ཡུལ་ཉམས་དགའ་བ་འདི་འདྲ་མཐོང་མྱོང་ངམ།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2023-03-28
ཀློག་གྲངས།:
བོད་དབུས་གཙང་རུ་བཞིའི་ཁོངས་གཡོ་རུའི་ཤར་ཕྱོགས་སུ་ཉང་པོ། ལོང་པོ། ཀོང་པོ་གསུམ་ཞེས་ཉང་ཆུའི་སྟོད་སྨད་བར་གསུམ་གྱི་ཡུལ་ལུང་ཁག་གསུམ་ཡོད་ཅིང་། ཉང་ཆུའི་སྟོད་རྒྱུད་དེ་ཉང་ཆུ་ཆེ་ཆུང་གཉིས་འབབ་པའི་རྒྱུད་ནས་ཆུ་གཉིས་འདྲེས་མཚམས་སུ་ཀོང་པོ་རྒྱ་མདའ་ཆགས་ཡོད། ཀོང་པོ་རྒྱ་མདའ་རྫོང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ནུབ་བྱང་དང་། ལྷ་ས་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། རྫོང་མི་དམངས་སྲིད་གཞུང་ནི་རྒྱ་མདའ་གྲོང་རྡལ་གྱི་ཀོ་གྲུ་ཁར་ཡོད་ཅིང་། རྫོང་དེའི་བྱང་དུ་གཉན་ཆེན་ཐང་ལའི་རི་རྒྱུད་དང་། ལྷོ་རུ་རི་བོ་ཧི་མ་ལའི་རི་རྒྱུད། ནུབ་ཏུ་དབུས་དང་ཀོང་ཡུལ་གཉིས་ཀྱི་ས་མཚམས་ཀོང་པོ་བར་ལའི་རི་རྒྱུད་བཅས་ཀྱིས་བསྐོར་ནས་ཡོད།
རྒྱ་མདའ་ཞེས་པའི་ས་མིང་གི་བྱུང་ཚུལ་ཐད་བཤད་སྲོལ་མི་འདྲ་བ་འགའ་ཞིག་ཡོད་དེ། སྔར་ས་དེར་ཐེམ་དུད་བརྒྱ་ཐམ་པ་ཡོད་པས། བརྒྱ་མདའ་ཞེས་དང་། ལ་ལས་ས་ཆ་དེ་ནི་ཕུ་ཡི་གྲོང་ཚོ་བརྒྱ་ཡི་མདའ་རུ་གནས་པས། བརྒྱ་མདའ་ཞེས་དང་། ཡང་ལ་ལས་ཉང་པོའི་དབུ་ནང་དང་། སྤྱི་ནང་། རྐང་ནང་། སྤྱི་མདའི་འབྲོང་ནང་། ཤབ་ནང་། རྒྱ་ཤིང་གི་ཞི་ནང་། འབྲས་ནང་། ཞོ་ནང་ལ་སོགས་པའི་ནང་ཡིག་དེས་ལུང་པའི་དོན་སྟོན་ཅིང་། དེ་ལྟ་བུའི་ལུང་པ་བརྒྱ་ཡི་མདའ་རུ་གནས་པས། གྲངས་ངེས་པའི་ཐོག་ནས་བརྒྱ་མདའ་ཞེས་མིང་ཐོགས་པ་ཡིན་ཟེར། གང་ལྟར་ཕྱི་རབས་པས་ཡིག་ཟོར་ཡང་དུ་བཏང་ནས་བརྒྱའི་སྔོན་འཇུག་བ་ཡིག་བསྡུས་འབྲི་བྱས་པས། རྒྱ་མདའ་ཞེས་ཡི་གེར་འབྲི་བ་ཡིན་ཟེར། ད་ལྟ་ཉང་པོ་དང་། ལོང་པོ། ཞོལ་ཁ་གསུམ་གྱི་སྤྱི་མིང་ལ་ཀོང་པོ་རྒྱ་མདའ་རུ་འབོད་ནའང་། སྔ་མོའི་དུས་སུ་རྒྱ་མདའ་ཞེས་པ་ད་ལྟའི་རྒྱ་མདའ་ཤང་གི་ས་ཁོངས་དེར་གོ་བ་དང་། ཉང་པོ་ཞེས་ད་ལྟའི་ཉང་པོ་ཤང་དང་། སྤྱི་མདའ་ཤང་། རྒྱ་ཤིང་ཤང་གསུམ་གྱི་མངའ་ཁོངས་ལ་ཟེར་བ། ལོང་པོ་ཞེས་ད་ལྟའི་རྒྱ་མདའ་གྲོང་རྡལ་གྱི་ས་ཁོངས་ལ་ཟེར་སྐད། བོད་ཞི་བའི་བཅིངས་འགྲོལ་མ་བཏང་གོང་ཀོང་པོ་རྒྱ་མདའ་རྫོང་དང་། རྩེ་ལྷ་རྫོང་། ཇོ་མོ་རྫོང་། ཞོལ་ཁ་རྫོང་བཅས་ལ་ཀོང་ཡུལ་རྫོང་བཞི་ཟེར།
