logo

༄༅། །ཧང་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་བཤད་པ། པདྨ་དངོས་གྲུབ།

རྩོམ་པ་པོ།:པདྨ་དངོས་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-21 ཀློག་གྲངས།:
༄༅། །«མདོ་སྨད་ཆོས་འབྱུང»ནས་བྱུང་བའི་ཧང་ངེ་ལས་འཕྲོས་ཏེ་ཡུལ་དེའི་སྣོད་བཅུད་རྒྱས་པར་བཤད་པ་རྒྱལ་ཁམས་ལྟ་བའི་མེ་ལོང་།
པདྨ་དངོས་གྲུབ།

ནང་དོན་གནད་བསྡུས། ཧང་ཆུའི་སྨད་རྒྱུད་དང་འབྲེལ་བའི་རྩོམ་ཡིག་རེ་འགའ་ཡོད་ན་ཡང་ཧང་ཆུའི་སྟོད་ཀྱི་ཆ་ལ་བྲིས་པའི་རྩོམ་ཡིག་ནི་མཐོང་དཀོན་པའི་ཚད་དུ་འདུག་པས་ན། དེའི་ཆད་པ་ཁ་སྐོང་གི་ཚུལ་ཏུ་འདི་གར་ལོ་རྒྱུས་ཡིག་ཚང་རིག་པ་དང་། ས་ཁམས་རིག་པ། མིའི་རིགས་རིག་པ་སོགས་ཀྱི་བྱེད་ཐབས་བཀོལ་ནས་ཚན་པ་གསུམ་དུ་བསྡུས་ཏེ། ཧང་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་ཅུང་རྒྱས་པར་གླེང་ཡོད།
གནད་ཚིག མཚོ་བདུན། རོག་ཐུ། ཆུ་འགག ཧང་ངེ་།

        ཐོག་མར་གང་བརྗོད་པར་བྱ་བའི་གནས་བྱེ་བྲག་ཏུ་བསྟན་ན། ཧང་ངེ་གསེར་གཞུང་རིང་མོ་ཞེས་བྱ་བ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་བྱང་རྒྱུད་ཀྱི་འཕྲེད་ཐིག35°21'~36°07'Nདང་གཞུང་ཐིག99°00'~100°10'Eཀྱི་མཚམས་ན་འབབ་པའི་ཧང་ཆུ་ལ་གོ་ཞིང་། གཤམ་དུ་བརྗོད་པར་འགྱུར་བ་དག་ཀྱང་གཙང་པོ་གང་འདིའི་ཐག་མི་རིང་བའི་ཡུལ་ལུང་རྣམས་སུ་རང་གིས་མཐོང་ཞིང་ཐོས་པ་རྣམས་ཕྱོགས་སུ་སྡེབས་པ་དག་ཡིན་ནོ།།
ཧང་ཆུ།
        མི་ལོ་དུང་ཕྱུར་གཉིས་ལྷག་གི་ཡས་མས་སུ་གླིང་ཆེན་འཕྱོ་གཡེང་གི་བྱེད་སྦྱོར་གྱིས་གླིང་དུམ་རྣམས་གདོང་ཐུག་ཅིང་། དེ་ཡི་ཉེར་ལེན་གྱིས་རི་ཡི་རྩེ་མོ་མངོན་དུ་དོད་ནས་ཡུན་དང་ཁད་ཀྱིས་ཡར་ཡར་འཕགས་ཏེ་དེང་གི་རི་རྒྱུད་རྣམས་གྲུབ་ཅེས་དེང་གི་ས་ཁམས་རིག་པ་བ་དག་སྨྲ་ཞིང་། དེ་ཡི་རིགས་པས་དཔྱད་ན་སྔོན་རི་རྒྱུད་འདི་དག་མ་གྲུབ་པའི་སྔོན་ནི་གླིང་དུམ་དང་གླིང་དུམ་བར་རྒྱ་མཚོས་ཆོད་པ་ལ། ས་འགུལ་དང་རླབས་ཀྱི་སྐྱོམ་ཤུགས་ཀྱིས་སོ་སོ་གདོང་ཐུག་རྒྱག་པའི་བྱེད་རྐྱེན་ཕུལ་ཏེ། གདོང་ཐུག་ས་གང་ནས་རི་རབ་ཀྱི་རྩེ་མོ་གཟེངས་སུ་ཐོན་པ་དང་བསྟུན་ནས། རྒྱ་མཚོ་ནི་དེ་དག་གི་བར་ལ་བཙན་གྱིས་བཙུར་བས་གཙང་པོ་སྣ་ཚོགས་ས་བབ་དང་བསྟུན་ནས་ཕྱོགས་དང་ཕྱོགས་སུ་བརྡོལ་པར་འདོད། དེ་བས་ན་འོ་ཅག་གིས་ཆུ་རྒྱུན་དེད་ན་གངས་ལ་ཐུག་ཅེས་པ་ཡང་ཇི་འདྲས་བསམ་རིན་ཡོད་པའི་སྐད་ཆ་ཞིག་རེད་ཨང་། དེ་ལྟ་ན་གཙང་པོ་འདི་ཡང་དེ་ལས་མ་འདས་པས། གང་ཉིད་བརྡོལ་སའི་གནས་ནི་ཁུ་ནུ་རི་རྒྱུད་དང་ཆིན་ལིང་རི་རྒྱུད་ཀྱི་བསྣོལ་མཚམས་སུ་ཆགས་པའི་ངང་ལ་རི་རྒྱུད་ཡིན་ཞིང་། འདི་བྲག་དཀར་སྤྲེལ་རྫོང་གི་ནུབ་ཕྱོགས་དང་རྩེ་མོ་རབ་དཀར་གྱི་བྱང་ཕྱོགས་སུ་གནས་པའི་མཚོ་བདུན་གོང་ཁ་བྱ་བ་ནས་ནུབ་ཏུ་རྒྱུག་སྟེ་ཏུའུ་ལན་གྱི་ལྷོ་རུ་ཆགས་པའི་རྟོལ་ལུང་གི་བར་རིའི་མུ་རྒྱུད་མ་ཟད་པར་ཡོད་ཅིང་། དེའི་རིང་ཚད་སྤྱི་ལེ150དང་འཕྲེད་ལ་སྤྱི་ལེ20-30ཡོད་པ། ཆུ་མགོ་བྱེ་བྲག་ཏུ་མ་བསྟན་ན་གནས་གར་ཡོད་མི་ཤེས་པས་བརྗོད་ན། སྤྱིར་གཙང་པོ་འདི་ལ་རོག་ཐུའི་ཆུ་དང་ཆུ་འགག་ཆུ། ཧང་ཆུ་བཅས་ཆུ་ལག་ཆེན་པོ་གསུམ་ཡོད་ཅིང་། དེ་དག་གི་རིང་ཚད་ལ་སོ་སོ་སྤྱི་ལེ35དང་། སྤྱི་ལེ32། སྤྱི་ལེ11བཅས་ཡོད་པ་དང་། རྒྱུན་གང་རིང་བ་དེ་ལས་ཆུ་མགོ་བཙལ་ན་འོས་ཤིང་འཚམས་པས་ཚན་པ་དང་པོ་ལས་སྤྲོ་བར་བྱའོ།།
གཅིག རོག་ཐུའི་ཆུ་རྒྱུད་ཀྱི་སྣོད་བཅུད།
        དེ་ཡང་རོག་ཐུའི་ཆུ་ཡི་ཆུ་མགོ་ནི་མཚོ་བདུན་གོང་ཁའི་སེར་འཁྱོག་གོང་མ་ཡིན་ཞིང་། མཚོ་བདུན་བྱ་བ་འདི་ལ་རྒྱའི་ཡིག་ཚང«སུའེ་ཡི་ས་ཁམས་དེབ་ཐེར་»དུ་མཚོ་བདུན(有七乌海)[1]ཞེས་དང་། «ཐང་ཡིག་རྙིང་མའི་ནུབ་རོང་གི་ལེའུ»རུ登汉哭山,饮马乌海[2]ཞེས་དང«ཐང་ཡིག་གསར་མ»རུ军次大非川,将趋乌海[3]ཞེས་དང་། ཡང«དེབ་ཐེར་ཀུན་གསལ་མེ་ལོང»དུ在汉哭山西ཞེས་ཧང་ང་རི་རྒྱུད་དམ་ཧཱན་ཁུའུ་ཧྲན(汉哭山རྒྱས་པར་འོག་ནས་འཆད།)བརྒལ་ནས་ནུབ་ཕྱོགས་སུ་སོང་ན་གནས་དེར་སླེབས་ཐུབ་པས་ན། མཚོ་བདུན་གོང་ཁ་དང་ཝུའུ་ཧེ་གཉིས་དོན་གྱིས་གཅིག་ཏུ་སྣང་བ་འདྲ། གཞན་ཡང་ཝུའུ་ཧེ་དང་སྟོང་རུ་མཚོ་ནག་གཉིས་གཅིག་ཏུ་བཞེད་མཁན[4]ཡང་ཡོད་པར་མ་ཟད། མཚོ་འཕགས་བཞི་སྟོང་གི་ཡན་ལ་བུད་པའི་ངང་ལ་རི་རྒྱུད་ཀྱི་སྣེ་རུ་ཆགས་པའི་མཚོ་བདུན་ནམ་མཚོ་ནག་གི་རྒྱུད་དུ་དབྱར་གཞུང་དུ་ཡང་གངས་མི་བཞུ[5]ཞེས་པས་དེ་ཉིད་དེང་གི་སྟོང་རུ་མཚོ་ནག་ཡིན་བཟོ་མི་འདུག དེ་ལྟ་ན་འདིའི་རྒྱུད་དུp.t.1288རུ་ད་རྒྱལ་མང་པོ་རྗེས། མཚོ་ནག་སྟོང་རུར། རྒྱ་སེའུ་དེན་པང་དྔ། ནོལ་ཐབས་བགྱྀསྟེ། ད་རྒྱལ་གྱང་གུམ་ཞིང་བརྒྱད་ཁྲྀ་སྟོང་ལ་རྡུགས་ཕར་ལོ་གཅིག་ཅེས་བོད་དམག་གིས་བརྩན་ས(乌海地险而瘴,吾入死地,可谓危道,然速则有功,迟则败)[6]བཟུང་སྟེ་ཐང་དམག་ཕམ་ཉེས་སུ་བཏང་བས། སེར་འཁྱོག་ཆུ་བོ་འབབ་སའི་གཡས་ལུང་དུ་ཤི་རེ་ཐང་ངམ་ཏིང་ནེལ་ཐུར་ཞེས་པ་དེ་དང་དེའི་ནུབ་ཀྱི་འཐབ་ར་ལུང་པ་སོགས་ལས་ཀྱང་གནས་འདིར་ཐང་བོད་བར་གཡུལ་གྱི་བྱ་བ་བརྩམས་པ་རིགས་འདེད་བྱེད་ཐུབ་པར་མ་ཟད། སྲོང་བཙན་འཁོར་དང་བཅས་པ་མཚོ་ནག་ལ་འབྱོར་ཞེས་པས་ཀྱང་གནས་མཆོག་གང་འདིར་བཙན་པོའི་ཞབས་ཀྱི་འཁོར་ལོ་བསྒྱུར་བ་རིག་པས་དཔྱོད་ནུས་མོད། མཚོ་ནག་གམ་ཝུའུ་ཧེ་བྱ་བ་འདི་གནས་གར་ཡོད་ཐད་ལ་མཁས་པ་རྣམས་བཞེད་ཚུལ་ཤིན་ཏུ་མང་བས་ཡིད་རྟོན་རུང་བ་མ་ཡིན་ནོ།།
