་པ་ལ། མྱང་སྟོད་འདྲེ(འབྲེ)དང་ཁྱུང་།(དགེ་བཤེས་སྟོད་ལུང་པའི་སློབ་མ་ཁྱུང་ཁམ་བྱ་བ་ཡང་རུས་འདིར་འཁྲུངས་སྙམ།) ཤེའུ། ཡུག་སོགས་ཀྱིས་འཛིན། མྱང་བར་རྩད་པོ་འ་ཞྭས་འཛིན། མྱང་སྨད་ལྕེ་དང་དཔྱལ་གྱིས་འཛིན་ཟེར་བའི་བཤད་ཚུལ་ཡོད་ཅིང་། ཡུལ་འདིའི་མིང་ལ་འབྲི་སྲོལ་རྣམ་པ་གཉིས་མཆིས་པ་སྟེ། ཏུན་ཧོང་གཏེར་ཡིག་གིP.t.1286ཏུ་མྱང་རོ་ཞེས་དང་ལྡེའུ་ཆོས་འབྱུང་དང་མཁས་པའི་དགའ་སྟོན་སོགས་སུ་ཉང་རོ་ཞེས་འབྱུང་བས་སོ། །དེ་གཉིས་ལས་གང་དག་མིན་སྐོར་ལ་དེང་གི་མཁས་པ་རྣམས་ཞལ་མི་མཐུན་པར་འདུག་མོད། གནས་གང་དེར་སྐུ་འཁྲུངས་བའི་ཞབས་པད་རྡོ་རིང་སོགས་མྱང་རོའམ་མྱང་ཡུལ་དུ་འབྲི། ཡུལ་དེ་ནི་སྔོན་དབུས་གཙང་ལ་རུ་བཞིར་ཕྱེ་བའི་གཡོན་རུར(ལྕེའི་གདུང་རབས་ཀྱི་བཞེད་ཚུལ)གཏོགས་པ་དང་། དེང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མངའ་ཞབས་སུ་གཏོགས། དེ་ལ་རྒྱལ་རྩེ་དང་པ་སྣམ་རྩེ། བསམ་འགྲུབ་རྩེ། ཁང་དམར་རྫོང་སོགས་ཡོད་ཅིང་། དེ་ལས་རྒྱལ་རྩེ་རྫོང་གི་ས་ཁྱོན་ལ་སྤྱི་ལེ་རྒྱ་དཔངས་གྲུ་བཞི༣༨༠༠ཡོད་པར་སྐབས་བདུན་པའི་མི་གྲངས་རྩིས་བཤེར་སྙན་ཞུ་ལྟར་ན་རྒྱུན་སྡོད་མི་གྲངས༦༨༦༥༠ཡོད་ལ། དེ་དག་གྲོང་རྡལ་གཅིག་དང་ཤང༡༨། སྡེ་བ༡༥༡དུ་ཁྱབ་ཡོད། རྫོང་དེའི་ཤར་སྣང་རྩེ་རྫོང་དང་ལྷོ་ཁང་དམར། ནུབ་པ་སྣམ་རྫོང་དང་བྱང་རིན་སྤུངས་རྫོང་བཅས་ལ་ཐུག་ཡོད་ཅིང་། མྱང་ཡུལ་བྱ་བ་མྱང་ཆུའི་རྒྱུད་དུ་ཆགས་པའི་ཡུལ་གྲུ་ལ་བཤད་པས་ན་པ་སྣམ་རྫོང་གི་སུམ་ཆའི་གཅིག་ཙམ་གྱི་བྱང་ཕྱོགས་ཀྱི་གནས་ཆུང་ངུ་ཙམ་དང་། བསམ་འགྲུབ་རྩེའི་ཤར་རྒྱུད། ཁང་དམར་རྫོང་ཡང་གནས་རྙིང་གི་གྱེད་མདོ་སོགས་འདུས་པའི་ནུབ་བྱང་ཕྱོགས་ཀྱི་རྒྱུད་ཆུང་ངུ་ཙམ་ལས་རྫོང་ཡོངས་མྱང་ཡུལ་དུ་མི་གཏོགས་པ་འདྲ། ཡུལ་དེའི་ཕུ་འབྲོག་མདའ་ཞིང་དུ་ཆགས་པས། ཞིང་དུ་གྲོ་དང་ནས། སྐེ་ཚེ་སོགས་འདེབས་ཤིང་། ཕྱུགས་སུ་བ་ལང་དང་ར་མ། འབྲོག་ལུག་སོགས་འཚོ་བར་བྱེད། ཟས་སུ་ཤ་མར་རྩམ་གསུམ་དང་འོ་ཇ། ཆང་སོགས་བྱེད་ལ། ཡུལ་འདི་ལ་ཟླ་བཞི་བའི་ནང་དུ་མདའ་མང་ཞེས་བྱ་བའི་དུས་ཆེན་གལ་ཆེན་ཞིག་ཡོད་པ་ལ་རྒན་གཞོན་རིས་སུ་མ་ཆད་པར་འགྲོ་བར་དགའ་ཞིང་། དེའི་སྐབས་སུ་སྐྱེས་མ་རྣམས་ཀྱིས་ལན་རྩེ་དང་། ཨ་སྒོར་སྤྱི་མཚུངས་སུ་མུ་ཏིག་སྤ་ཕྲུག་སྟེང་རྩེ་གཡུ་བྱུར་མུ་ཏིག་གི་ཕྲེང་བ་ཞེས་མུ་ཏིག་གི་དྲ་བ་ཅན་དང་། ཡང་ན་ཚོས་ཚོགས་བསྒྲིགས་པའི་ཅ་ལ་ལྟ་བུ་ཞིག་དཀྲི་སྲོལ་འདུག་ཅིང་། རྣ་བར་གཡུ་དང་གསེར་སོགས་འདོགས་ལ། སྐེ་རྒྱན་གའུ་ཕྲ་ལྡན་ལ་གཟི་བྱུར་མུ་ཏིག་གི་བཀག་བཅད་ནང་འཁྱིག་དང་བཅས་པ། བྲང་སྟེང་གཡས་སུ་མུ་ཏིག་དང་། ཛུལ། གཟི་ཕྲུག་སོགས་ཀྱི་འཕྲུལ་འཕྲུལ། ལུས་སྟོད་དུ་དར་གོས་སམ་སྣམ་བུ་ཚོས་ཚོགས་ཅན་གྱི་སྟོད་གོས་ཕུ་ཐུང་ཡོད་མེད་གང་རུང་གྱོན་ཞིང་། ལུས་སྨད་དུ་སུལ་མ་