logo

མཚོ་ཆེན་ཁྲི་ཤོར་རྒྱལ་མོས་ལྷད་མེད་འཕེལ་རྒྱས་གླུ་རུ་གྱེར།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2024-03-28 ཀློག་གྲངས།:
       མཚོ་སྔོན་པོ་ནི་ནུབ་ཀྱི་མྱ་ངམ་ཐང་ཤར་དུ་མཆེད་པ་བཀག་འགོག་བྱེད་སའི་རང་བྱུང་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་པོའི་གསེར་ཉ་དང་ཆུ་བྱའི་འཚོ་གནས་ཀྱི་ཁྱིམ་གཞིས་ཀྱང་ཡིན། དེ་མིན་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཡིན་ཞིང་། དེར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་མ་ཟད། གདོད་མའི་སྐྱེ་ཁམས་ཀྱི་ས་མཐོའི་མཛེས་པའང་ལྡན་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་ཡིད་ཀྱི་སྨོན་པ་འཆོར་སའི་གནས་མཆོག་ཞིག་ཡིན།
       མཚོ་སྔོན་གྱིས་དུས་བབ་དང་བསྟུན་ནས་སྲུང་སྐྱོབ་ནན་མོ་བྱེད་པའི་ཁྲོད་ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་ཕྱོགས་ལ་གོམ་ཁ་བསྒྱུར་ཏེ། “ཁུ་སིམ་པའི”སྐྱེ་ཁམས་ཐོན་ཁུངས་དེར“འགུལ་ལྡན”གྱི་རིན་ཐང་ལྡན་པའི་གོམ་སྟབས་ནམ་ཡང་ལྷོད་མ་མྱོང་། 
       སྐྱེ་ཁམས་དཔལ་ཡོན་ལྡན་པའི་མཐོ་གནས་མུ་མཐུད་དུ་བཏོད་དེ་ཐོན་ལས་ཀྱི“གནས་བཞིའི”བླང་བྱ་གལ་ཆེན་ལ་དམིགས་ནས། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བཏོད་དེ། «རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པའི་ལས་ཀའི་ཇུས་གཞི»དཔར་འགྲེམས་བྱས་ནས་ལག་བསྟར་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་ཡུལ་ལྗོངས། ས་ཁོངས་རིག་གནས་བཅས་སྲུང་སྐྱོབ་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་བཟུང་ནས། “སྐྱེ་ཁམས་ཀྱི་མཚོ་སྔོན་པོ”བཏོད་ནས་ཆུ་དང་། རླུང་ཁམས་ཆེན་མོ། མཛེས་ལྗོངས་ཁོར་ཡུག་བཅས་ཀྱི་སྤུས་ཚད་སྲུང་སྐྱོབ་བྱས་ཡོད། མཚེའུ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་དང་། བྱ་རིགས་དང་གསེར་ཉའི་འཚོ་གནས་ཁོར་ཡུག་ལེགས་སུ་གཏོང་བ། མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་གི་སྤུས་ཚད་མཐོ་རུ་གཏོང་བ། བྱེ་འགྱུར་ལ་ཚོད་འཛིན། མཚོ་སྐོར་བརླན་སའི་སྲུང་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཁྱད་ལྡན་ལྟ་སྐོར་དང་། རིག་གནས་མྱོང་ཚོར། སྐྱེ་ཁམས་སྤྲོ་གསེང་། ཕྱི་རོལ་ལུས་རྩལ་སོགས་ཁྱད་ཆོས་སྣ་མང་ལྡན་པའི་ས་མཐོའི་མཚེའུ་སྐྱེ་ཁམས་ཡུལ་སྐོར་གྱི་གནས་མཆོག་ནུས་ཤུགས་ཡོད་རྒུས་བཏོད་དེ་དུས་བཞི་དང་ས་ཁོངས་ཡོངས། དུས་གཡེར་མེད་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་ནས། མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་སྤུས་རྟགས་དེ་རྒྱལ་ཡོངས་དང་འཛམ་གླིང་སྟེང་བསྐྱོད་པར་སྐུལ་འདེད་བཏང་།
མཚོ་སྔོན་པོའི་བྱ་གླིང་།
       རྩེ་རིམ་ཇུས་འགོད་འཐུས་ཚང་དུ་བཏང་ནས་ཚད་གཞི་མཐོ་བའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ།     