དེའུ་དཀར།
        མཚོ་བདུན་གོང་ཁ་ནས་རིམ་གྱིས་མར་བབས་པ་ན། རྔ་མགོ་ཆུ་དང་ཧ་མོ་ཆུ་སོགས་ཀྱིས་གྲུབ་པའི་ཆུ་ལག་གཅིག་དང་། ཏིང་ནེལ་ཐེལ[7]ལམ་ཏིང་ནོར་ཆུ[8]སོགས་ཀྱིས་གྲུབ་པའི་ཆུ་ལག་གཅིག་བཅས་ཉག་ག་དམར་པོའི་མདོར་འདུས་ཏེ། ཆུ་མོ་ཡུན་གྱིས་རྒྱས་འགོ་ཚུགས་པ་རེད། གོང་དུ་སོང་མ་ཐག་པའི་ཏིང་ནོར་ཆུ་ཡི་འགྲམ་དུ་རི་སེར་མ་ཞེས་པའི་ལབ་ཙེ་ཞིག་ཡོད་པ་ནི། ཆུ་ཀྱཱ་བློ་བཟང་ཐུབ་བསྟན་ཉི་མ་མཆོག་གིས་དཀར་ཕྱོགས་སྐྱོང་བའི་སྲུང་མར་མངའ་གསོལ་བ་ནས་བསྟོད་སྲོལ་ཚུགས[9]ཏེ་ད་ལ་ཐུག་གི་བར་ཁྱ་ལྡང་སྡེ་བའི་སྐྱེ་པ་དག་གིས་ལོ་རེའི་དབྱར་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་བསྟད་ནས་སྲོལ་མ་ཉམས་པར་ཡོད་དོ། །གནས་དེ་ནས་མར་ཚ་ལམ་ཙམ་ཕྱིན་ན་ཟོ་རའི་དབྱིབས་སུ་བཤད་པའི་ཟོ་ར་ཞེས་པའི་རི་རྒྱུད་ཅིག་གིས་ངང་ལ་རི་རྒྱུད་འཕྲེད་ཀྱིས་བཅད་དེ་ཡོད་ཅིང་། དེ་ཡང་རབ་བྱུང་བཅུ་དྲུག་པའི་ས་བྱི་ལོར་བླ་མ་རྗ་མུ་ར་སྐུ་ཕྲེང་བཞི་པ་པདྨ་ནོར་བུར་གྲགས་པ་དེ་ཉིད། ས་ཕྱོགས་འདི་རུ་ཕེབས་ནས་གནས་འདི་ནི། ཟོ་ར་མིན་ལ་བསོད་ར་ཡིན། བསོད་ནམས་གཡང་གི་ར་བ[10]ཡིན་ཞེས་བཀྲ་ཤིས་པའི་མིང་གིས་བོས་པས། མིང་ལ་འབྲི་སྲོལ་རྣམ་པ་གཉིས་བྱུང་བ་འདི་ལ་ཐུག་གོ །རི་རྒྱུད་གང་དེའི་འདབས་རྒྱུད་ན་འབབ་བཞིན་པའི་ཆུ་ལ་ཡུལ་མིང་ཕྱིར་ཐོགས་ནས་ཟོ་རའི་ཆུ་ཞེས་བརྗོད་པ་འདི། དབྱར་ཆར་ཆུ་མོད་པའི་དུས་སུ་ཆུ་ཞེང་རྒྱས་ནས་རབ་མི་ཆོད་པའི་སྐབས་ཀྱང་ཡོད་ལ། དེ་ནི་རོག་ཐུའི་ཆུ་ཡི་ཡན་ལག་གལ་ཆེ་བ་ཞིག་ཡིན། ཆུ་བོ་འདིའི་འགྲམ་དུ་དེའུ་དཀར་ཞེས་ལུང་པ་ཁ་ཞེང་དོག་པ་ཞིག་ཡོད་པར་ཟངས་ཀྱི་གཏེར་ཁ་ཡོད་ཅིང་། དེ་ནི་དུས་རབས༢༠པའི་ལོ་རབས་༩༠པར་གསར་རྙེད་བྱུང་སྟེ། དེང་གི་དུས་སུ་ད་དུང་བརྐོ་བཞིན་པའི་སྒང་ཡིན་ལ། འདིར་ཟངས་ལས་གཞནPb.Ag.Bi.Mo.Thསོགས་ཀྱང་ཡོད་པར་བཤད། གཏེར་རྫས་ཞིབ་འཇུག་པ[11]དག་གིས་བརྗོད་ན། གནས་འདིའི་ཟངས་གཏེར་ཆགས་སའི་གནས་ནི་སུམ་བརྩེགས་དུས་རབས་བར་མའི་ས་རིམ་དུ་ཡོད་པར་བཤད་ལ། སུམ་བརྩེགས་དུས་རབས་ཞེས་པ་ནི་ཕེན་ཇེས་སྐམ་ས་ཆེན་པོ(盘古大陆)ཕྱོགས་ཕྱོགས་སུ་འཐོར་འགོ་ཚུགས་པའི་དུས་ཏེ་ལོ་ངོ་དུང་ཕྱུར༢.༥ནས་དུང་ཕྱུ༢ཀྱི་ཡར་སྔོན་ལ་བརྗོད་ཅིང་། འདིའི་སྐབས་སུ་གཏུམ་འབྲུག་གིས་འཇིག་རྟེན་གྱི་བཙན་ས་བཟུང་ཡོད་པར་མ་ཟད། འོ་འཐུང་སྲོག་ཆགས་ཀྱང་འདི་དུས་དར་འགོ་ཚུགས་པ་རེད། ༢༠༢༠ལོའི་དབྱར་ཁ་ཞིག་ལ་ངའི་ཕ་ལགས་དང་མཉམ་དུ་ངང་ལ་རི་རྒྱུད་དང་ཟོ་རའི་རི་རྒྱུད་ཀྱི་བྱང་རོལ་དུ་ཆགས་པའི་རྫ་གྲུ་བཞིའི་འདབས་སུ་རྟོག་དཔྱོད་དུ་ཆས་པའི་སྐབས་སུ་འབུ་འདབ་གསུམ་ལོ་མའི(三叶虫)འགྱུར་རྡོ་ཞིག་རྙེད་ཅིང་། དེ་ནི་སྐྱེ་དངོས་རིག་པ་བ་དག་གིས་བརྗོད་ན་ལོ་ངོ་དུང་ཕྱུར5.42-4.85གོང་གི་ཁཱན་བྷི་ར(寒武纪)དུས་སྐབས་སུ་བྱུང་བའི་ལྷུ་ལུས་སྲོག་ཆགས་ཀྱི་རིགས་སུ་གཏོགས་པར་བཤད་ཅིང་། སྲོག་ཆགས་དེ་རིགས་ལོ་ངོ་དུང་ཕྱུར2.99-2.5ཡི་དུས་སུ་བྱུང་བའི་ཉིས་བརྩེགས་དུས་རབས་ཀྱི་མཇུག་ཏུ་རྩ་ལྟུང་དུ་གྱུར། ད་དུང་སྐབས་འདིར་གྷོན་དྷ་ཝ་ནཱ་སྐམ་གླིང་ལྷོ་སྣེའི་ཉེ་འཁྲིས་སུ་གྲུབ་འགོ་ཚུགས་པར་ཡང་ཟེར། མདོར་ཧྲིལ་གྱིས་དྲིལ་ན་ངང་ལ་རི་རྒྱུད་ཀྱི་འདབས་རོལ་དུ་ཁཱན་བྷི་ར་དུས་རབས་དང་ཉིས་སུམ་བརྩེགས་དུས་རབས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་དང་གཏེར་རྡོ་སོགས་མོད་མོད་པོ་ཡོད་པ་ངང་གིས་ཤེས་ཡོང་ངོ་། །ཟོ་ར་ནས་བྱང་ཕྱོགས་ཀྱི་མཚམས་སུ་སོང་ན་རྡོ་རམས་པ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས[12]ཞེས་པ་ལྟར་རྫ་འཁྱོག་ལུང་པ་དང་སྐྱ་ཧབ་ལུང་པ་སོགས་བསྟར་ལ་བརྒྱུས་ཡོད་པ་ལ། སྐྱ་ཧབ་ལུང་པའི་ཕུ་ན་ཟོ་རའི་གཡུ་མཚོ་ཕྱུག་མོ་ཞེས་གཡུ་ཡི་མེ་ལོང་ས་འཕོས་པ་ལྟ་བུ་ཞིག་སྔོ་ལྟེམ་མེར་འཁྱིལ་ཡོད་པ་དེ་ཉིད། ལོ་རེའི་དབྱར་ཟླ་དྲུག་པའི་སྐབས་སུ་བསྟོད་སྲོལ་ཡོད་ཅིང་། དེ་བསྟོད་པ་ལ། གཏེར་ཁུག་ནི་མེད་དུ་མི་རུང་བའི་ནོར་བུ་ཉག་གཅིག་སྟེ། དེ་ཡང་དེའི་ཕྱི་ཐུམ་ལ་རས་དཀར་པོ་ཞིག་བྱ་ཞིང་དེའི་ནང་དུ་གཙོ་བོ་ནས་འབྲས་གཉིས་བསྲེས་པའི་སྟེང་ལ་དཀར་གསུམ། མངར་གསུམ་སོགས་ཀྱིས་བཀང་ལ། འབྱོར་བས་ནུས་ཚེ་གཡུ་བྱུར་དང་ཟངས་ལྕགས། གསེར་དངུལ། གུར་གུམ། ཙན་དན་དཀར་དམར་སོགས་རིན་པོ་ཆེ་ཅི་འཛོམས་ཀྱིས་བཀང་ཞིང་། དེའི་ཁ་བཏུམ་བྱེད་དུ་དར་ཚོན་སྣ་ལྔ་གཙོ་བོར་བྱེད་པ་ཞིག་རེད་འདུག