མང་བའི་སྣམ་ཐེར་ནག་པོ་འཛབ་རིང་ཅན་ལ་པང་གདན་ཁྲ་ཁྲ་གྱོན་པ་དང་། དགའ་སྟོན་སོགས་སུ་སྐེ་རགས་འདྲ་བ་འཛར་ལྡན་ཅན་ཞིག་རྒྱབ་ཏུ་གྱོན་པར་བྱེད། ལྷམ་ལ་སྣམ་བུ་དམར་ལྗང་གིས་བཟོས་པའི་བོལ་ཅན་རྩེ་མོ་སྙུང་སྙུང་ཅན་གྱོན་ཞིང་། ཡུ་བ་རིང་ཚེ་ཉྭ་རྩར་ལྷམ་སྒྲོགས་ཁྲ་ཁྲ་སོགས་བཅིངས་བ་རྩིས་ཆེ་བར་བྱེད། སྐྱེས་པ་རྣམས་ཀྱིས་དབུ་ལ་ཚེ་རིང་སྐྱིན་ཁེབས་ཞེས་གཞི་ཕྱིང་པ་ལ་ཞྭ་འདབས་སུ་རྒྱ་སེའམ་སྐྱིན་ཁེབས་དང་། པན་ཀྱོག་གིས་བརྒྱན་པ། རྣ་ཆེ་ཆུང་བཞི་ཡོད་པ་ལ་འཇམ་ཞིང་དྲོ་བའི་ཝ་སྤུ་སོགས་བཏང་བའི་ཞྭ་དང་། སྟོད་དུ་གོས་དང་ཡང་ན་སྣམ་བུས་བཟོས་པ་ནང་ངོས་སྔོན་པོ་ཅན་སོགས་གྱོན་ལ། སྨད་དུ་སྣམ་ཐེར་ནག་པོ་འཛབ་ཐུང་ངུ་ཅན་དང་། ལྷམ་ལ་སྤུ་མའི་ཤོལ་ཙེ་དང། ཀོ་བའི་ཤོལ་ཙེ། འཇུར་རྟ། ཟོམ་པ་སོགས་གྱོན་པར་བྱེད་པས་ན་མྱང་ཡུལ་གྱི་ཚོང་འདུས་དག་ཏུ་ཞྭ་མོ་དང་རྔ་མ། སྣམ་བུ། སླེའུ། གྲུམ་ཟེ། འཕྱིང་པ། སྐེད་རག ཐེར་མ། ལྷམ་ཟོན་སོགས་གཙོ་བོར་བྱེད་པ་ཡང་གནད་འདི་ལ་ཐུག  ཡུལ་འདི་ཚ་རྒྱུད་ཐན་སྐམ་ཕྱེད་མའི་གནམ་གཤིས་སུ་གཏོགས་པས་ཆར་ཆུ་དུས་སུ་མི་འབབ་པར་ཉིན་དཀར་ཚ་བ་རྒོད་པས་རྩྭ་སོགས་མི་སྐྱེ་བར་དབྱར་དུས་སུ་ཡང་རི་རྒྱུད་ཕལ་ཆེར་སྐྱ་ཧྲིལ་ལེར་འདུག་ནའང་དེ་དག་གི་ཁོང་གསེང་དུ་རིན་པོ་ཆེ་གསེར་དང་གཡང་ཊི། དངུལ། མུ་ཟི་ལ་སོགས་པས་གཏམས་པར་བཤད་པ་དང་། ལུང་གཞུང་དག་ཏུ་ས་གཤིས་དེ་དང་མཐུན་པའི་གླ་ཚལ་དང་སྦྱར་ལྕང། གྲ་མ། སྐྱེ་ཚེར་སོགས་སྐྱེས་ཡོད་དོ། །གཞན་ཡང་ཡུལ་འདིར་འབྲོང་དང་གནའ་བ། ཝ། སྤྱང་ཀི འཕར་བ། གསའ། གླ་བ་ལ་སོགས་པའི་རི་དྭགས་མང་བར་བཤད། ཡུལ་འདིར་འབབ་པའི་གཙང་པོ་ལ་མྱང་ཆུ་ཞེས་བྱ་ཞིང་། དེ་ནི་ཕུ་གནོད་སྦྱིན་གང་བཟང་ལས་འབབ་པའི་ལུང་དམར་གཙང་པོ་དང་ཁང་དམར་གྱི་ཉང་རོ་གཙང་པོ་གཉིས་ཀྱིས་གྲུབ་པ་ཡིན་ཞིང་། རྒྱལ་རྩེ་དང་པ་སྣམ་རྩེ་ལ་སོགས་པ་བརྒྱུད་ནུབ་ནས་ནུབ་ཏུ་བབས་ཏེ་མཐར་གཞིས་ཀ་རྩེ་ནས་ཡར་ཀླུང་གཙང་པོར་འབབ་པ་ཡིན། དེ་ལྟར་མྱང་ཆུ་བརྒྱུད་ནས་རྒྱལ་རྩེ་ལ་ཐོན་དུས་ཕྱི་དྲོ་ཟིན་འདུག་པས། ཤེལ་དཀར་རྒྱལ་རྩེ་ཕོ་བྲང་ནི་སྲོད་ཁའི་མཚམས་སྤྲིན་དམར་པོའི་མཐོངས་སུ་ལྷམ་མེར་ལྷུན་ནེར་བཞེངས་འདུག་པས་ཏབ་ཅིག་ལ་ཡིད་སེམས་སྤོབས་པས་ཁྱོགས་པར་བྱེད། སྤྱིར་མྱང་གཞུང་ནི་དཀྱུས་ཐུང་བའི་བདེ་ཐང་གིས་གྲུབ་པའི་ལུང་གཞུང་རིང་མོ་ཞིག་ཡིན་པ་ལ། རྒྱལ་རྩེ་ཕོ་བྲང་ནི་བདེ་ཐང་དེ་ལས་རྩེ་མོ་གཟེངས་སུ་ཐོན་པའི་བྲག་རི་མཇིང་ཞིང་བརྟན་པ་ཞིག་གི་སྤོར་ཆགས་འདུག་པས། ཕྱོགས་གང་ནས་བལྟས་ཀྱང་མིག་ལ་ལྷུང་བ་ཞིག་འདུག་ཅིང་། ཕར་བལྟས་ཙམ་གྱིས་མྱང་ཡུལ་གྱི་ཕྱོགས་བཞི་མཚམས་བརྒྱད་ལ་སོ་ལྟ་བྱེད་བཞིན་པའི་བཟོ་ཙམ་ཡང་འདུག་ལ། ཏག་ཏག་དེ་ནི་མྱང་ཡུལ་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ལྟ་བུར་གྱུར་