       དོ་དམ་སྒྲིག་སྲོལ་འཐུས་ཚང་དང་ད་ཡོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། མཛེས་ལྗོངས་གཞི་གཅིག་ཅན་དང་དོ་དམ་གཞི་གཅིག་ཅན། འཛུགས་སྐྲུན་གཞི་གཅིག་ཅན། ལས་གཉེར་གཞི་གཅིག་ཅན་བཅས་ཀྱི་དམིགས་འབེན་ལྟར། འཆར་འགོད་གཅིག་གྱུར་དང་ཚད་གཞི་གཅིག་གྱུར། ལས་གཉེར་གཅིག་གྱུར་བཅས་བྱས། རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱས་ནས། འཛུགས་སྐྲུན་དམིགས་ཚད་གཏན་འབེབས་དང་གདེང་འཇོག་མ་ལག་ཁ་གསལ་བཟོས་ནས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་ལ་བརྟག་དཔྱད་ལམ་སྲོལ་དང་། ཕྱོགས་གསུམ་པའི་གདེང་འཇོག་ལམ་སྲོལ། དཔྱད་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཀྱི་བྱ་དགའ་དང་ཆད་གཅོད་ལམ་སྲོལ་བཅས་བཙུགས་ཏེ། རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་བྱེད་པའི་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་སོགས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་བླང་བྱ་ལྟར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཚད་གཞི་ཅན་གྱི་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས།
       2023ལོའི་ཟླ5པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཤོག་ཚད་ཡོད་ཀུང་སིའི་གྲབས་འཛུགས་གཞུང་དོན་ཁང་བཙུགས། ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཤོག་ཐོ་འགོད་བྱས་ནས་དངོས་སུ་བཙུགས་པ་དང་འགན་ནུས་སྡེ་ཚན10དང་།  ཡན་ལག་ཀུང་སི3། ཀུང་སི4བཅས་ཀྱི་སྒྲོམ་གཞི་བཀོད་སྒྲིག་བྱས་ནས་དཔེ་སྟོན་ཁུལ་བསྐྲུན་པ་་དང་མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་སོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་འགན་ཁུར་ཏེ། “གཞི་གཅིག་ཅན”མངོན་འགྱུར་ཡོང་ཆེད་རྨང་གཞི་བཏིངས་བ་རེད།
       མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཤོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ལས་འཛིན་པ་མོང་ཏེང་ཁུའེ་ཡིས་བཤད་རྒྱུར། “2023ལོར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་དང་སྦྲེལ་མཐུད་གང་ལེགས་བྱས་ཏེ། ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ལ་མངགས་བཅོལ་བྱས་ནས«རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཕེལ་རྒྱས་འཆར་འགོད(2023ལོ་ནས2035ལོ་བར)»དང་། «རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་ལོ་ལྔའི་བྱ་སྤྱོད་ཇུས་གཞི(2023ལོ་ནས2027ལོ་བར)»སོགས་ཀྱི་ཐོག་མའི་འཆར་ཟིན་བཟོས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཚན་རིག་ཞིབ་འཇུག་ཁང་ལ་མངགས་བཅོལ་སྒོས«མཚོ་སྐོར་གནས་སྐོར་མཛེས་ལྗོངས་བར་ཁྱམས་འཆར་འགོད»ཀྱི་ཐོག་མའི་འཆར་ཟིན་བཟོས་པ་དང་། ཀྲུང་གོ་བཟོ་སྐྲུན་ཇུས་འགོད་གླིང་ལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་རྟ་ནག་མའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཇུས་འགོད་ཇུས་གཞི་དང་ཞིབ་ཕྲའི་འཆར་འགོད་ཇུས་གཞི་སོགས་སྤུས་ཚད་མཐོན་པོས་ཚན་རིག་དང་མཐུན་པའི་འཆར་འགོད་དང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུའི་མངགས་བཅོལ་བྱས་ཡོད”ཟེར། དེ་དང་ཆབས་ཅིག། མཚོ་སྐོར་གནས་སྐོར་ལམ་ཆེན་བསྐྲུན་པའི་གོམ་སྟབས་མགྱོགས་སུ་བཏང་ནས་མིག་སྔར་དངོས་སུ་བསྐྲུན་འགོ་ཚུགས་ཡོད། ད་ཡོད་ཀྱི་ཡུལ་སྐོར་ཞབས་ཞུའི་ཀུན་སྤྱོད་རྨང་གཞིའི་མ་ལག་དང་། ཞབས་ཞུའི་འགན་སྲུང་ཚད་གཞིའི་མ་ལག ཞབས་ཞུ་མཁོ་འདོན་བྱེད་པའི་ཚད་གཞིའི་མ་ལག་བཅས་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ། “རྒྱལ་ཁབ་རིམ་པའི་མཚོ་སྔོན་པོའི་སྐྱེ་ཁམས་ཞབས་ཞུའི་ལས་རིགས་ཚད་གཞི་ཅན་གྱི་ཚོད་ལྟའི”རེ་ཞུའི་ལས་དོན་ལེགས་སྒྲུབ་བྱས་ནས། མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་ཚད་གཞི་ཅན་གྱི་ཞབས་ཞུའི་ཚོད་ལྟའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་ཚད་གཞིའི་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད།