དེ་ཉིད་བླ་མཚོར་མ་དྲངས་བའི་སྔོན་ལ་སྔགས་པ་རྣམས་ཀྱིས་གཏེར་ཁུག་དང་བསང་རྩིར་རབ་གནས་མཛད་ནས་ཐོག་མར་བསང་འཕུད་པར་བྱེད་ལ། དེ་ནས་གཏེར་འདྲེན་སའི་གནས་སུ་སོང་ནས་ང་ཚོའི་འདིར་ནི་སྒྲོལ་མ་དང་ཡེདྷརྨ། དབྱངས་འབོད་སོགས་ཀྱི་འདོན་པས་དབུ་བརྩམས་པ་ནས་གཏེར་ཁུག་མཚོ་དཀྱིལ་དུ་འཕེན་ལ། སུ་ཞིག་གི་གཏེར་ཁུག་མཚོས་མ་དྲངས་བ་ཡིན་ན་གཏེར་ཁུག་དེ་ཉིད་དྲི་མས་འགོང་བར་བཤད་ནས་ལོ་དེར་བདག་པོ་གང་དེའི་མི་ཟོག་ལ་གོད་ཆག་འོང་ངོ་སྐད་ཅེས་ཤིན་ཏུ་ལྟས་ངན་པ་ཞིག་ཏུ་བརྩི་བར་བྱེད། དེ་དང་འབྲེལ་བའི་ཆོ་ག་ཁ་ཤས་ངོ་སྤྲོད་ཞུས་ན། ཐོག་མར་བལ་གྱིས་བསླེས་པའི་སྐུད་པ་རིང་པོ་ཞིག་ལ་བལ་གྱི་ཁ་ཚར་བཏགས་པ་ལ་དམུ་ཐག་ཟེར་ཞིང་གནས་དམའ་ས་ནས་མཐོ་སར་འཐེན་པར་བྱེད་ལ། དེ་ཉིད་ཇི་ལྟར་རིང་བ་ཡིན་ན་ཁྱིམ་ཚང་གང་དེའི་ཁྱིམ་མི་རྣམས་ཀྱི་ཚེ་ཐག་རིང་ངོ་ཞེས་རྟེན་འབྲེལ་སྒྲིག་པར་གོམས་པ་ཞིག་རེད། ད་དུང་ནོར་ལུག་གི་འཕེལ་ཁ་རྒྱས་པ་ལ་ནས་དཀར་ནག་ཏུ་བརྔ་བར་ཤེད་རྩི་དཀར་ནག་ཏུ་བརྗོད་ལ་དཀར་པོས་ལུག་དང་ནག་པོས་ནོར་མཚོན་ཞིང་། དཀར་ནག་གང་གི་ཤས་ཆེ་ན་དེ་དང་འབྲེལ་བའི་ཕྱུགས་ཀྱི་འཕེལ་ཁ་རྒྱས་པར་བཤད་དེ་མཚོ་ཁར་མང་དུ་གཏོར་བར་བྱེད། ད་དུང་རྒྱ་མཚོའི་ནང་དུ་དཀར་ཐིག་དང་ལབ་ཙེའི་སྟེང་ལ་རྡོ་འཕེན་ཞེས་མཚོ་ལ་འོ་མ་གཏོར་ཞིང་། ཕྱིར་འོ་མའི་སྣོད་དུ་མཚོ་ཆུ་བཅུས་ནས་ཁྱིམ་དུ་ཁྱེར་ཏེ་ཁྱིམ་མི་རྣམས་ཀྱི་ཁ་ལ་སྒྲེ་རུ་འཇུག་པའི་སྲོལ་ཡང་མ་ཉམས་པར་བཞུགས་ལགས་སོ།།
འབུ་འདབ་གསུམ་ལོ་མའི(三叶虫)འགྱུར་རྡོ།
        སྐྱ་ཧབ་ལུང་པ་འཕྲེད་ཀྱིས་བཅད་ན་ཨ་མྱེས་ཙེ་རི་བྱ་བ་གཡག་སྙིང་གི་ཚུལ་གྱིས་ཀྲོང་ངེར་མིག་ལ་ལྷང་བ་ཞིག་ཡོད་པ་ནི། མདོ་སྨད་ཀྱི་རྩེ་དྲུག་དང་སྙིང་བདུན་ལས་སྙིང་བདུན་གྱི་གྲས་སུ་བཤད་ཅིང་། དེར་གནས་པའི་གཞི་བདག་གི་མཚན་ལ། ཙེ་རི་རྡོ་རྗེ་དགྲ་འདུལ་སྐུ་མདོག་སྨུག །ཅེས་པ་བཞིན་རྡོ་རྗེ་དགྲ་འདུལ་དུ་གསོལ་ཅིང་། ཆུ་ཀྱཱ་བློ་བཟང་ཐུབ་བསྟན་ཉི་མ་མཆོག་གིས་དཀར་ཕྱོགས་སྐྱོང་བའི་སྲུང་མར་མངའ་གསོལ་ནས་བཀའ་བསྒོས་དམ་བཞག་མཛད་པ་དང་།[13] ཕྱིས་དཔལ་ཡུལ་ཁྱབ་གདལ་དགོན་འདེབས་པ་པོ་རིག་འཛིན་སྐུ་གསུམ་རྡོ་རྗེ་མཆོག་གིས་གནས་འདིར་ཞབས་ཀྱི་པདྨོ་ཉེ་བར་བཀོད་ནས་ལབ་ཙེ་བཙུགས་པའི་སྐབས་གང་དེར་ཁོང་གིས་པདྨ་འབྱུང་གནས་བརྒྱུད་གསུམ་བླ་མ་དང་། །ཧེ་རུ་ཀ་དཔལ་དཔལ་ལྡན་བཀྲ་ཤིས་ཀྱིས། །བཀའ་དང་དམ་བཞག་ཙེ་རི་རྡོ་རྗེ་གྲགས། །གཞན་ལས་ཁྱད་འཕགས་མྱུར་མགྱོགས་སྟོབས་དང་ལྡན། །ཆེ་བཙན་འགྲན་བྲལ་དམག་དཔོན་ཆེན་པོར་བསྟོད། །ལྕགས་ཀྱུ་ཞགས་པས་ཁམས་གསུམ་དབང་དུ་སྡུད། །བསེ་མདུང་རྣོན་པོས་དགྲ་སྲོག་དམར་པོ་གཅོད། །སྟོང་གསུམ་སྐད་ཅིག་བསྐོར་བའི་རྫུ་འཕྲུལ་ཅན། །དགྲ་སྙིང་གསོལ་བའི་དཔའ་བོ་ཆེན་པོར་བསྟོད། །སྟོང་གསུམ་ཉུལ་བའི་རྟ་མཆོག་རླུང་གཤོག་སྟེང་། །ཁྲབ་རྨོག་འཁོར་གསུམ་དཔའ་ཆས་ཁྲོ་གཏུམ་རྔམ། །དམར་ནག་ཞལ་རྔམ་དགེ་འདུན་དབང་དུ་སྡུད། །མ་རུང་བདུད་སྡེའི་སྙིང་ཁྲག་ཀླད་པ་འགེམས། །མཐུ་སྟོབས་རྩལ་ལྡན་བསྟན་སྲུང་ཆེན་པོར་བསྟོད། །འོད་དམར་ཞགས་པས་གཞན་སྣང་དབང་དུ་སྡུད། །འགྲོ་རྣམས་སྙིང་བསྐུལ་སྦྱིན་བདག་ལེགས་པ་སྐྱོལ། །ཟས་ནོར་ཆར་འབེབས་འདོད་དགུའི་དངོས་གྲུབ་སྩོལ། །ནོར་བདག་ཆེན་པོ་ཙེ་རི་མཆོག་ལ་བསྟོད། །ཅེས་དགེ་བསྙེན་དྲག་པོའི་དམག་དཔོན་ཆེན་པོ་ཙེ་རི་རྡོ་རྗེ་དྲག་རྩལ་འབར་བའི་གསོལ་མཆོད་དབང་ཞགས་དམར་པོ་བྱ་བ་འདི་ཉིད་མཛད་པ་ལགས། འདིར་བྱུང་བའི་ཙེ་རི་བྱ་བ་སོག་སྐད་ཡིན་ཞིང་། དེ་རི་དྭགས་རྒོ་དམར་མང་བའི་དོན་དུ་འགྲེལ་བར་བྱེད།[14] གནས་རི་འདིའི་དབུ་རུ་འཕགས་པ་རྒྱལ་མཚན་རྩེ་མོའི་རྡོ་བརྐོས་ཤིག་ཡོད་པ་ནི། ཆུ་ཀྱཱ་བློ་བཟང་ཐུབ་བསྟན་ཉི་མ་མཆོག་གི་ཡབ་བསྟན་དར་ལགས་ཀྱིས་བཞེངས་བར་གྲགས་ཤིང་། གནས་འདི་ཉིད་ལོ་རེའི་བོད་ཟླ་དང་པོའི་ཚེས་དགུ་ཉིན་ཡུལ་འདིའི་ཆུ་ཀྱཱ་སྒར་སྐོར་གཙོས་པའི་རུ་སྡེ་རྣམས་ཀྱིས་བསྟོད་གསོལ་བྱེད་པའི་སྲོལ་མཆིས་ཤིང་། འདི་བསྟོད་པ་ལ་ཤིང་ལས་བྱས་པའི་མདའ་གྲི་མདུང་གསུམ་སོགས་གོ་མཚོན་ཅི་རིགས་ཉ་ཕྲུག་སྤུང་བའི་གསེབ་ཏུ་དྲངས་ནས་དེ་ལ་བལ་ལས་བྱས་པའི་དམུ་ཐག་གིས་བསྡམས་མཚམས། ཡུལ་དེའི་སྤྲུལ་སྐུ་རྣམས་དབུ་བཞུགས་ཀྱིས་ཡུལ་ལྷ་གཞི་བདག་ལ་བསྐང་གསོའི་རྟས་དྲངས་ཏེ་ལྗགས་བརྔན་འབུལ་བར་བྱེད་དོ། །གནས་རི་འདིའི་འདབས་སུ་ཆགས་པའི་རུ་སྡེ་དག་ནི་ཆུ་འགག་སྡེ་བའི་རུ་ཁག་གསུམ་པ་དང་བཞི་བ་ཡིན་ཞིང་། དེ་དག་གི་ལོ་རྒྱུས་མདོར་བསྡུས་པ་ཞིག་ཚན་པ་རྗེས་མར་སྤྲོ་བར་བྱ་ཞིང་། གནས་རི་འདི་ནས་ཏིང་ནོར་གྱི་བར་ལ་དབྱར་དུས་མ་གཏོགས་རུ་བ་མེད་པས་ལུང་སྟོང་གི་ཚུལ་གྱིས་གནས་ཡོད། མདོར་ན་རོག་ཐུའི་ཆུ་རྒྱུད་འདི་ནི་སྒྲི་ནཱེས་སོ་ཝན་གྱི་བཞུད་ལམ་དང་། ཐང་བོད་གནའ་ལམ། མགར་གྱི་དམག་ལམ། རྒྱ་བཟའ་ཀོང་ཇོ་དང་རྒྱ་དབང་སྐུ་ཕྲེང་གསུམ་པ། རྒྱལ་དབང་སྐུ་ཕྲེང་ལྔ་པ་སོགས་ཀྱི་ཕེབས་ལམ་དང་སྟབས་གཅིག་ཏུ་འཁེལ་འདུག་པས། ལམ་ཐིག་གལ་ཆེན་ཞིག་ཡིན་ཞིང་། འདི་དག་གི་ལོ་རྒྱུས་མདོར་བསྡུས་རེ་ནི་གཤམ་གྱི་ཚན་པ་དག་གི་སྐབས་སྐབས་སུ་བཅུག་ཡོད་པས་དེ་ལས་ཤེས་པར་བྱའོ།།
གཉིས། ཆུ་འགག་ཆུ་རྒྱུད་ཀྱི་སྣོད་བཅུད།