ཡོད་པ་སྟེ། བོད་ཀྱི་རྒྱལ་པོའི་གདུང་རྒྱུད་འཁྲུལ་བྲལ་མངའ་བདག་དཔལ་འཁོར་བཙན་གྱིས་སྲིད་ཀྱི་གནས་འཆའ་བ་ལ། ཐོག་མར་ཤེལ་དཀར་གྱི་རི་ལ་ཕོ་བྲང་བཏབ་སྟེ། གཙང་ཕྱོགས་ཀྱི་སྲིད་ལ་ཁ་ལོ་བསྒྱུར་བར་མ་ཟད། དུས་རབས་བཅུ་བཞི་པར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཀྱང་རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་དུ་བཞེངས་ཏེ་མྱང་གཞུང་གི་ས་ཆ་ཀུན་དབང་དུ་བསྡུ་བའི་འཆར་བཀོད་འཐེན་པ་དང་། དུས་རབས་བཅོ་བརྒྱད་པར་ཕོ་ལྷ་བ་སོགས་ཀྱིས་མངའ་རིས་རྒྱལ་པོ་ཁང་ཆེན་པ་ང་ལུམ་སྦྱར་གསུམ་སོགས་དབུས་པའི་བཀའ་བློན་རྣམས་ཀྱིས་བཀྲོངས་པ་ལ་དགྲ་ཤ་ལེན་ཆེད་དུ་མངའ་རིས་སྐོར་གསུམ་གྱི་དཔུང་ཚོགས་རྒྱལ་རྩེ་རུ་བསྡུས་ཏེ་དབུས་དང་མཚན་འགེབས་ཀྱི་འཐབ་འཛིང་བྱས་པ་སོགས་སྲིད་ཀྱི་ལྟེ་བར་འཁུམས་པ་མ་ཟད། རྒྱང་རོ་ས་མ་དང་གནས་སྙིང་གི་ཚོང་འདུས་ཕྱིས་གནས་འདི་ལ་སྤར་གཤིས་དཔལ་དང་འབྱོར་བ་ཡང་གཞན་བས་སྟོབས། རྒྱལ་རྩེ་རྫོང་གི་རི་ལག་བྱང་དུ་ཕྱོགས་པ་པདྨ་འདབ་སྟོང་ཁ་ཕྱེ་ལྟ་བུའི་ཁུགས་སོར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་བྱ་བ་ཆགས་ཤིང་། དེ་ཉིད་སྤྱི་ལོ༡༤༡༨ལོར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོད་ཡོན་གཉིས་ཀྱིས་བཏབ་སྟེ། བདག་པོ་རབ་བརྟན་པས་ཀུན་མཁྱེན་རོང་སྟོན་ཆེན་པོ་དང་། རྩོད་པའི་དཔང་པོར་འོས་པའི་མཁས་པ་མང་པོ་འབད་པས་སྤྱན་དྲངས་ཀྱང་རོང་སྟོན་སེང་གེས་འབྱོན་མ་ནུས་པར་མཁས་གྲུབ་རྗེས་རིང་ན་གནས་ཚེ་ཁོ་བོ་དང་། །ལྷན་ཅིག་བརྒལ་ལན་བྱའོ་ཞེས། །གྱ་གྱུའི་ཡིད་ལྡན་དྲང་སྲོང་གི །སྨོད་པའི་ཚིག་བཞིན་ཡང་ཡང་བསྒྲགས། །དེ་ནས་ནམ་ཞིག་འདིར་ཕྱིན་ཚེ། །ཞུམ་པ་བཞིན་དང་སྐྲག་པ་བཞིན། །གནོང་བ་བཞིན་དང་འགྱོད་པ་བཞིན། །སྐྱབས་མེད་བཞིན་དུ་སྐྱབས་འཚོལ་བྱེད། །ཅེས་འཇིགས་པ་མེད་པའི་སེང་གེའི་སྒྲ་བསྒྲགས་སོ། །དེར་སྤྱི་ལོ༡༤༣༦ལོར་རྒྱལ་རྩེའི་ཡོང་སྒོའི་སུམ་ཆའི་གཅིག་བཏང་སྟེ། སྣར་ཐང་བཀའ་འགྱུར་ལ་དཔེ་བྱས་ནས་བཀའ་འགྱུར་གསེར་བྲིས་བཞེངས་བའི་མགོ་བཙུགས་ནས་ལོ་རེར་པོད་བཅོ་བརྒྱད་རེ་བཞེངས་ཏེ་སྤྱི་ལོ༡༤༤༡ཙམ་ལ་ལེགས་པར་གྲུབ་ཅིང་དེ་ལ་ཀུན་གྱིས་རྒྱལ་རྩེ་ཐེམ་སྤོང་མ་ཟེར་ཞིང་དེའི་སྔོན་ལ་བཞེངས་པའི་བཀའ་འགྱུར་སྐྱ་བྲིས་མ་དང་དེ་གཉིས་ཀྱི་བུ་དཔེ་ཡོངས་ལ་ཡང་མིང་དེ་སྐད་དུ་བྱུང་ངོ་། །དེའི་དཀར་ཆག་མཛད་པ་པོ་ནི་ལོ་ཆེན་ཐུགས་རྗེ་དཔལ་དང་དགེ་སློང་བཀྲ་ཤིས་རྒྱ་མཚོ་བྱ་བ་གཉིས་ཡིན་ཞེས་དེང་གི་མཁས་པ་དག་སྨྲ། དེའི་དཀར་ཆག་གམ་ཆོས་ཀྱི་རྣམ་གྲངས་འགོད་ལུགས་ནི་བུ་སྟོན་རིན་ཆེན་གྲུབ་ལ་སོགས་པ་སྔོན་བྱོན་མཁས་པ་དག་ལྟར་བཀའི་འཁོར་ལོ་རིམ་པ་གསུམ་གྱི་གོ་རིམ་མམ་ཆོས་ལ་འཇུག་པའི་རིམ་པ་དམན་ནས་མཆོག་གི་གོ་རིམ་ལྟར་མ་ཡིན་པར། དེ་ལས་ལྡོག