ཀོང་པོ་རྒྱ་མདའ་རྫོང་ཁོངས་སུ་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། མིག་སྔར་རི་སྐྱེས་སྲོག་ཆགས་རིགས་མི་འདྲ་བ་རེ་གསུམ་ཙམ་དང་། སྐྱེ་དངོས་རིགས་མི་འདྲ་བ་ཉིས་བརྒྱ་གྱ་བདུན་ལྷག་ཡོད། རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་ཀྱི་ཁོངས་སུ་གཏོགས་པའི་རྩ་ཆེའི་རི་སྐྱེས་གཅན་གཟན་དང་འོ་འཐུང་སྲོག་ཆགས་སོགས་མང་པོ་ཡོད་པ་དཔེར་ན། སྤྲེའུ་དང་། ཤྭ་བ་མཆུ་དཀར། རྒྱ། གླ་བ། གནའ་གཡག གཟིག གསའ་མ་གཟིག དོམ། དྲེད་མོང་། ཨོག་དཀར། སྲམ། ཁྲུང་ཁྲུང་སྐེ་ནག ངང་པ་དཀར་སེར། འཇོལ་མོ། ཅོ་ཀ་ལ་སོགས་ལྟ་བུ་ཡོད།
རྫོང་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ཀྱང་སྣ་མང་ཕུན་སུམ་ཚོགས་པོ་ཡོད་ཅིང་། གཙོ་བོ་ཐང་ཤིང་དང་། གསོམ་ཤིང་། ཤུག་པ། སྦྱར་པ། ལྕང་མ། སྟག་ཤིང་། རྒྱ་ཤིང་། མདུང་ཤིང་། བེར་དོ་ཤིང་། ཤིང་སྟག་མ་ལ་སོགས་རིགས་མི་འདྲ་བ་བརྒྱ་ལྷག་དང་། འབྲས་ཤིང་ཀུ་ཤུ་དང་སྟར་ག་ལ་སོགས་མང་པོ་ཡོད།
ཀོང་པོ་རྒྱ་མདའ་རྫོང་ནི་ཞིང་འབྲོག་གཙོ་གཉེར་ཐོག ནགས་ལས་སོགས་ཀྱང་ལས་གཉེར་བྱེད་པའི་རྫོང་ཞིག་ཡིན་ཞིང་། རྫོང་དེའི་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་སྔོ་སྨན་གྱི་རིགས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དཔེར་ན། བེར་ཤ་དམར་ཁོག དཀར་ཤ སེར་ཤ་སོགས་རི་སྐྱེས་ཤ་མོའི་རིགས་དང་། དབྱར་རྩྭ་དགུན་འབུ་དང་། འཇིབ་རྩི་སྨུག་པོ། སྙི་བ། ལྕགས་ཏིག་ནག་པོ། སོ་ལོ་དམར་པོ་སོགས་སྨན་རྩྭའི་རིགས་ལྔ་བརྒྱ་ལྷག་ཡོད་པར་མ་ཟད། དབྱར་རྩྭ་དགུན་འབུ། སྙི་བ། ཀོ་ཤ་སོགས་ནི་རྩ་ཆེའི་སྨན་རྩྭའི་གྲས་ཀྱང་མང་པོ་ཡོད།