        ཆུ་བོ་འདི་ཉིད་ནི་ངང་ལ་རི་རྒྱུད་ཀྱི་སྣེ་རུ་ཆགས་པའི་རྟོལ་རྒན་གོང་ཁ་བྱ་ནས་འབབ་པ་ཞིག་ཡིན་ཞིང་། དེའི་ཕྱོགས་སུ་ངང་ལ་ཆུ་ཚན་སོགས་ཆུ་ཚན་སྣ་མང་ཡོད་པས་དགུན་ཡང་རླངས་པ་ཐོལ་ཐོལ་དུ་འཕྱུར་བ་ཞིག་ཡོད། དེ་ལས་གནས་འདི་རུ་མེ་རི་སོགས་ཡོད་པ་ཤེས་སླ་ཞིང་། གནས་འདི་རུ་གཏེར་ཁ་མང་དུ་བརྡོལ་བ་ཡང་མེ་རི་ཡི་སྟོབས་ཀྱིས་ཡིན་སྐད། །འོ་ན་མེ་རི་ཡིས་གཏེར་རྡོ་ཇི་ལྟར་གྲུབ་ཅེ་ན་བཤད་པར་བྱ་སྟེ། མེ་རུ་སྒྲེགས་ཀྱིས་འཕྱུར་ནས་བྲག་གི་ཞུན་མ་མེར་མེར་པོར[15]བཞུར་བ་གྲང་བའི་སྟོབས་ཀྱིས་རྣམ་པར་དཀག་ནས་དྭགས་གསལ་གཡང་ཌིའི་གཏེར་རྡོར་གྱུར་བ་ཡིན་ཞིང་། འདི་ནི་གཏེར་རྡོ་མང་ཤས་ཀྱི་གྲུབ་སྟངས་ཤིག་ཀྱང་ཡིན། དེ་ལས་གཞན་རླུང་གཟུགས་ཟི་འགྱུར་ཆིང་སོགས་དབྱང་རླུང་དང་འཕྲད་ནས་དཀག་གཟུགས་ཀྱི་མུ་ཟི་གྲུབ་པ་སོགས་རླུང་གཟུགས་ནས་དཀག་གཟུགས་དང་། གཤེར་གཟུགས་ནས་དཀཀ་གཟུགས་སུ་གྲུབ་པ་སོགས་གྲུབ་སྟངས་སྣ་ཚོགས་པས་བརྗོད་ཀྱིས་མི་ལང་ངོ་། །མེ་རི་དང་བྲག་རིའི་འདབས་འབྲེལ་དུ་གཏེར་ཁ་བརྡོལ་འོང་བ་བཞིན། རྟོལ་ལུང་ནང་དུ་ཡང་ཞ་ཉེ་དང་ཏི་ཚའི་གཏེར་ཁ་མང་དུ་བརྡོལ་བ་དང་མཉམ་དུCu.As.Au.Pt.Sསོགས་ཀྱང་གསར་རྙེད་བྱུང་། གཏེར་ཁ་འདི་ཉིད་སྤྱི་ལོ༡༩༥༨ལོར་མཚོ་ལྷོ་ས་གཤིས་རུ་ཁག་གིས་རྙེད་སོན་བྱུང[16]ཞིང་།  གནས་འདིར་བསྐལ་བ་ཡ་ཐོག་གི་དུས་རབས་དང་།(ལོ་ངོ་དུང་ཕྱུར10-3.5) ཨོར་དྷོ་དུས་རབས།(奥陶纪ལོ་ངོ་དུང་ཕྱུར4.7-4.43)རྡོ་སོལ་དུས་རབས།(石炭纪) སུམ་བརྩེགས་དུས་རབས་སོགས་ས་ཤུན་གྱེས་གྱེད་ཀྱི་རྣམ་པ་ཤུགས་ཆེ་བའི་སྐབས་ཀྱི་ས་གཤིས་རྣམས་གནས་གཅིག་ཏུ་འཁུམ་འདུས་བྱས་ཡོད་པས། གཏེར་རྡོའི་གྲུབ་རྣམ་ལ་རྙོག་འཛིང་ཆེ་བར་འདུག
        རྟོལ་ལུང་ནས་མར་ཡོང་ན་ཆུ་འགག་སྡེ་བའི་རུ་ཁག་དྲུག་པ་དང་བདུན་པ་སོགས་ལུང་མཐིལ་དག་ཏུ་ཐར་ཐོར་དུ་གནས་འཆས་ཡོད་པ་ལ། དེའི་ཤར་གྱི་མ་འགྲེང་རྫ་རི་ལ1985ལོར་མཚོ་སྔོན་ས་གཤིས་ཅུའུ་གྱིས་གོ་ལའི་རྫས་འགྱུར་གཏེར་འཚོལ(化探)གྱི་བྱེད་ཐབས་ཀྱིས་ཞིབ་འཇུག་བྱས་འབྲས་སུ་གནས་དེརAu.As.Cu.Pb.Znསོགས་ཡོད་པ་ཤེས་ཤིང་། དེ་དག་གི་ཁྲོད་གསེར(Au)གྱིས་སྤྱི་ལེ་རྒྱ་དཔངས་གྲུ་བཞི200ཟིན་ཡོད་པས། གསེར་གྱི་ཁྱབ་ཚུལ་ཅུང་ཟད་ཆེ་བར་འདུག་པ་ལ། འདི་ནི་གནའ་སྔ་མོར་ས་ཆ་འདིར་མེ་རུ་སྒྲེགས་འཕྱུར་བྱུང་དུས་ཆར་བ་དང་འཕྲད་ནས་རྡོ་ཞུན་ནུར་ནུར་པོ་དེ་དཀག་རྣམ་དུ་གྲུབ་པའམ་ཡང་ན་གཤོང་སའི་ཆུ་འཁྱིལ་དག་དང་འཕྲད་ནས་དིམ་སྙིགས་བསགས་ཏེ་བྲག་རིར་གྱུར་བ་ལས་བྱུང་ཞེས་སྨྲ།[17] རྫ་རི་འདི་ནི་ངང་ལ་རི་རྒྱུད་དང་གནས་གཅིག་ཏུ་འཁེལ་འདུག་པས་ས་རིམ་ནི་ངང་ལའི་རི་ལག་རྣམས་དང་ངོ་བོ་གཅིག་ཏུ་སོང་ཡོད་པས་ཚན་པ་གོང་མ་དག་ལས་ཤེས་པར་བྱའོ།།
ཟིལ་དཀར་ལབ་ཙེ།
        དེ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ཙམ་ཡོང་ན་གཟིག་ལུང་དང་སྟག་ལུང་སོགས་ལུང་རྒན་གོམ་པས་ཆོད་དཀའ་བ་དག་ཡོད་ཅིང་། སྟག་ལུང་གི་ཕུ་ན་དབུ་ཐོད་དཀར་བང་ངེར་ཡོད་པའི་གངས་རི་ཟིལ་དཀར་བྱ་བ་ཡོད་ཅིང་། དེའི་མཚོ་འཕགས་ལ་སྨི༥༤༠༠ཙམ་ཡོད་པས་མཐོ་ཚད་ཀྱིས་ནི་མཚོ་ལྷོ་ཁུལ་གྱི་རི་རབ་རྣམས་ཟིལ་གྱིས་མནན་ཡོད་པས། རྩེ་མོ་ནས་ཕྱོགས་ཕྱོགས་སུ་གཟིགས་ཚེ་ཧང་གཞུང་གི་རི་རྭ་བ་ཁང་ཁྱིམ་སོགས་ཀྱི་བཀོད་པ་མ་ལུས་མིག་ལ་ལྷང་ངེར་འཆར་འོང་ངོ་། །གངས་ཀྱི་རྩེ་མོར་རླུང་གི་རྒྱུ་བ་ཡང་ཞིང་དྲོད་གྱི་ལེ་བ་ཞིག་འདུག་མོད། གངས་ནི་མི་ཞུ་བར་འདུག་སྟེ། རྐྱེན་ནི་མཐོ་ཚད་དང་འབྲེལ་བ་མེད་པར་གངས་དཀར་པོ་ལས་འོད་དཀར་ལམ་ལམ་དུ་འཕྲོས་ཏེ་ཉི་མའི་འོད་ཟེར་ཕྱིར་ལྡོག་བྱས་ནས་གྲང་འཛིན་མོ་ནུས་བྱུང་། གྲང་འཛིན་མོ་ནུས་ཀྱི་རྒྱུན་བསྲིངས་པས་འཁྱགས་རོམ་གྱི་རྣམ་པར་གྱུར[18]བས་རེད་དོ། །ངག་རྒྱུན་དུ་གངས་རི་འདི་ཉིད་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཀྱི་རྨ་ཆེན་གངས་རིའི་སྲས་སུ་བསྔགས་པས་ན། རིག་འཛིན་སྐུ་གསུམ་རྡོ་རྗེ་མཆོག་གིས“ཡུལ་ལྷའི་རྒྱལ་བོ་རྨ་སྲས་དུང་སྐྱོང་དཀར། །རྟ་སྔོན་རྔོག་དཀར་ལ་ཆིབས་འགྱང་བགས་རྔམས། །ཕྱག་གཉིས་མདུང་དར་གཏེར་བུམ་ནོར་བུས་བརྒྱན། །ཁྲབ་རྨོག་རི་དར་དཔའ་ཆས་ཀུན་ནས་མཛེས། །[19]ཞེས་དཔའ་བོ་ཞིག་གི་སྣང་བརྙན་དུ་བཞེངས་ཡོད་པ་དེ་དང་གནའ་སྔ་མོར་གནས་འདིར་དམག་ཆེན་ལན་མང་བཤམས་པ་གཉིས་ཇི་འདྲས་མཐུན་སྣང་ཆེ་ཨང་། ཡིན་ནའང་གནས་འདིར་སྐུ་འཁྲུངས་བའི་ཀརྨ་བསམ་གཏན་ལགས་ནས། བརྒྱུད་ལྡན་བླ་མའི་བཀའ་དམ་ཉེར་བླངས་བའི། །ཟིལ་དཀར་ནོར་བུ་དགྲ་འདུལ་ཡུལ་འཁོར་བློན། །ཞེས་རི་འདི་ལ་ཟིལ་དཀར་ཞེས་པའི་མིང་གིས་གསོལ་ཡོད། གནས་རི་གང་འདིའི་མདུན་དུ་མཚེའུ་ཆུང་ཆུང་ཞིག་དུང་དཀར་གྱི་གཟུགས་སུ་སྔོ་ལྟེམ་མེར་འཁྱིལ་བ་ནི། ཡུལ་ལྷ་ནོར་བུ་དགྲ་འདུལ་ལ་ཡོན་ཆབ་ཕུལ་བ་དང་ཡེ་ནས་འདྲའོ། །  