་སྟེ་བཀའི་མཆོག་དང་དམན་པའི་གོ་རིམ་ལྟར་ཐོག་མར་འཁོར་ལོ་གསུམ་པའི་ཐེག་ཆེན་མདོ་སྡེ་དང་སྔགས་རྒྱུད་སྡེ་ནས་བཟུང་བཀའ་དང་པོ་ཆོས་འདུལ་བ་ལུང་སྡེ་བཞི་ཡི་བར་མཐར་ཆགས་སུ་བཀོད་ཡོད་པས་ན། བོ་དོང་པས་གསེར་གྱི་བཀའ་འགྱུར་གླེགས་ཤིང་རབ་བཀྲ་བ། །སྣ་ཚོགས་དབང་བོའི་གཞུ་འདྲའི་ན་བཟས་མཛེས། །རྒྱུན་ཆད་མེད་པར་བཞེངས་བའི་མཐུན་རྐྱེན་མཛད། །འདི་ནི་ཕུན་ཚོགས་རྣམས་ཀྱི་བཅུ་གཅིག་པ། །ཞེས་བསྔགས་བརྗོད་མཛད་ཡོད་ལ། དགོན་དེར་ས་དགེ་ཀར་འབྲུག་བུ་ལུགས་སོགས་བསྡོམས་པས་གྲྭ་ཚང་བཅོ་བརྒྱད་ཡོད། དེའི་ཉེ་ལོགས་སུ་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ནི་བཀྲ་ཤིས་སྒོ་མང་གི་ལུགས་སུ་བཞེངས་ཡོད་ཅིང་། དེ་ལ་བང་རིམ་ལྔ་ཡོད་པ་ལ་ལྷ་ཁང་དགུ་བཅུ་གོ་དྲུག་ཡོད་ཟེར། དེའི་བང་རིམ་དག་ཏུ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་བཀོད་པ་ཕུལ་ཏུ་ཕྱིན་པའི་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་མོ་བརྒྱད་རིས་སུ་མ་ཆད་པའི་ལྡེབ་རིས་དང་ལྷ་སྐུ་ཡི་ཚོགས་ཀྱིས་བྱུར་བུར་གཏམས་ཤིང་། དེ་དག་ལ་མྱང་སྟོད་གནས་རྙིང་དང་། མྱང་སྨད་ཞྭ་ལུ། གཙང་ལ་སྟོད་དང་ས་སྐྱ་ལ་སོགས་པའི་རི་མོའི་ཁྱད་ཆོས་འཛོམས་པར་མ་ཟད། བང་རིམ་དང་པོའི་ནང་གི་རྣམ་ཐོས་སྲས་དང་གཉིས་པའི་ནང་གི་སྒྲོལ་མ་བཅས་ལ་རྒྱ་ནག་ལུགས་ཀྱི་ཤན་ཞུགས་ཡོད་པ་སོགས་ལྡེབས་རིས་ཀུན་གྱི་ཡང་རྩེར་བསྔགས་མཁན་ཡང་ཡོད། གནས་འདི་དང་ཐག་མི་རིང་སར་ཞབས་པད་རྡོ་རིང་སོགས་སྐུ་དྲག་མང་པོའི་ཕ་གཞིས་དང་མན་ལུང་གུ་རུ། མཁས་གྲུབ་དགེ་ལེགས་དཔལ་བཟང་། མཆིམས་ནམ་མཁའ་གྲགས། མངའ་བདག་ཉང་སོགས་ཀྱི་འཁྲུངས་གནས་ཡོད་པར་བཤད་མོད། བྲེལ་བ་ཆེ་བས་མཇལ་ཁོམ་མ་བྱུང་། འདི་ནས་ནུབ་ཏུ་ཚ་ལམ་ཙམ་ཕྱིན་ན་ཤམ་བུ་རྩེ་དགུ་བྱ་བའི་བྲག་ཐོ་ཆུང་ངུ་ཞིག་ཡོད་པའི་སྤོར་མཁར་ཞིག་བཞེངས་ཡོད་པ་ནི་ལོ་ངམ་གྱི་ཕོ་བྲང(p.t.1060ལས། མཁར་མྱང་རོ་འི་ཤམ་པོ་དགུ་ཚིགས་ལང་ལིང་གི་ནང་ནའ་རྒྱལ་པོ་ལོ་ངམ་རྗེ།)ཡིན་པར་བཤད་མོད། ཁ་ཚོན་གཅོད་དཀའ་བར་འདུག འདི་ཕྱོགས་ནི་རྒྱལ་བོ་གྲི་གུམ་བཙན་པོའི་མངའ་རིས་ཡིན(མྱང་ཆོས་འབྱུང་དུ་རྗེ་གྲི་གུམ་བཙན་པོས་གནང་བའི་ཕོ་བྲང་རྩེ་ཆེན་ལྔ་ཞེས་བྱུང་།)པར་ཡང་ཟེར། རི་དེའི་རྐེད་ལ་རྩེ་ཆེན་ཆོས་སྡེ་བྱ་བ་ཆགས་ཡོད་ལ། དེ་ནི་རྗེ་ཙོང་ཁ་པ་དང་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ཀྱི་ཡོངས་འཛིན་དམ་པ་ཉང་དབོན་ཀུན་དགའ་དཔལ་གྱིས་སྤྱི་ལོ༡༣༤༡ལོར་བཏབ་པ་ཡིན་ལ། འདི་དང་པ་སྣམ་རྩེ་གཉིས་དུས་གཅིག་ལ་བཏབ་པར་ཡང་བཤད་ཅིང་། གནས་འདི་མྱང་སྟོད་བར་གཉིས་ཀྱི་ས་མཚམས་ལྟ་བུ་ཡིན་ནོ། །
