logo

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སང་ལོར་རེ་ཞུ་བྱས་ནས་གཟུག་རྒྱུ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-06-12 ཀློག་གྲངས།:
       མཚོ་སྔོན་པོ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཞིག་ཡིན་ཞིང་། མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཚོ་མོ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ལས་གཞི་གཙོ་བོ་རབ་དང་རིམ་པ་ལག་ལེན་བསྟར་བ་བརྒྱུད་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གནས་སྟངས་དང་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་བརྟན་འཇགས་སུ་གནས་ཡོད།
       མཚོ་སྔོན་པོའི་འདམ་ར་སྲུང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ནི“རང་བྱུང་གི་ལྗང་མདོག་གློ་བ”མཚོ་སྔོན་པོའི་འདམ་རའི་བདེ་ཐང་གི་བསྡུས་གཟུགས་ཞིག་རེད། དེ་ཡང་ཡུལ་དེའི“གློ་བའི་འཕེལ་ཤུགས”མཚོན་བྱེད་ཀྱི་རྟགས་ཆེ་ཤོས་ནི་དེ་གའི་སྲོག་ཆགས་རིགས་ཀྱི་ཚེ་སྲོག་གི་འཕེལ་ཤུགས་ལས་མ་འདས་ཏེ། ལྷག་པར་དུ་གཞི་གྲངས་རེ་རེ་སྟེ། 2022ལོའི་ལོ་མཇུག་བར་མཚོ་སྔོན་པོའི་འདམ་ར་སྲུང་སྐྱོང་བྱེད་ཚད69%ཟིན་པ་དང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཀྱི་གསོག་ཚད་ཏུན་ཁྲི11.41ཟིན་པ། དགོ་དམར་གྱི་ཁ་གྲངས3000ལྷག་ཟིན་པ། འདབ་ཆགས་རིགས232དང་གཅན་གཟན་རིགས42། ཆུ་བྱའི་གྲངས་འབོར་ཁྲི60ལྷག་ཟིན་པ་བཅས་ནི་དཔང་རྟགས་ནུས་ལྡན་ཡིན། དེ་བཞིན་དུ་མཐོ་སྒང་ཁོ་ནར་ཡོད་པའི“རྩྭ་དང་། མཚེའུ། ཉ། འདབ་ཆགས”བཅས་ཀྱི་སྐྱེ་ཁམས་འབྲེལ་ཐག་རིམ་བཞིན་དོ་སྙོམས་སུ་ཕྱིན་པ་དང་། མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་ལས་ལས་གཞི་ཁུལ་གྱི་ཁྱབ་ཁོངས་ནང་འདམ་ར་དང་། རྩྭ་ཐང་། སྐྱེ་དངོས་སྣ་མང་རང་བཞིན། ཆུ་དཔྱད་ཆུའི་ཐོན་ཁུངས་སོགས་ཚུད་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་ས་ངོས་གནས་ཐིག་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས276བཙུགས་ནས། མཚོ་སྔོན་པའི་འབབ་རྒྱུད་དུ་ཁྱབ་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མ་ལག་ཐོག་མ་བཙུགས་ཡོད།
       ད་ལོ་མཚོ་སྔོན་པོས་སྐྱེ་ཁམས་གཞི་གཅིག་སྲུང་སྐྱོང་དང་། སྐྱེ་ཁམས་མ་ལག་བཅོས་སྐྱོང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། དོ་དམ་སྒྲིག་སྲོལ་བཅོས་སྒྱུར་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས2023ལོར་གསར་གཏོད་ལས་འགན་ལེགས་སྒྲུབ་བྱ་རྒྱུ་མ་ཟད། 2024ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་རེ་ཞུ་བྱས་ནས་འཛུགས་ཐུབ་པར་བརྩོན་ལེན་བྱ་རྒྱུ། རྒྱལ་ཁབ་སྤྱི་གླིང་གཏོད་པའི་གོ་སྐབས་དང་བསྟུན་ནས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྟོབས་ཤུགས་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ། མཚོ་སྔོན་པོའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་མྱུར་སྐྱོབ་མ་ལག་དང་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་འགོག་ཟོན་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་མ་ལག་འཛུགས་པ་བཅས་བྱས་ནས“གནམ་ས་མཁའ་དབྱིངས”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་དང་སྲུང་སྐྱོང་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།