ཀོང་པོ་རྒྱ་མདའ་རྫོང་ལ་དམངས་སྲོལ་ཡུལ་སྐོར་རིག་གནས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། མིག་སྔར་རིག་གནས་དང་ལོ་རྒྱུས། རང་བྱུང་མཛེས་ལྗོངས་སོགས་དོན་སྙིང་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་མང་པོ་ཡོད་ཅིང་། རྒྱལ་ཁབ་ཀྱི་ཀ་བཞི་རིམ་པའི་ལྗོངས་ཁུལ་བྲག་གསུམ་མཚོ་དང་། བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཉང་པོ་བྲག་དཀར་རང་བྱུང་མཛེས་ལྗོངས། འབྲུ་ལ་རྡོ་རྗེ་བྲག་བཙན། ཉང་ཆུ་གཙང་པོའི་རྒྱུད་ཀྱི་ཡུལ་ལྗོངས། སྤང་རྒྱན་ཐང་གི་མཛེས་ལྗོངས་སོགས་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་། དེ་བཞིན་དགོན་སྡེ་དང་། ང་ཕོད་གཞིས་ཀ ང་ཕོད་ཕྱག་མཛོད་གཞིས་ཀ ཤོ་པའི་གནའ་མཁར་སོགས་ངོ་མཚར་ཆེ་ལ་བརྗིད་ཆགས་པའི་ལོ་རྒྱུས་རིག་གནས་ཀྱི་རྟེན་གཞི་མང་པོ་ཡོད། གཞན་ཡང་དམངས་ཁྲོད་གཏམ་རྒྱུད་དང་། དམངས་གཞས། སྒོར་གཞས། ལ་གླུ། བྲོ། རྒྱན་གོས་རིག་གནས་སོགས་ཡོད་པ་དང་། དེ་དག་ཁྲོད་ལས་བྲག་གསུམ་འགྱིང་འཆམ་ནི་གནའ་བོའི་ཤར་བྲག་གསུམ་ཡུལ་གྱི་ཚབ་མཚོན་རང་བཞིན་ལྡན་པའི་སྐོར་བྲོ་ཞིག་ཡིན།
དཔྱིད་ཟླ་གསུམ་པའི་ཀོང་པོ་རྒྱ་མདའ་ནི་མི་ཡུལ་གྱི་གཞལ་ཡས་ཁང་ཞིག་དང་འདྲ་ལ། གནས་འདི་གངས་ཅན་མཐོ་སྒང་གི་ཡུལ་གྲུ་གཞན་དང་བསྡུར་ན་ས་བབ་དམའ་བས། དཔྱིད་ཀྱི་དཔལ་ཡོན་རྒྱས་འགོ་སྔ། གནའ་མི་བོད་ཀྱི་བཤད་སྲོལ་ལ། ཀོང་པོའི་བར་ལའི་ཕར་ཚུར། དབྱར་དགུན་དུས་ཚིགས་གཉིས་རེད་ཟེར་སྲོལ་ཡོད། སྔོན་ཆད། དྲོད་འཇམ་ཡིད་དུ་འོང་བའི་ཀོང་པོ་རྒྱ་མདར་འགྲོ་དགོས་ཚེ། ཀོང་པོ་བར་ལ་བརྒྱབ་ནས་དཀའ་ལས་ཆེན་པོ་ཡོད་མོད། དུས་ད་ལྟ་ཕུག་ལམ་དང་མྱུར་བགྲོད་གཞུང་ལམ། གནམ་ཐང་སོགས་སྟབས་བདེ་ལ། ལྷག་པར་རྒྱལ་ལམ་གསུམ་གཅིག་བརྒྱད་དང་། ལྷ་ཉིང་མྱུར་བགྲོད་གཞུང་ལམ། སྨན་གླིང་གནམ་ཐང་སོགས་དང་ཁ་ཐག་ཉེ་བས་འགྲོ་འདུག་ཤིན་ཏུ་སྟབས་བདེ། དེ་བས་ཁྱེད་ཀྱིས་ལག་ནང་གི་ལས་ཀ་རེ་ཞིག་བཞག་ནས། མི་ཡུལ་གྱི་དག་ཞིང་འདིར་ཕེབས་དང་། སྤྱི་ཟླ་བཞི་པའི་ཚེས་གཅིག་ཉིན། ང་ཚོས་མཉམ་དུ་གནས་འདིའི་མི་ཆོས་ཀྱི་མཛེས་པ་དང་རང་བྱུང་གི་མཛེས་པ། འཆམ་མཐུན་གྱི་མཛེས་པ་ཉམས་སུ་མྱོང་ཡ།
འབྲེལ་ཡོད་འོས་སྦྱོར།