        གནས་འདིའི་འཁྲིས་ཤིག་ཏུ་ཉང་རོ་ཐལ་བ་ཚལ་ཞེས་པའི་ས་ཆ་ཞིག་ཡོད་པར་བཤད་པ་དེར་རྒྱལ་བོ་གྲི་གུམ་བཙན་པོས་དྲེགས་མ་ཐུབ་སྟེ་ལོ་ངམ་ལ་གཡུལ་བྲེས་པས་བཀྲོངས། ཕྱིས་དགེ་བཤེས་སྟོད་ལུང་པའི་ཐུགས་སྲས་ཁྱུང་ཁམ་ཉང་རོ་ཐ་བ་ཚལ་སྐད་པར་བཞུགས་ནས། བདེན་གཉིས་མང་དུ་གསུང་བ་ལགས།
        རྩེ་ཆེན་ནས་ནུབ་ཏུ་ཚ་ལམ་ཙམ་ཕྱིན་ན་ལམ་གྱི་བྱང་རོལ་དུ་གཙུག་ལག་ཁང་ཆུང་ངུ་ཞིག་ཡོད་པ་ནི་མྱང་སྟོད་རྒྱལ་པོས་བཏབ་པའི་འབྲུག་དགོན་པ་བྱ་བ་དེ་ཡིན་ཞིང་། དེ་དང་ཁད་མི་རིང་བར་དགའ་ལྡན་ཁྲི་ཐོག་སོ་གཉིས་པ་ལྕང་ལོ་ཅན་པ་ཚུལ་ཁྲིམས་ཆོས་འཕེལ་ཀྱི་འཁྲུངས་ཡུལ་ཡོད་ཅེས་ཡུལ་འདིའི་རྒད་པོ་ཞིག་གི་ཁ་ནས་ཐོས་ཤིང་བདེན་པར་འདུག དེའི་ཚུ་རོལ་དུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དངོས་སློབ་འབྲོང་རྩེ་ལྷ་སྲས་པ་རིན་ཆེན་རྒྱ་མཚོས་བཏབ་པའི་འབྲོང་རྩེ་དགོན་བྱ་བ་རུ་ལག་བྱང་དུ་རྒྱུགས་པ་ཞིག་གི་གདོང་ལ་ཆགས་འདུག་ཀྱང་དེང་སང་ཁྱིམ་བཙུན་གྱི་སྡེར་སོང་སྟེ། འཆད་ཉན་སོགས་ཉམ་ཆུང་ངུར་འདུག་ལ། དེའི་འདབས་སུ་གནའི་དགོན་ཤུལ་ནི་དམར་ཧར་རེ། གྱང་རལ་རྟ་རྣ་ཧྲུག་གེར་རིའི་གདོང་ལ་འདུག་པར་སེམས་ན། དེང་དུས་ཀྱི་གཙུག་ལག་ཁང་དང་བཅས་པ་འདི་ནི་གསར་དུ་བཞེངས་བར་འདོད་དོ། །རྩེ་ཆེན་གྱི་ནུབ་བྱང་མཚམས་སུ་སྟག་རྩེ་ཤང་ཡོད་ཅིང་། དེའི་ཕུ་མཁར་ཁ་དང་ཉེ་བ་ན་བསམ་ཡས་ཐོག་མར་ཆགས་གྲབས་ཀྱི་དེང་སང་རྒྱལ་པོ་ཆེན་པོ་སྐུ་མཁར་ཆགས་གཅིག་པུར་གནས་ཡོད་ཟེར་ལ། ད་དུང་གནས་དེའི་ཐག་མི་རིང་སར་སྤོས་ཁང་ཚོགས་པ་དང་འབའ་ར་བ་དང་སློབ་དཔོན་པདྨའི་སྒྲུབ་ཕུག་སོགས་ཡོད་པར་བཤད་མོད། དངོས་སུ་བཅར་མ་ཐུབ། འབྲོང་རྩེ་དགོན་ཆགས་སའི་རུ་ལག་དེ་དེད་ནས་ལྷོ་ནུབ་ཕྱོགས་སུ་སོང་ན་རིའི་ཤར་འདབས་སུ་འབྲུག་པ་བཀའ་བརྒྱུད་པའི་དགོན་པ་ཐེག་མཆོག་གླིང་བྱ་བ་སྔར་ཀུན་མཁྱེན་འཇིགས་མེད་གླིང་པ་ཕེབས་པའི་གནས་ཡོད། དེ་ནས་ད་དུང་ལྷོ་ནུབ་ཏུ་ཕྱིན་ཏེ་རི་རྒྱུད་ཅིག་བརྒལ་ན་ལུང་པ་ཆུང་ངུ་ཞིག་ཡོད་པའི་ཕུར་མདངས་ཅན་དགོན་ཡོད་ལ། དེ་ཡང་སྔར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་མཁས་གྲུབ་རྗེ་གཉིས་མཆོད་ཡོན་ཡིན་པ་ལ། ཕྱིས་ཅུང་ཟད་མ་མཐུན་པར་མཁས་གྲུབ་རྗེ་གནས་འདིར་ཕེབས་པ་རེད། གནས་འདིར་མཁས་གྲུབ་རྗེས་བསྟན་བཅོས་མང་པོ་མཛད་དེ་མཚན་གྱི་གྲགས་པ་ཆེས་ཆེར་རྒྱས་ཀྱང་། དེང་སང་གྲྭ་བ་རེ་གཉིས་ལས་མི་འདུག ང་ནི་གཅིག་པུར་གནས་འདིར་སླེབས་པ་ལ་གྲྭ་བ་ཞིག་གིས་གང་ནས་འོང་ངམ་དྲིས་པར་ཨ་མདོ་ནས་འོང་བྱས་པས། འོ་ནག་ཆུ་ནས་སླེབས་པ་ཡིན་ནམ་ཞེས་ཁོང་གིས་ཨ་མདོ་བྱ་བ་གང་ལ་ངོས་འཛིན་དགོས་པ་ཤེས་ཀྱིན་མི་འདུག དེ་ནས་མཚོ་སྔོན་ནས་འོང་བྱས་པས། ཧ་ཅང་ཡ་མཚན་པའི་ངང་དོ་དགོང་འདི་ནས་ཞག་ཏུ་སྡོད་ཤོག་ཅེས་ཐག་རིང་གི་མགྲོན་ལ་རྩིས་ཆེ་བར་འདུག་མོད། དེ་དུས་ཉིན་གུང་ལས་བརྒལ་མེད་པས་གནས་དེར་མ་བསྡད་པར་མར་ཕྱིན་པ་ཡིན། དགོན་དེའི་ཞོལ་དུ་གྲོང་ཚོ་ཐར་ཐོར་ཙམ་ལས་མི་འདུག་མོད། དེར་ཅོག་རོ་ཀླུའི་རྒྱལ་མཚན་དང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་སོགས་ཀྱི་གདུང་རྒྱུད་ཡོད་པར་བཤད་ལ། ཕོ་ལྷའི་གཞིས་ཀ་ནི་གྲོང་ཚོ་དེའི་བྱང་མཐར་འདུག་གོ །གནས་དེར་རླངས་འཁོར་སོགས་ཤིན་ཏུ་ཉུང་བས། ཕྱི་དྲོའི་བར་དུ་ཟ་ཁང་ཆུང་ཆུང་ཞིག་ཏུ་པ་སྣམ་ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་སྒུག་ཅིང་བསྡད། སྤྱི་སྤྱོད་རླངས་འཁོར་ཐོན་པ་དང་ནང་དུ་བསྡད་ནས་མདོ་ཆུང་གྲོང་ཚོ་བརྒལ་ནས་པ་སྣམ་དུ་ཆས། མདོ་ཆུང་བྱ་བ་ནི་ཚོང་འདུས་འདུས་བྱུང་བྱ་བ་ཡིན་པར་འདུག་སྟེ། དབུས་གཙང་དག་འདི་གཉིས་སྒྲ་གདངས་གཅིག་ཏུ་ཀློག་པས་ཕན་ཚུན་བརྗེས་ཏེ་བྲིས་པ་གང་སར་མཐོང་རྒྱུ་འདུག འདུས་བྱུང་གི་ཕུའི་རྒྱང་མཁར་ལུང་པ་ཟེར་བར་རྒྱལ་པོ་སྲོང་བཙན་སྒམ་པོས་བཞེངས་བའི་བ་འུག་ལྷ་ཁང་ཡོད་ཟེར། འདུས་བྱུང་ནས་པ་སྣམ་ནོར་བུ་ཁྱུང་རྩེར་ཐོན་དུས་ས་ཡང་རུབ་མ་རུབ་ཙམ་འདུག་པས། ཟ་ཁང་ཞིག་ཏུ་ཕྱིན་ཏེ་དགོང་ཟས་བཟའ་བར་བརྩམ་པ་ན། ངའི་མདུན་དུ་ཡོད་པའི་སྐྱེས་པ་དེས་གང་ནས་འོང་དང་གང་དུ་འགྲོ་བའི་སྐོར་སོགས་དྲིས་ཏེ། ཁ་བརྡའི་ཀློངས་ལ་འཐིམ་མཚམས་ཁོས་ནས་ཆང་རྒྱ་མ་དྲུག་ཙམ་ཅོག་ཙེར་བཞག་ནས་བུ་ལགས། བཞེས་དང་ཟེར་བ་ལ། ང་རང་དགའ་ཐག་ཆོད་དེ་གསུམ་སྒྲོན་མཉེས་བཏགས་ཞེས་ཁོའི་ཁ་ཟླར་དེད་དེ་འཐུང་། གཙང་གི་ནས་ཆང་འདི་ལ་བཟི་སྟོབས་མེད་པར་ད་ར་བཏུང་བ་དང་འདྲ་བར་མ་ཟད། ལུས་སྟོབས་ཀྱང་གསོ་ཟེར་བས། ཨ་མདོ་འོ་ཇ་ལ་དགའ་བ་བཞིན་ཏུ་འདི་གར་སྐྱེ་བོ་རྒན་གཞོན་རིས་སུ་མ་ཆད་པར་འདི་ལ་དགའ། དེ་ལྟར་བཏུང་བར་བཏུང་ཚོད་མ་ཟིན་པར་རྒྱ་མ་བཅུ་གྲངས་ཙམ་བཏུང་ནས་མགྲོན་ཁང་ཞིག་ཏུ་ལོག་པ་ཡིན་མོད། མྱང་ཡུལ་གྱི་མགྲོན་ཁང་དག་ལ་དྲོད་རླངས་མེད་པས་ལུས་པོ་འཁྱག་འདར་རྒྱག་པ་ཞིག་འོང་། པ་སྣམ་རྩེ་བྱ་བ་ནི་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོ་དང་སྣ་སྣམ་རྡོ་རྗེ་བདུད་འཇོམས་གཉིས་ལྷན་དུ་བཞུགས་ས་ཡིན་པས་ཕྱིས་གང་ཟག་གི་མིང་གནས་ལ་ཆགས་པས་དེ་སྐད་དུ་བརྗོད་ལ། དེ་ནི་གོང་དུ་རྩེ་ཆེན་དང་མཉམ་དུ་བརྩིགས་ཞེས་པ་ལྟར་སྤྱི་ལོ༡༣༤༡ལོར་ཏའི་སི་ཏུ་བྱང་རྒྱམ་གྱིས་རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་དུ་བརྩིགས་པར་བཤད་ལ། དེའི་ཉེ་འཁོར་དུ་མྱང་སྨད་གཅུང་པས་བཏབ་པའི་དྭགས་ཤངས་ཆུ་བོ་གཉིས་འདྲེས་ཀྱི་གནས་བསམ་ལྡིངས་དགོན་བྱ་བ་ཡོད། རྫོང་འདིའི་ལྷོར་རི་ཞིག་ཡོད་པ་དེར་ཕྱ་དཀར་རི་བོ་ཟེར་ཞིང་། དེ་ནི་མྱང་བར་དང་མྱང་སྨད་ཀྱི་མཚམས་སུ་བྱེད། འདི་ནས་མར་ཕྱིན་ན་མཚན་སྒྲོགས་དགོན་བྱ་བ་ཞིག་ཡོད་མོད། དེ་དང་ཀན་ལྷོ་ན་ཡོད་པའི་མཚན་སྒྲོགས་དགོན་གྱི་བར་འབྲེལ་བ་ཅི་ཞིག་ཡོད་མེད་མ་ཤེས། དེའི་ཤར་བྱང་དུ་རི་བོ་ཞིག་ཡོད་པ་ལ། གཙང་གི་ཇོ་མོ་ཟེར་ཞིང་། དེ་ལ་ལོ་རྒྱུས་ཡ་མཚན་པ་རེ་ཡུལ་དེའི་རྒད་པོ་འགའི་ངག་ན་ཡོད་མོད། མང་དོགས་ནས་མ་བྲིས་ཤིང་། རི་བོ་དེའི་ཐོངས་ཁུག་ན་དེའུ་འབུར་ཞིག་གི་སྤོར་མཁར་གོག་ཅིག་ཡོད་པས། དེ་ཅི་ཡིན་གནས་དེའི་མི་འགའ་ལ་དྲིས་པར་རྒྱུས་མེད་ཅེས་ལབ་སོང་། གཙང་གི་ཇོ་མོ་རིའི་ནུབ་ཕྱོགས་ཀྱི་ལུང་པ་ཁ་ཞེང་ཆེ་བ་ཞིག་གི་མཐིལ་ན་རི་རྟ་སྒ་དང་འདྲ་བ་ཞིག་ཡོད་ཅིང་། དེ་ཉིད་ཀྱི་གདོང་ལ་སྒ་གདོང་དགོན་བྱ་བ་ཆགས་ཡོད། དགོན་དེའི་འདབས་སུ་གྲོང་ཚོ་ཆུང་ངུ་ཞིག་ཆགས་ཡོད་པ་དེར་སྔོན་གྱི་ཆས་གོས་མ་ཉམས་པའི་འཁར་སྟབས་ལིང་ངེ་སྒྱིད་པ་གྱོ་ལེ་འགྲོ་བའི་རྒན་རྒོན་འགའ་ལས་ལོ་གཞོན་དག་ནི་མཐོང་དུ་མེད། དགོན་འདིར་དགེ་བཤེས་དོལ་པོ་བ་དང་རྒྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར། སྟེང་ལོ་ཙཱ་པ་ཚུལ་ཁྲིམས་འབྱུང་གནས། བཅོམ་ལྡན་རིག་པའི་རལ་གྲི མི་ཉག་གྲགས་པ་རིན་ཆེན། གཏུམ་སྟོན་བློ་གྲོས་གྲགས་སོགས་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་ལགས་ཤིང་། དེང་སང་མྱང་ཡུལ་ན་འཆད་ཉན་རྒྱ་ཆེ་བ་དགོན་འདི་ལས་མི་འདུག་སྙམ་ལ། གྲྭ་བ་རྣམས་ཀྱང་ཐུགས་གཙང་བ་ཞིག་འདུག དེའི་ལྷོ་ཕྱོགས་ཀྱི་ཐག་མི་རིང་བའི་སར་དཔལ་བྱང་ཆུབ་ཐར་པ་གླིང་བྱ་བ་ཡོད་ཅིང་། དེ་ནི་ཤིང་ཕོ་བྱི་བའི་ལོར་དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བཏབ་ཅིང་། དེར་ཁ་ཆེ་པཎ་ཆེན་དད་ཐར་ལོ་ཉི་མ་རྒྱལ་མཚན། ཀུན་མཁྱེན་བུ་སྟོན་སོགས་བྱོན་ནས་བསྟན་པ་རིན་པོ་ཆེ་ལ་སྒོ་དུ་མ་ནས་ཞབས་འདེགས་མཛད་དོ། །
        ཚོང་འདུས་མགུར་མོའི་གཙུག་ལག་ཁང་ནི་ལ་ལས་པ་སྣམ་ནས་སྤྱི་ལེ༥༠ལྷག་ཡོད་པའི་ཞྭ་ལུ་ཡི་ཉེ་འཁྲིས་སུ་ཡོད་པར་བཤད་པ་དང་ལ་ལས་སྙེ་མོ་ཡི་མར་རྐྱང་ཆུས་སུ་ཡོད་པར་བཤད་པ་སོགས་བཞེད་པ་མི་མཐུན་པ་གཉིས་ཙམ་འདུག་མོད། མྱང་ཆོས་འབྱུང་དུ་པ་སྣམ་གྱི་ཁོངས་སུ་བྱས་འདུག་པར་མ་ཟད། དགོན་དེ་ངོ་སྤྲོད་མ་བྱས་པའི་གོང་དུ་སྒ་གདོང་དགོན་དང་ཐར་བ་གླིང་སོགས་ངོ་སྤྲོད་བྱས་ཡོད་པ་དང་། དེ་ནས་ཚོང་འདུས་ཏེ་ངོ་སྤྲོད་བྱས་མཚམས་ཞྭ་ལུ་དགོན་པ་ངོ་སྤྲོད་བྱས་ཡོད་པ་དང་གཅིག གཉིས་ནས་དགོན་འདི་འདེབས་མཁན་ནི་ལྕེའི་གདུང་རྒྱུད་དུ་འཁྲུངས་པའི་ལྕེ་ལྷ་བཟང་གྲགས་པ་ཡིན་པ་དང་། གསུམ་ནས་ལྕེའི་གདུང་རབས་སུ་ཉང་རོའི་མཐིལ་ཏེ་མྱང་སྨད་ཀྱི་ཁྱད་ཆོས་བརྗོད་པའི་སྐབས་སུ་ཚོང་འདུས་རིན་པོ་ཆེའི་གླིང་ཞེས་བྱུང་ཡོད་པ་ལ། ལྕེའི་གདུང་རབས་ཀྱི་མངའ་ཁོངས་ནི་རྒྱལ་པོས་ཕུ་ཧའུ་གངས་བཟང་ནས་མདའ་ཡུག་པ་ཡུ་བ་གདོང་པ་ཚིགས་ཡན་ཉང་རོ་ཆུ་སྦུབས་སུ་ལུང་པ་རྐྱེན་རིགས་སོགས་གནང་ཞེས་འབྱུང་བ་དང་མྱང་ཆོས་འབྱུང་དུ་མྱང་སྨད་ལྕེ་དང་དཔྱལ་གྱིས་འཛིན་ཞེས་པ་ལྟར་ཞྭ་ལུའི་ཉེ་འཁོར་གང་རུང་ཞིག་གམ་ཡང་ན་དེང་གི་པ་སྣམ་དང་བསམ་རྩེའི་ས་མཚམས་སུ་ཡོད་པར་སྙམ། དེར་རྗེ་མི་ཏྲ་ཛོ་ཀི་དང་ཁ་ཆེ་པཎ་ཆེན། པཎ་ཆེན་བུ་དྷ་ཤྲཱི་སོགས་རྒྱ་གར་གྱི་པཎ་གྲུབ་མང་པོ་བྱོན་མྱོང་བར་བཤད། གོང་དུ་བརྗོད་ཟིན་པ་ལྟར་པ་སྣམ་གྱི་ནུབ་ཕྱོགས་སུ་སྤྱི་ལེ༥༠ལྷག་སོང་ན་གཞིས་ཀ་རྩེའི་རྫོང་ཁོངས་སུ་སླེབས་སར། ཞྭ་ལུ་དགོན་བྱ་བ་ལུང་པ་ཁ་བྱང་དུ་བསྟན་པ་ཞིག་གི་ལུང་མཐིལ་དུ་ཆགས་འདུག