གནས་དེ་ནས་མར་བབས་ཏེ་སྤྱི་ལེ10ལྷག་སོང་མཚམས་སུ་གྱང་རལ་རྟ་རྣ་ཧྲིག་གེར་ལོ་རྒྱུས་ཀྱི་བདེན་པ་སྲུང་བ་འདི་ནི་སྟག་ལུང་དགོན་པ་གཞི་སྤོས་པའི་ཤུལ་ཡིན་ཞིང་། དེང་གི་གནས་གཞི་གསར་བ་ནི་འདི་ནས་མར་ཕྱིན་པའི་ཆུ་འགག་གྲོང་བརྡལ་གྱི་ནུབ་ཕྱོགས་སུ་འབའ་འབའ་ལུ་གུའི་མཁལ་ཁུག་ལྟ་བུ་ཞིག་ལ་རྔམ་གྱིས་ཆགས་ཡོད། འདི་ནི1995ལོར་ལྔ་རྒྱལ་དུ་འཁྲུངས་བའི་ཨ་ཁུ་ཀརྨ་བསམ་གཏན་ལགས(1931-2014)ཀྱིས་ས་འདུལ་དང་བཅས་བཞེངས་ཤིང་། ཁོང་ཉིད་ཁམས་ཀྱི་ཞེ་ཆེན་དགོན་པ་སོགས་སུ་སློབ་གཉེར་དུ་ཕེབས་ནས་བླ་ཐབས་བཞེས་པར་མཛད་པས་ན། དགོན་འདིས་ཞེ་ཆེན་གྱི་ཆོས་རྒྱུད་འཛིན་པ་ཡིན་ནོ།།[20] དགོན་གསར་འདིའི་འདབས་སུ་ཆུ་འགག་བཞུགས་ཁྲི་བྱ་བ་ཡོད་ཅིང་། རྒྱལ་དབང་ལྔ་པའི་རང་རྣམ«དུ་ཀུ་ལའི་གོས་བཟང»དུ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཞུགས་ཁྲི་རྙིང་པ་ཞིག་འདུག་པའི་སྟེང་ནས་སོག་བོད་ཀྱི་ཁྲོམ་ཆེ་བ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་བྱས[21]ཞེས་ཐོག་མར་བཞུགས་ཁྲི་འདི་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་བཞེངས་བར་འདོད། དེ་མིན«མདོ་སྨད་ཆོས་འབྱུང»དུ་ལྔ་པ་ཆེན་མོ་རྒྱལ་ནང་དུ་ཕེབས་དུས་ཁྲི་གསར་བརྩིགས་ཀྱི་སྟེང་ནས་ཐུགས་རྗེ་ཆེན་པོའི་རྗེས་གནང་མཛད་པར་གསུངས་པའི་གནས་ཤི་རེ་ཐང་ངམ་ད་ལྟ་ཕྱག་མཛོད་ཐེར་ཐེར་དུ་གྲགས་པ་ཏིང་ནེལ་ཐུར་ཞེས་པ་དང་། འདིའི་ནུབ་ན་ཨ་རིག་ཆུ་ཚན་ཡོད་ཅེས་དང་།[22] ད་དུང་དེང་གི་ས་གནས་དེ་གའི་མིས་ནི་ཧོར་ཚང་དང་། སྤྱང་ཚང་། གོ་རོ་ཁྱ་ལྡང་། ཁས་ཐུང་བཅས་འདུས་པའི་གནས་ཆུང་ངུ་དེ་ལ་ཏིང་ནོར་ཞེས་འབོད་པ་སོགས་ལ་གཞིགས་ན། བཞུགས་ཁྲི་འདི་གནས་སའི་རྒྱུད་ལ་ཤི་རེ་ཐང་ངམ་ཏིང་ནེལ་ཐུར་དུ་འབོད་སྙམ། བཞུགས་ཁྲི་འདི་དང་ཁད་ཉེ་སར་རྒྱ་ཕིབས་གསེར་འོད་ཀྲིག་གེའི་སྒྲོལ་མའི་འབུམ་ཁང་ཞིག་ཡོད་པ་ནི་བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་མཆོག་གི་ཡང་སྤྲུལ་དམ་པ་བྲག་དཀར་བློ་བཟང་ཆོས་ཀྱི་ཉི་མས[23]དུས་འཁོར་དབང་ཆེན་གནང་བ་ལ་རྗེས་དྲན་གྱི་ཆེད་དུ་ཆུ་འགག་དང་ཧང་ཆུང་གི་དད་ལྡན་པ་འགས་བཞེངས་བ་ལགས་སོ།། དེ་མིན་ཆུ་འགག་གི་ས་བབ་ནི་ལུང་གཤོང་ཡིན་པའི་ཆ་ནས་གནས་འདིར་གཙང་པོ་ཡོད་པ་སྨྲས་མེད་ལ། ནགས་ཀློང་ཡང་ཚང་ཚིང་དུ་འཁྲིགས་པ་ཞིག་ཡོད་པས། ཟས་རིགས་སོགས་ཉར་ཚགས་ཀྱི་དོད་དུ་ཆུ་བོ་དང་བྲག་ལྡེབས་སུ་གནས་འཆའ་བར་གོམས་པའི[24]སྒྲི་ནཱེས་སོ་ཝན་ནི་གཏེར་ལམ་གྱི་དམེ་ལུང་ནས་གནས་འདིར་བརྒྱུད་དེ་འབའ་ཐང་གི་ལུང་གཤོང་དུ་གྲམ་ཐོར་བྱུང་ཚུལ་ལ་ཁས་འཆེ་མཁན་ཡང་ཡོད།[25]
ཟིལ་དཀར་མཚོ་མོ།
གསུམ། ཧང་ཆུའི་རྒྱུད་ཀྱི་སྣོད་བཅུད།
        ཆུ་འགག་ནས་ནུབ་བྱང་གི་མཚམས་སུ་ཇ་ཡུན་ཙམ་སོང་བའི་སར་མ་འགྲེང་ཁྱུང་རྫ་ཞེས་བྱ་བ་རྫ་མགོ་ལེབ་ལེབ་ཅན་ཞིག་ཡོད་ཅིང་། གནའ་མི་ཚོའི་ངག་ཏུ་གནས་འདི་དང་ཁད་ཉེ་བའི་གསེར་གཞོང་ཐང་ཞེས་ཤུར་རིང་མོ་ཞིག་ཡོད་པར་དུག་སྦྲུལ་གྱིས་སེམས་ཅན་ལ་གནོད་འཚེ་གཏོང་བཞིན་པའི་ཁ་གནོན་ལ་བྱ་རྒྱལ་ཁྱུང་ཆེན་ཞིག་རྫ་རི་འདིའི་སྟེང་ལ་བབས་ཞེས་གཏམ་རྒྱུད་སྙིང་ཉེ་མོ་རེ་བཤད་རྒྱུ་ཡོད། གཅིག་ཏུ་ན་བདེན་ཡང་སྲིད་དེ། མདོ་དབུས་མཐོ་སྒང་འདི་ཡེ་ནས་ཡོད་པ་ཞིག་མ་ཡིན་པར། དེ་རྒྱ་གར་ཕྱེད་གླིང་དང་གདོང་ཐུག་བརྒྱབ་པ་ནས་ཡུན་དང་ཁད་ཀྱིས་ཡར་ཡར་འཕགས་འོང་བ་དང་། དེ་མིན་གནས་འདིར་ཉིས་སུམ་བརྩེགས་དུས་རིམ་གྱི་ས་རྒྱུ་ཡོད་པ་སོགས་ལ་གཞིགས་ན་ང་ཚོའི་བློ་ངོར་གྲུབ་པའི་ལུས་བོངས་གཏོས་ཆེ་བའི་བྱ་རྒྱལ་ཁྱུང་ཆེན་སོགས་གཏུམ་འབྲུག་དང་མཉམ་དུ་གནས་འདིར་མཚོ་སྡོད་བྱས་ཡོད་ཅིང་སྲིད་པས་གནའ་མིའི་ངག་རྒྱུན་འདི་དག་འདོར་རྐྱང་ག་ལ་ཡིན། གནས་འདི་འཕྲེད་ཀྱིས་བཅད་ན་རི་རྩེ་གསུམ་གནམ་ལ་མཆོང་འདྲ་བ། དེ་ཧང་ངའི་རྫ་མ་སྤུན་གསུམ་ཡིན། ཞེས་པ་ལྟར་རི་བོ་འདི་ཧོལ་ཁའི་རི་རྒྱུད་ཀྱི་མགོ་ཡིན་པ་ལ། ཧོལ་ཁའི་རི་རྒྱུད་ནི་གནས་འདི་ནས་བཟུང་རྨ་ཆུའི་མཚམས་སུ་ལུ་གུ་རྒྱུད་དུ་བསྟར་ཡོད་པས་ན། སྐབས་དེའི་དམག་སྣ་རུ་འདྲེན་དང་རུ་སྤོ་སྐྱེས་འགེལ་ལ་དཀའ་བ་ལན་བརྒྱར་གཏད་ཡོད་ཤས་ཆེ། དེ་བས་ན་རི་འདི་ལ་རྒྱ་སྐད་ཀྱིས་ཧན་ཁུའུ(汉哭山)སྟེ། རྒྱ་ངུ་རི་ཞེས་ཐོགས་པ་ཡང་དོན་ལ་གནས་པའི་གཏམ་འབའ་ཞིག་གོ །དེ་ཡང་རི་འདི་ལ་ཧན་ཁུའུ་ཞེས་འབོད་པ་དེ་དང་ཧང་ང་། (杭盖)ཧོལ་ཁ་གསུམ་གྱི་སྒྲ་འདྲ་བ་རྒྱུ་མཚན་དུ་བྱས་ནས་གནས་གཅིག་གི་མིང་དུ་བཀྲལ[26]ཅིང་། དེའི་དབང་གིས་ཧང་རྫ་ནས་འབབ་པའི་ཆུ་བོ་ལ་ཡང་ཧང་ཆུ་ཞེས་ཐོགས་ནས་དེ་ཉིད་སྤྱི་ལེ11ཙམ་ལ་ནུབ་ཕྱོགས་སུ་བཞུར་ནས་ཆུ་འགག་དང་རོག་ཐུ་གཉིས་འདྲེས་ཏེ་ལྷོ་ཕྱོགས་སུ་བཞུར་འོང་བ་དེ་དང་འདྲེས་ཤིང་། འདི་ནས་རྨ་ཆུ་ལ་ཐུག་པའི་བར་ལ་ཧང་ཆུ་ཞེས་ཐོགས་སོ། །གཙང་པོ་འདིའི་འབབ་རྒྱུན་ལ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ4782ཡོད་ཅིང་། གཙང་པོའི་རིང་ཚད་ལ་སྤྱི་ལེ119ཡོད། གཙང་པོ་གང་འདི་འབབ་སའི་ལུང་གཤོང་དུ་དུས་ལོ་བཞི་པའི་གསར་ཐོན་དུས་རབས་ཀྱི་ས་རིམ་ཡོད།
ཆུ་འགག་གི་ཕུ།
འབབ་ཡུལ་གྱི་མཚོ་འཕགས་ལ་སྨི2650-5300ཙམ་ཡོད་ཅིང་། ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི363.4ཡིན། ལོ་རེའི་དྲོད་ཚད་ནི་ཆ་སྙོམས་ཀྱིས་ཧྲེ་ཧྲི་ཏུའུ13.9ཡིན། ཡུལ་འདིའི་གནམ་གཤིས་ནི་མཐོ་སྒང་སྐམ་ས་ལ་གཏོགས་པས། དབྱར་ཉི་འོད་དྲག་པས་རླངས་འགྱུར་གྱི་ཚད་མཐོ་ཞིང་། དགུན་གྲང་ངར་ཆེ་ཁར་སྐམ་ཤས་ཆེ་བ་ཞིག་ཡིན། དེ་ཡང་གཙང་པོ་འདིས་བཅད་པའི་བྱང་ཕྱོགས་ཀྱི་རྒྱུད་དང་། ཧང་རིས་བཅད་པའི་ནུབ་ཕྱོགས་ཀྱི་ཆ་རུ་ཧང་ཆུང་སྡེ་བ་དང་རི་རྒན་སྡེ་བ། ཨ་ཚོགས་སོགས་ཡོད་ཅིང་། འདི་དག་ནི་ཤ་སྦྲང་ཚོ་དྲུག་གི་ཁོངས་སུ་གཏོགས་པ་ལ། ཤ་སྦྲང་བྱ་བ་འདི་རེབ་གོང་ནས་ཆད་དེ་འབའ་ཐང་དུ་གཞིས་ཆགས་ཤིང་། དུས་རབས་བཅུ་དགུ་བའི་སྨད་དུ་གནས་འདི་རུ་ཡོང་སྟེ་གཞིས་ཆགས་པ་མ་ཟད། ཧང་ཆུའི་ནུབ་རྒྱུད་ཀྱི་ཁྱ་ལྡང་དང་། ཆུ་འགག ཕྱིས་རྒྱལ། ཨག་རྒྱ། ཆུ་བཟང་སོགས་ཀྱང་དེ་བཞིན་ཡིན་པ་ལ། སྔོན་ཡུལ་གྲུ་འདི་དག་ཨ་རིག་དང་སོག་པོས་རེས་མོས་སུ་འཛིན་པ་ལ་ཨ་རིག་དང་སོག་པོ། མགོ་ལོག་དང་བློན་ཆོས་སོགས་ཀྱི་བར་ལ་འགལ་འཁྲུག་འཚུབ་རྐྱེན་ཕྱོགས་ཕྱོགས་སུ་འཐོར་བའི་ཚུལ་ནི་ལོ་རྒྱུས་དེབ་ཐེར་གཞན་དུ་རྒྱས་པར་སྤྲོས་འདུག་པས་དེ་དག་ལས་གཟིགས་འཚལ། དེ་ཡང་ཆུ་ཆེན་འདི་གཉིས་ཀྱི་འདུས་མདོ་རུ་ཡུན་ཕིན(营盘)གྱང་ཆག་བྱ་བ་ཡོད་ཅིང་། འདི་ནི1918ལོར་ཀན་སུའུ་ནས་ཡིན་པའི་མཱ་ཆི་ཟེར་བས་བརྩིགས་པར་བཤད། གྱང་ཆག་འདི་སྐས་དབྱིབས་སུ་སྣང་ཞིང་། དེའི་མཐའ་སྐོར་རིང་ཚད་ལ་སྨི3200ཙམ་ཡོད་ཅིང་། གྱང་གི་མཐོ་ཚད་ལ་སྨི3.8ཙམ་ཡོད། ཟུར་བཞི་ལ་སྒྱོགས་སྟེགས་རེ་ཡོད་པའི་མཐོ་ཚད་ལ་སྨི4.5ལྷག་དང་། གྱང་རྟིང་ནས་སྨི2.5ཙམ་ནི་གྱང་ཉིས་བརྩེགས་ཡིན་པས་སྲབ་ཚད་ལ་སྨི1.8དང་། དེའི་སྟེང་ན་མཐོ་ཚད་ལ་སྨི1.4ཅན་གྱི་གྱང་སྲབ་བུ་ཞིག་ཡོད་པའི་སྲབ་ཚད་ལ་སྨི0.45ཡོད། གྱང་ཁ་རུ་མདའ་ཁུང་གྲལ་དུ་བསྟར་ཡོད[27]པས། མཐོང་ན་སྐྱི་གཡའ་བར་བྱེད། གྱང་འདི་མ་བརྩིགས་པའི་གོང་དུ་གནས་འདིར་གནའ་ཤུལ་ཞིག་ཡོད་པར་འདོད་དེ། རྒྱུ་མཚན་འདི་ལ་ཞིབ་ཏུ་བལྟས་ཚེ་གྱང་གི་གོང་འོག་གི་ས་ལ་ཁྱད་པར་ཆེ་སྟེ། གྱང་གི་ཞབས་རོལ་གྱི་ས་ལ་དཀར་ཞད་ཆེ་ཞིང་། གོང་རོལ་གྱི་ས་ལ་སེར་ཞད་ཆེ་བ་ཞིག་རེད་ལ། ད་དུང་གྱང་གི་ཞབས་རོལ་ཚགས་དམ་ཞིང་མཁྲེགས་པ་ལ། གྱང་གི་གོང་རོལ་ནི་དེ་ལས་ལྡོག་སྟེ་ཚགས་ལྷོད་ཅིང་སོབ་སྣང་ཆེ་བ་ཞིག་རེད། དེ་མ་ཟད་ཤར་ལྷོའི་མཚམས་ཀྱི་གྱང་ཟུར་ལས་གྱང་གསར་རྙིང་གི་སྦྲེལ་མཚམས་ཀྱང་གསལ་བས། འདི་ནི་གནའ་བོའི་གྱང་རྙིང་ཞིག་གི་སྟེང་ལ་བརྩིགས་པ་ཁ་གསལ་ན་ཡང་། མེན་གོའི་སྐབས་ཀྱི་ཡིག་ཚང་གང་དུ་ཡང་འདི་མ་བརྩིགས་གོང་དུ་གྱང་རྙིང་ཞིག་ཡོད་ཚུལ་མི་གསལ་བ་ནི་ཤིན་ཏུ་ཕངས་དགོས་པ་ཞིག་རེད། ཡིན་ནའང་། གོང་གི་རྣམ་པ་དེ་ལས་འདི་མ་བརྩིགས་གོང་ལ་གྱང་རྙིང་ཞིག་ཡོད་པ་ཁ་ཚོན་གཅོད་ནུས། འོ་ན་གྱང་རྙིང་དེ་ནམ་ཞིག་གི་ཡིན་ནམ་ཟེར་ན་འདི་ལྟར་ཚོད་བགམ་བྱས་ཆོག་སྟེ། «ཐང་ཡིག་གསར་མ»རུ་ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་པར། གོང་མས་རང་གི་ཚ་མོ་ཝུན་ཁྲིན་ཀོང་ཇོ་བག་མར་གནང་། ཇང་ཞ་ཝང་ལི་ཏོ་ཙུང་ལ་ལུང་གནང་སྟེ་གོང་མའི་བཀའ་རྟགས་བསྣམས་ནས་སྐྱེལ་མར་བྱོན། ཧི་ཡོན་རྒྱལ་པོའི་ཁབ་ཏུ་ཕོ་བྲང་བརྩིགས། སྲོང་བཙན་འཁོར་དང་བཅས་པ་མཚོ་ནག་ཏུ་བསུ་བར་ཕེབས། ཞེས་པའི་ནང་གི་ཧི་ཡོན་འདི་འ་ཞའི་མངའ་ཞབས་སུ་གཏོགས་པ་དང་། ངག་རྒྱུན་དུ་རྒྱ་བཟའ་གོང་ཇོ་དང་མགར་འཁོར་དང་བཅས་པས་གནས་འདིར་ངལ་གསོས་ཏེ་བསྡད་ཚུལ་དང་གཅིག ཏཱ་ཧོ་པ་གཞུང་འདི་ཇི་མ་ཁོལ་ཡིན[28]ཞེས་པ་དང་གཉིས། དེ་མིན་གནས་འདི་ནི་ཧང་ཆུ་དང་ཆུ་འགག་ཆུ་གཉིས་ཀྱི་མདོ་མཚམས་ཡིན་པས་རྩྭ་ཆུ་འཛོམས་པ་དང་། ལུང་གཞུང་དག་ཏུ་ནགས་ཚལ་སྟུག་པས་བུད་ཤིང་གི་ཐོན་ཁོངས་མོད་པ་དང་གསུམ་བཅས་ཀྱིས་གཏམ་དཔེ་ལ་རྒྱ་ཞག་གཅིག་འདུག་སར་མཁར་བརྩིགས་ཟེར་བ་བཞིན་གནས་འདི་རྒྱ་བཟའ་ཀོང་ཇོའི་ངལ་གསོ་སའམ། ཡང་ན་ཞན་ཧིན་གྱིས་ཁྲི་ལོ་དང་པོའི་ཟླ་བཞི་བར། ཞོས་རིན་ཀོས་སོགས་དམག་ཁྲི་ཚོ་བཅུ་ལྷག་དང་བཅས་ཏེ་བྷོད་དམག་ལ་འཐབ་ཏུ་ཆས། དམག་དཔུང་ཏ་ཧྥེ་ཁྲོན་དུ་སླེབས་པ་ན། བྷོད་ཀྱི་དམག་དཔུང་བློན་འབྲིང་གིས་ཕམ་པར་བྱས། དེ་ནས་འ་ཞའི་ས་ཆ་བྷོད་ཀྱིས་བཟུང་ཞེས་པ་ལྟར་འདི་གར་མགར་དམག་གིས་སྒར་བཏབ་སྟེ་བསྡད་ཤས་ཀྱང་ཆེ་མོད། ད་དུང་གནའ་རྫས་དང་ཡིག་ཚང་གི་དཔང་རྟགས་མེད་པས་མཐའ་གཅིག་ཏུ་ཡིད་ཆེས་བྱེད་རྐྱང་མིན་ནོ། །[29]
ཡུན་ཕིན་གྱང་ཆག་ལ་རྟོག་དཔྱོད་བྱེད་བཞིན་པའི་རྣམ་པ།
        གནའ་ཤུལ་འདི་ནས་ཕར་ཕྱིན་ན་ཆུ་ཀྱཱ་ཐུབ་བསྟན་ཉི་མ་སྐུ་འཁྲུངས་སའི་གནས་ཆུ་ཀྱཱ་སྒར་སྐོར[30]བྱ་བ་ཡོད་ཅིང་། ཆུ་ཀྱཱ་ཞེས་པ་འདི་ཉིད་ནི་ལྕང་སྐྱ་རོལ་བའི་རྡོ་རྗེའི་འཁྲུངས་གནས་ཆི་ཀྱཱ[31]བྱ་བ་ཡིན་པར་འདུག་སྟེ། དེ་ཉིད་ཙོང་ཁ་བྱང་གི་བྲག་དཀར་ལུང་པ་རུ་ཡོད་པས། ཆུ་ཀྱཱ་སྒར་སྐོར་ནི་དེ་ལས་ཆད་དེ་གནས་འདིར་འོང་བ་བཞིན་ཙེ་རིའི་འདབས་སུ་ཆགས་པའི་ཆུ་འགག་རུ་ཁག་གསུམ་པ་ཡང་དེ་བཞིན་ནོ། །ཆུ་ཀྱཱ་སྒར་སྐོར་ནས་ལྷོ་ཕྱོགས་སུ་སོང་ན་ལུང་པ་ཁ་ཤར་ཏུ་ཕྱོགས་པའི་གནས་ཉམས་དགའ་བ་ཞིག་ཏུ་དཔལ་ཡུལ་ཁྱབ་གདལ་དགོན་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་གླིང་བྱ་བ་ཡོད་ཅིང་། དེ་ནི་སྤྱི་ལོ1993ལོར་རིག་འཛིན་སྐུ་གསུམ་རྡོ་རྗེ་མཆོག་གིས་ཕྱག་བཏབ་པ་ཡིན།[32] དགོན་པ་འདིས་དཔལ་ཡུལ་དར་ཐང་དགོན་པའི་ཆོས་རྒྱུད་འཛིན་པས་ན། སྤྲུལ་གར་དབང་ཉི་མ་གནས་འདིར་བྱོན་ཏེ་ཆོས་ཀྱི་བགོ་སྐད་གྱ་ནོམ་པ་བསྩལ། དགོན་འདིའི་བྱང་ཕྱོགས་སུ་དུར་ཁྲོད་ཅིག་ཡོད་པ་འདིར་ཧང་ངེའི་རྒྱུད་ཀྱི་རུ་སྡེ་མང་ཆེ་ཤས་ཀྱིས་བེམ་པོ་འདིར་བསྐྱལ་ནས་ཕུང་བོ་བྱ་གཏོར་གྱི་ལས་སུ་འབད་པ་ཡིན། འདི་ནས་འཕྲོས་དོན་ཅུང་ཟད་བྱས་ན། དེ་ཡང་བེམ་པོ་ཕྱོགས་ག་ལ་བ་འདིར་དྲངས་ནས་ཐོག་མར་སྔགས་པ་ཞིག་གིས་མ་ཅིག་བརྒྱུད་པའི་གཅོད་ཀྱིས་སྣ་དྲངས་ཏེ། བྱ་འབོད་བཏང་སྟེ། བྱ་རྣམས་སླེབས་མཚམས་བེམ་པོ་གང་དེའི་ཀླད་པ་གྲིས་དྲས་ནས་ཀླད་ཕོར་གྱི་ཁྲག་ལས་མཆོད་ཁ་ལན་གསུམ་འཕངས་ཏེ། བེམ་པོ་དུམ་བུར་གསེས་ནས་བྱ་སྦྱིན་གཏང་ངོ་།། དེ་ཡང་བེམ་པོ་ལ་ལའི་སྟེང་ལ་བྱ་མི་འཁོར་བ་ནི་མི་གང་དེ་འཚོ་བཞུགས་སྐབས་སྡིག་ལས་ཚབས་ཆེན་བསགས་པའམ་ཡང་ན། ཡང་ན་བླ་མ་ལ་དམ་ཚིག་ལོག་པར་འདོད་ནས་ལྟས་ངན་པར་བརྩི། རུ་སྡེ་མང་ཤོས་ཀྱིས་བེམ་པོ་གནས་འདི་ལ་འདྲེན་དོན་ནི། གལ་ཏེ་བེམ་པོ་དེ་གཞན་དུ་དྲངས་བ་ཡིན་ན་མི་དེའི་གཡང་དང་བཅས་ཏེ་གཞན་ལ་བརྫངས་བར་བསམ་ནས། གྲི་ཤི་ཐེབས་ན་མ་གཏོགས་ཡུལ་ལུང་གཞན་དུ་མི་འཁྱེར་བའི་སྲོལ་ཡང་མ་ཉམས་པར་ཡོད། དགོན་པ་འདིའི་ལྟག་རྒྱབ་ཏུ་རྩེ་མོ་གཟེངས་སུ་ཐོན་པའི་རྫ་རི་མཐོན་པོ་ཞིག་ཡོད་པ་དེར། ཡུལ་འདིའི་སྐྱེས་ལྷ་ཨ་མྱེས་རྭ་རྫོང་གནས་ཡོད་པར་བཤད་ནས་ལོ་རེའི་ཟླ་བཞི་བའི་ནང་ལ་བསྟོད་པར་བྱེད་དོ། །དེ་ཡང་ཨ་མྱེས་རྭ་རྫོང་ཞེས་བྱ་བ་འདི་ནི་རེབ་གོང་གི་སྐྱེས་ལྷ་ཞིག་ཡིན་པར་བཤད་པ་ལ། ཕྱིས་རུ་སྡེ་འདི་དག་དང་འགྲོགས་ཏེ། གནས་འདིར་ཕེབས་པར་བཤད། འདི་ལས་བོད་མི་རྣམས་ནི་གནས་གང་དུ་ཕྱིན་ཡང་རང་གི་སྐྱེས་ལྷ་དགྲ་ལྷ་དག་ནི་མི་བརྗེད་པར་གྲོགས་སུ་དགུག་པ་ཡིན་ཞིང་། གནས་གར་ཐོན་ལ་དེར་ཕོ་བྲང་བརྩིགས་ནས་མཆོད་བཀུར་བྱེད་པ་ཤེས་ནུས་སོ།། གནས་འདིའི་ཕ་རོལ་ན་ཐང་ཆེན་པོའི་གསེབ་ན་རི་ཆུང་ཉལ། །མཚོ་ཆེན་པོའི་ནང་ལ་ཉ་མོ་དང་འདྲ་བ[33]འདི་ལ་ཧང་ངེ་རི་རྒན་ཞེས་བྱ་ལ། འདི་ཉིད་གཞི་བདག་ཞིག་ཏུ་ཁས་འཆེ་བས། གཡག་རོག་ཆིབས་སུ་བྱས་པའི་སྟེང་མ་ལ། །ཕྱག་གཡོན་ནོར་བུ་གཡས་ལ་ཕུར་ཐོགས་ནས། །དབུ་ལ་དར་འཕྲུ་ལྡེམས་སེ་རྔམ་གྱིས་མཆོངས། །བའི་སྣང་བརྙན་དུ་བཞེངས་བ་ནི་གནས་འདིའི་ཆས་གོས་ཡུལ་སྲོལ་དང་མཐུན་པ་ཞིག་རེད། དེ་ཡང་རྒྱུད་འདི་གཙོས་པའི་ཡུལ་གྲུ་བྱིངས་ཀྱི་བུད་མེད་རྣམས་ཀྱིས་གནའ་བོའི་དུས་སུ་ཉིན་མཚན་དུས་དྲུག་ཏུ་དམར་གདན་ཞེས་པ་ཞིག་འདོགས་སྲོལ་ཡོད་ཅིང་། དེ་ནི་གཞི་ཕྱིང་པ་དམར་པོ་ལ་འཐེན་ཐག་གཉིས་དང་རལ་བ་གཉིས། མཐའ་ཤུར་གཉིས། ཅ་གདན་བཅས་སྟོད་སྨད་བར་གསུམ་དུ་ཕྱེས་ཏེ། དེའི་སྟེང་ལ་གོང་ནས་གཤམ་ལ་ཐ་ན། ཧྲང་དུང་། ཕྲག་དུང་། དཀྱིལ་དུང་། བར་དུང་། མཐའ་དུང་བཅས་སུ་ཕྱེས[34]ནས་ཤན་པ་ཡིན་ནོ།།
དཔལ་ཡུལ་ཁྱབ་གདལ་དགོན།
         རི་རྒྱུད་འདི་ཟད་མཚམས་ཀྱི་ཆུའི་ཕར་ནང་དུ་ཨག་རྒྱ་སྡེ་བ་ཞེས་པ་ཞིག་ཡོད་པ་འདི་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཕེབས་སའི་ཨག་ཆེན་ཐང[35]ཞེས་པ་དེ་ཡིན་པར་འདུག ཐང་ཆེན་འདི་བཅད་ནས་སོང་ན། ལུང་གཞུང་ཞིག་ཏུ་བྲག་རི་མཐོན་པོ་ཕྱེད་ནགས་ཀློང་ཚང་ཚིང་དུ་འཁྲུགས་པ་ལ་ཕྱེད་ནགས་མེད་པར་དམར་ཧྲེང་ངེ་ཞིག་ཡོད་པ་ལ་བཙུན་མོ་དམར་ཡག་མ་ཞེས་ཟེར་ཞིང་། ངག་རྒྱུན་དུ་བཙུན་མོ་དམར་ཡག་མ་འདི་དཔལ་ཁའི་ཨ་མྱེས་བ་ཡན་གྱི་རྗེས་སུ་བྲོས་པར་གཉན་སྤྲེལ་ཟླ་བ་ཆེན་མོས་ར་མདའ་སྦྲན་ནས་གནས་འདིར་བཟུང་སྟེ་ལན་ཚ་བཀོག་ཅེས་ཟེར་ཞིང་། ཨ་མྱེས་རི་རྒན་གྱི་ལྷོ་སྣེ་ཕྱོགས་འདི་སར་འདལ་འདུག་པ་ཡང་བར་བ་ལ་སོང་བ་ཡིན་ཚུལ་གཏམ་རྒྱུད་ལ་སྦྱར་ནས་སྨྲ་སྲོལ་ཡོད། ད་དུང་ལུང་པ་འདི་ཕྱོགས་ཤིག་ནས་སྔགས་པ་ཞིག་གིས་བྲག་དཀར་སྤྲེལ་རྫོང་གི་གནས་རིའི་བཀོད་པ་ལ་སྦྱར་ནས«ཨ་སྟག་ལྷ་མོ»བརྩམས་སྐད་ཅིག་ཀྱང་ཐོས་མྱོང་།[36] ལུང་བ་འདིའི་ཁར་བུད་མ་ཐག་སྤྲེལ་ཐང་ཟེར་བ་ཡོད། སྔོན་ཆད་དུས་ཚིགས་སྟོན་ལ་སླེབས་རྗེས་རི་མགོ་ཐམས་ཅད་ཁ་བས་ནོན་ཚེ་འབྲོང་དང་རི་དྭགས་ཐམས་ཅད་ཤོད་དུ་བབས་ནས། འབྲོང་གཡག་བཙན་པོས་ལམ་འགོག[37]པར་བྱེད། ད་དུང་ཐང་ཆེན་འདིར་གྱང་ཆག་ཅིག་ཡོད་པ་ནི་གོང་གི་ཡུན་ཕན་གྱང་ཆག་བཞིན་སྔར་གྱི་དམག་སྒར་ཞིག་ཡིན་ནོ་ཞེས་བཞེད་མཁན་ཡོད་མོད། བདེན་དཔང་འདིའོ་ཞེས་པ་ཞིག་མི་འདུག ཐང་ཆེན་འདིའི་གོང་དུ་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཡོད་ཅིང་། དེ་ནི་སྤྱི་ལོ༡༩༢༣ལོར་ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་བཞེངས་བ་ཡིན་ཞིང་། འདི་ལ་ལོ་རྒྱུས་བྲིས་པ་ཤིན་ཏུ་མང་བས་གཞན་ལས་ཤེས་པར་བྱའོ།།
བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་།
