བོད་བྱང་ཐང་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་རེད་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-07-11
ཀློག་གྲངས།:
མཐོ་ཞིང་བརྗིད་པའི་མཚོ་བོད་ས་མཐོར་འཛམ་གླིང་གི་ཡང་རྩེ་དང་གོ་ལའི་སྣེ་གསུམ་པ། ཡ་གླིང་གི་ཆུ་མཛོད་སོགས་དོན་གཅིག་མིང་གི་རྣམ་གྲངས་མང་དག་ཅིག་ཡོད་པ་དང་། དེ་ནི་རང་རྒྱལ་ཙམ་མ་ཟད་ཡ་གླིང་ཡོངས་ཀྱི་འབྱུང་ཁམས་ཀྱི་བདེ་འཇགས་སྲུང་ར་གལ་ཆེན་ཞིག་རེད།
ད་ལོའི་སྤྱི4ཚེས26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་གནང་བ་བརྒྱུད«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོབ་བཅའ་ཁྲིམས»ལ་གྲོས་འཆམ་བྱུང་བ་དང་། དུས་དེ་ནས་བཟུང་མཚོ་བོད་ས་མཐོའི་སྲོག་ཆགས་དང་སྐྱེ་དངོས། རི་ཀླུང་དང་ཆུ་མོ་སོགས་ལ་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱུང་ཡོད།
དེ་དང་ཆབས་ཅིག མཚོ་བོད་ས་མཐོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་བྱང་ཐང་ལའང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གཏམ་བཟང་ཞིག་འབྱོར་ཡོད། འདི་ནི་བྱང་ཐང་གི་འབྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་དོན་ཆེན་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2022ལོའི་ལོ་མཇུག་སྐབས། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་སོགས་ཚན་པ་མང་པོས་མཉམ་འབྲེལ་ཐོག«རྒྱལ་ཁབ་ཀྱི་སྤྱི་གླིང་བར་ཁམས་བཀོད་སྒྲིག་ཇུས་གཞི»ཞེས་པ་པར་འགྲེམས་བྱས་པའི་ནང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁུལ49བདམས་ཡོད་པ་དང་། བོད་ལྗོངས་ཀྱི་བྱང་ཐང་དང་ཇོ་མོ་གླང་མ་སོགས་ས་ཁོངས་དྲུག་རྒྱལ་ཁབ་སྤྱི་གླིང་བར་ཁམས་བཀོད་སྒྲིག་ནང་ཚུད་ཡོད་པ་རེད།
བྱང་ཐང་རྒྱལ་ཁབ་སྤྱི་གླིང་ཉིད་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་མ་ལག་ཁྲོད་ཀྱི་མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་རའི་གྲུབ་ཆ་གལ་ཆེན་ཡིན་པའི་ངོས་ནས། མིག་སྔར་སྤྱི་གླིང་འཛུགས་སྐྲུན་དང་དཔྱད་དཔོག་གི་ལས་འགན་ཁག་ལེགས་འགྲུབ་ཟིན་ནས་བདེ་བླག་ངང་མཆན་འགོད་བཀའ་ལན་ཞུ་བའི་དུས་མཚམས་སུ་སླེབས་ཡོད། འཛུགས་སྐྲུན་ལེགས་གྲུབ་ཟིན་རྗེས། བྱང་ཐང་རྒྱལ་ཁབ་སྤྱི་གླིང་ཉིད་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་དང་། ས་བབ་མཐོ་ཤོས། དངོས་རིགས་དམིགས་བསལ་ཆེ་ཤོས་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་འགྱུར་རྒྱུ་རེད།
ཤེས་རྟོགས་བྱུང་བར། བྱང་ཐང་རྒྱལ་ཁབ་སྤྱི་གླིང་ཉིད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གཞི་རྟེན་དུ་བྱས་ནས་འཛུགས་སྐྱོང་བྱ་རྒྱུ་རེད། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་བོད་ལྗོངས་ཀྱི་བྱང་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་29.8ཟིན་པ་དང་། གཙོ་བོ་ནག་ཆུ་གྲོང་ཁྱེར་གྱི་ཉི་མ་རྫོང་དང་མཚེའུ་གཉིས་རྫོང་། མངའ་རིས་ས་ཁུལ་གྱི་སྒེར་རྩེ་རྫོང་སོགས་རྫོང་ཁག་དྲུག་ཏུ་ཁྱབ་ཡོད་པ་རེད།
བདག་མེད་སྲོག་ཆགས་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་པ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་བདག་མེད་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་མི་དང་རང་བྱུང་ཁམས་གཉིས་ཞི་མཐུན་མཉམ་གནས་ཐུབ་པ་བྱེད་པའི་བྱ་ཐབས་ལེགས་ཤོས་ཀྱི་གྲས་ཤིག་ཡིན་པས། རྩ་ཆེ་བའི་བདག་མེད་སྲོག་ཆགས་ཀྱི་ཁྱུ་ཚོགས་དང་འཚོ་སྡོད་ཁུལ་ལ་སྲུང་སྐྱོབ་བྱེད་པ་དང་། འཚོ་གནས་ཀྱི་འབྱུང་ཁམས་མ་ལག་སྲུང་སྐྱོབ་བྱེད་པའི་ཐད་གལ་འགངས་ཧ་ཅང་ཆེ་བའི་ནུས་པ་དང་དོན་སྙིང་ལྡན་ཡོད།
འབྲེལ་ཡོད་འོས་སྦྱོར།