དེ་ནི་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་བཏབ་ཅིང་གཙུག་ལག་ཁང་ནི་རྩི་སྔོན་པོ་ཅན་ལ་ཐོག་ལྗང་འོད་ཐིབ་པའི་གཡུ་ཕུབ་ཅན་རྒྱ་ལུགས་སུ་བཞེངས་བར་གྲགས་ཤིང་། སྐུ་རྟེན་གཙོ་བོ་ལ་ལྕེ་བཙུན་གྱིས་རྒྱ་གར་ནས་དྲངས་བའི་ཁ་སརྤ་ཎི་དང་བུ་སྟོན་གྱི་ཐུབ་དབང་གསེར་སྐུ། བྱམས་པ་དང་གསང་འདུས་གསེར་སྐུ་སོགས་ཡིན་པ་དང་། ལྡེབས་རིས་ལ་བལ་བྲིས་སངས་རྒྱས་སྟོང་དང་ཀརྨ་རང་བྱུང་རྡོ་རྗེས་བཀོད་པ་ལྟར་གྱི་ནང་བསྟན་སྐྱེས་རབས་བརྒྱ་པ་སོགས་གྲགས་ཆེ་བར་བཤད། གསུང་རྟེན་ལ་བཀའ་འགྱུར་དུ་སྣར་ཐང་བཀའ་བསྟན་བྲིས་མ་དང་སྣར་ཐང་པར་མའི་པར་ཕུད། ཞྭ་ལུ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་བཞེངས་བའི་བཀའ་བསྟན་གསེར་བྲིས་མ་སོགས་བཞུགས་ཡོད་དོ། །ཐུགས་རྟེན་ལ་བྱང་ཆུབ་མཆོད་རྟེན་གཙོས་ཤིན་ཏུ་མང་པོ་བཞུགས་པ་སོགས་གཞན་ལས་ཤེས་པར་བྱའོ། །ཞྭ་ལུའི་འཁྲིས་སུ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་བཏབ་པའི་རྒྱན་གོང་དང་དེ་དང་ཐག་མི་རིང་བའི་རི་ཕུག་ཅིག་ཏུ་བུ་སྟོན་རིན་པོ་ཆེའི་གདན་ས་ཞྭ་ལུ་རི་ཕུག་བྱ་བ་ཡོད་ལ། ཞྭ་ལུ་ཆགས་སའི་ལུང་པ་དེའི་ཕུ་ལ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱི་བཞུགས་ཡུལ་སོགས་ཡོད་པར་བཤད། ཞྭ་ལུ་ནས་ནུབ་ཏུ་ཕྱིན་ན་ཕག་གྲུ་དང་གཙང་པའི་དཔོན་པོ་རིམ་བྱོན་གྱིས་སྲིད་ཀྱི་ཡོ་ལང་རྒྱས་སའི་གནས་གཞིས་ཀ་བསམ་འགྲུབ་རྩེ་བྱ་བ་ཡོད་ཅིང་། དེ་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རྫོང་ཆེན་བཅུ་གསུམ་བརྩིགས་པའི་རྟིང་མ་ཡིན་ལ། དེའི་འཁྲིས་སུ་སྤྱི་ལོ༡༤༤༧ལོར་རྒྱལ་བ་དགེ་འདུན་གྲུབ་ཀྱིས་བཏབ་པའི་བཀྲ་ཤིས་ལྷུན་པོ་བྱ་བ་དེ་ཉིད་ཡོད་དོ།། གཞིས་ཀ་བསམ་འགྲུབ་རྩེའི་ཤར་ཕྱོགས་ན་མྱང་སྨད་ཀྱི་མདའ་ཡུ་བ་གདོང་བྱ་བ་ཡོད་ཅིང་། དེར་ལོ་ཆེན་བེེ་རོ་ཙ་ན་དང་བུ་སྟོན་རིན་པོ་ཆེའི་བླ་མ་རྒུ་རུ་པ། བསམ་སྡིངས་དགོན་འདེབས་པ་པོ་མྱང་སྨད་གཅུང་པ་སོགས་འཁྲུངས་བར་བཤད། གནས་འདི་ནས་མྱང་གི་གཙང་ཆབ་སྔོན་མོ་ཉིད་ཡར་ཀླུང་གཙང་པོ་དང་འདྲེས་པས་ན་མྱང་ཡུལ་གསེར་གཞུང་རིང་མོའི་ཡུལ་གྲུ་ཡང་འདི་ལ་ཐུག་པ་ནས་རྫོགས་ཤིང་། རེ་ཞིག་གཏམ་གྱི་མཇུག་ཀྱང་འདི་ནས་སྡུད་པར་ཞུ། འདིར་རིག་པས་མ་ཆུམས་པར་འགལ་འཁྲུལ་ནོངས་པའི་སྐྱོན་ཚོགས་ཇི་སྙེད་ཅིག་མཆིས་སྲིད་པས་ན། ཚད་མར་གཟུང་བར་བྱ་བ་ཉིད་ནི་མ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།