        ཧང་ཆུ་དང་རྨ་ཆུ་གཉིས་མ་འདྲེས་གོང་གི་སེང་ལྡེང་རུ་ཆེན་ན་རྒན་སྡེ་བ་ན་ཨ་རིག་གི་དགོན་པ་ཡོངས་ཀྱི་མ་དགོན་དུ་གྱུར་བའི་ཕུན་ཚོགས་རྣམ་རྒྱལ་གླིང་ཡོད་པ་ལ། དེང་ཁྱིམ་བཙུན་གྱི་སྡེར་སོང་ནས་འཆད་ཉན་གྱི་སྲོལ་མེད་པར་མ་ཟད། ཤུལ་ནི་འདི་ལྟ་བུ་ཞིག་གོ་ཞེས་ཀྱང་སྟོན་དུ་མེད་པའི་ཚད་དུ་གྱུར་འདུག དེ་ཡང་འདི་ཉིད་དུས་ནམ་ཞིག་ལ་བཏབ་སྐོར་ནི་ལོ་རྒྱུས་ཡིག་ཚང་མང་པོ་གུང་བསྡུར་ན་སྤྱི་ལོ1402ཀྱི་གཡས་གཡོན་ཞིག་ལ་འབབ་ཅིང་། འདིའི་ལོ་རྒྱུས་རྒྱས་པ་ཞིག་ནི་ལོ་བ་ཆོས་འཕེལ[38]གྱིས་བྲིས་འདུག་པས་ན་དེར་གཟིགས་འཚལ། དགོན་འདི་ནས་མར་ཅུང་ཟད་ཕྱིན་ན་ཧང་ཆུ་དང་རྨ་ཆུ་གཉིས་ཀྱི་འདྲེས་མཚམས་ལ་སླེབས་པས་ན་གཏམ་གྱི་མཇུག་ཀྱང་འདི་ནས་བསྡུས་པ་ལགས་སོ།།

དཔྱད་གཞིའི་ཡིག་རིགས།
[1] 魏征等撰:«隋书»卷二十九,志第二十四,地理上,北京:中华书局,1993:816
[2] 刘旬等撰:«旧唐书·西戎传»卷一百九十八,列传第一百四十八 北京:中华书局1975:5299
[3] 欧阳修撰:«新唐书»卷一百一十一,列传第三十六,北京:中华书局,1975:4142
[4] 卢亮华 :浅论唐蕃大非川之战  [J] 赤峰学院学报 2009年01期
[5][6] 欧阳修撰:«新唐书»卷一百一十一,列传第三十六,北京:中华书局,1975:4148.4142 
[7][22][35]
བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ལན་ཀྲུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015:27.27.214
[8] ཨ་རིག་ཆུ་ཚན་ནམ་དེང་གི་ཆུ་ཁོལ་གྲོང་བརྡལ་གྱི་བྱང་ཤར་གྱི་མཚམས་སུ་ཡོད་པའི་ཏིང་ནེལ་ཐེལ་བྱ་བ་ནི་མདོ་སྨད་ཆོས་འབྱུང་གི་དགོངས་པ་ལ་གཞིགས་ན། ཆུ་འགག་ནས་ཧོར་ཚང་བར་གོ་བ་འདྲ་མོད། དེང་གི་ས་གནས་དེ་གའི་མིས་ནི་ཧོར་ཚང་དང་། སྤྱང་ཚང་། གོ་རོ་ཁྱ་ལྡང་། ཁས་ཐུང་བཅས་འདུས་པའི་གནས་ཆུང་ངུ་དེ་ལ་ད་གཟོད་ཏིང་ནོར་ཞེས་བརྗོད་པས། དེང་གི་བརྗོད་ཚུལ་འདི་ལ་བསྟུན་ཐབས་བྱས་ཡོད།
[9] ངག་རྒྱུན།
[10] རྟ་མགྲིན་ཐར་གྱིས་བསྒྲིགས། མཛེས་སྡུག་གི་ཞིན་ཧེ། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། 2020:30
[11] 李社宏 青海兴海县索拉沟铜多金属矿成矿地质特征与矿床成因 [M] 大地构造与成矿学2011年01期
[12]
བཀྲ་ཤིས་རྒྱལ་མཚན། ཆུ་ཀྱཱ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཉི་མ་མཆོག་གི་རྣམ་ཐར། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། 2016:18
[13][14] སྤྲུལ་ཆོས་དབྱིངས་རྡོ་རྗེ། ཨ་མྱེ་ཙེ་རིའི་ལོ་རྒྱུས་དང་ལབ་ཙེ་ངོ་སྤྲོད། བྲིས་མ། ཞིན་ཧེ། དཔལ་ཡུལ་ཁྱབ་གདལ་དགོན།
[15] གྲུབ་རྒྱུ། ཟི་སྐྱུར་ཚྭ།
[16] 方刚 青海省兴海县什多龙铅锌矿床特征及找矿前景分析 [D] 中国地质大学 2013年
[17] 张德庆 兴海县满丈岗地区金矿地质特征研究 [D] 辽宁工程技术大学 2013年
[18][25]
གྲལ་ཟུར་དགུ་རོང་སྤུན་གྲོལ། འཇིག་རྟེན་བསྐྱར་བརྟགས། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2022:149 .340
[19] ཆུ་ཀྱཱ་གསང་མགོན་གྱི་སྐུལ་ངོར་རིག་འཛིན་སྐུ་གསུམ་རྡོ་རྗེས་མཛད།
[20] སྟག་ལུང་གི་ཨ་ཁུ་བསྐལ་བཟང་ཤེས་རབ་ལ་བཅར་འདྲི་ཞུས་པ་བཞིན་བཀོད།
[21] རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ། རང་རྣམ་དུ་ཀུ་ལའི་གོས་བཟང་། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། 1989:365
[23] བློ་བཟང་ཆོས་གྲགས་ཀྱིས་བསྒྲིགས། རྗེས་དྲན་དད་པའི་མཛེས་རྒྱན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:6
[24] 韦尔斯 全球通史 [M] 民主与建设出版社
[26][28] 刘铁程 吐谷浑“杭盖”—汉哭山的方位与释名研究 [M] 青海民族研究 2016年02期
[27]  崔永红 唐代青海若干疑难历史地理问题考证 [M] 青海民族大学学报 2017年03期
[29] 魏征等撰:«隋书»卷二十九,志第二十四,地理上,北京:中华书局,1993:898
[30][33]
བཀྲ་ཤིས་རྒྱལ་མཚན། ཆུ་ཀྱཱ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཉི་མ་མཆོག་གི་རྣམ་ཐར། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། 2016:18.18
[31] ཐུའུ་བཀན་བློ་བཟངགཆོས་ཀྱི་ཉི་མ། ཡེ་ཤེས་བསྟན་པའི་སྒྲོན་མེའི་རྣམ་ཐར། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015:38
[32] ཆོས་དབྱིངས་རྡོ་རྗེ། ཁྱབ་གདལ་དགོན་པའི་ལོ་རྒྱུས། བྲིས་མ།
[34] རྣམ་རྒྱལ་འབུམ། མདོ་སྨ་ཧང་ངེ་ས་ཆའི་བུད་མེད་ཀྱི་རྒྱན་ཆ་དམར་གདན་ལ་དཔྱད་པ། [M] བོད་ཀྱི་དམངས་སྲོལ་རིག་གནས། 2021ལོའི་དེབ04
[36] སྤྲེལ་རྫོང་དགོན་པའི་ཨ་ཁུ་བསྟན་འཛིན་ཐོགས་མེད་ལ་དྲིས་པ་ལྟར་བཀོད།
[37] ཞབས་དཀར་ཚོགས་དྲུག་རང་གྲོལ།  ཞབ་དཀར་ཚོགས་དྲུག་གི་རང་རྣམ། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016:372
[38] ལོ་བ་ཆོས་འཕེལ། མདོ་སྨད་དགེ་ལུགས་པའི་དགོན་སྡེ་སྔ་ཤོས་ཧང་ངེ་བྱ་མདོ་དགོན་ཆེན་གྱི་ལོ་རྒྱུས་དང་གནས་བབ་ལ་ཐོག་མར་དཔྱད་པ། [M] ཀྲུང་ཀོ་བོད་རིག་པའི་དུས་དེབ། ༢༠༢༠ལོའི་དེབ༣པ།

རྩོམ་པ་པོ་པདྨ་དངོས་གྲུབ། ཕ་ཡུལ་བྲག་དཀར་རྫོང་། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་གནའ་རབས་ཡིག་ཚང་རིག་པའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
འབྲེལ་ཡོད་འོས་སྦྱོར།