གསེར་ཉ་ཚང་དུ་ལོག་པའི་རྣམ་པ།
མཚོ་དར་ལ་གཡང་ཊི་ལྟ་བུའི་ཐུན་མིན་གྱི་མཛེས་པ་མངོན།
       ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་བས་མཚོ་སྔོན་པོའི་དམིགས་བསལ་ཁྱད་ཆོས་ལ་མྱོང་རོལ་བྱས།
       དཔྱིད་དུས་ཀྱི་མཚོ་སྔོན་པོར་གཞན་དང་མི་འདྲ་བའི་ཉམས་འགྱུར་ལྡན་པས། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། མཚོ་ངོས་སུ་གསེར་མདོག་གི་་ཉི་འོད་དལ་གྱིས་ཤར་ནས་མཚོ་འགྲམ་གྱི་ག་ས་གང་དུ་ཡུལ་སྐོར་བས་པར་རྒྱག་བཞིན་པ་མཐོང་།
       ཀྲེ་ཅང་ཞིང་ཆེན་ནས་ཡོང་བའི་ཡུལ་སྐོར་བ་ཀོན་ཝུའེ་ཝུའེ་ཡིས་བཤད་རྒྱུར། “མཚོ་སྔོན་པོ་འདི་འདྲའི་མཛེས་པའང་། ང་རང་ན་ནིང་དབྱར་དུས་ཐེངས་གཅིག་ལ་ཡོང་མྱོང་ལ།གནམ་ས་གཅིག་ཏུ་འདྲེས་པའི་མཚོ་སྔོན་པོའི་ཡུལ་ལྗོངས་ཀྱིས་ཡུལ་འདི་ལ་ཞེན་ཆགས་ནས་ལོག་འདོད་མི་སྐྱེས་པའི་སྣང་བ་སྟེར། ཉིན་འགས་སྔོན། མཚོ་སྔོན་དུ་དགུན་དཔྱིད་ཡུལ་སྐོར་གྱི་བྱེད་སྒོ་ཡོད་པ་ཤེས་ནས་ང་རང་ནང་མི་དང་ལྷན་དུ་ཡང་བསྐྱར་དཔྱིད་མགོའི་མཚོ་སྔོན་པོར་འཇལ་དུ་ཡོང་བ་ཡིན”ཅེས་བཤད།
       2023ལོར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི322.74ལ་སྣེ་ལེན་བྱས་ཤིང་། དེ2019ལོའི་དུས་མཚུངས་ལས38%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 2024ལོའི་ལོ་སར་དུས་ཆེན་རིང་། མཚོ་སྔོན་པོས་ཡུལ་སྐོར་བ་ཁྲི1.32ལ་སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་ཁྲི63ལས་བརྒལ་ནས་ལོ་སར་དུས་ཆེན་གུང་གསེང་རིང་གི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།
       མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར2.24ལྷག་བཏང་ནས་མཚོ་སྔོན་པོའི་ནུ་ལྕེ་དང་། ལྷ་མོ་གཞོངས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་ཞིང་། སྤྱི་ལེ15.4ཡི་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་ལམ་སྒྱུར་བཀོད་དང་། ནུ་ལྕེ་གྲུ་ཁ་སྲ་བརྟན་དང་ཉམས་གསོ། རས་གུར་མགྲོན་ཁང51གསར་བཟོ། གཞོན་ནུ་འགྲུལ་ཁང་སྟར་པ6སྒྱུར་བཀོད། ཡུལ་སྐོར་གསང་སྤྱོད་སྒྱུར་བཀོད། ཆུ་བཟོ་གྲྭ་ཉམས་བཟོ། ཁྲོ་ཐབ་སྒྱུར་བཀོད། འཁྲབ་སྟོན་ལྟེ་གནས་སྒྱུར་བཀོད། སྨན་བཅོས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལེགས་སྒྲུབ་བྱས་ནས་གནས་སྐབས་རླངས་འཁོར་འཇོག་ས5བསྐྲུན་ནས་རླངས་འཁོར་འཇོག་གནས5718བར་རྒྱ་བསྐྱེད་པ་དང་། ལྗོངས་ཁུལ་གྱི་ལྗང་སྒྱུར་འདེབས་འཛུགས་སོགས་ཇེ་ལེགས་སུ་བཏང་ནས། མཛེས་ལྗོངས་ཁུལ་གྱི་རྣམ་པ་གསར་རྐྱང་དུ་སྒྱུར་བས། ཡུལ་སྐོར་བའི་ཉམས་ལེན་བྱེད་ཚད་སྔར་བས་མཐོར་འདེགས་སུ་བཏང་།
       མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ཚད་གཞི་དང་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་ཆེད། «མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས“སྤུས་ཚད་ཞབས་ཞུའི་དུས་ཚིགས”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་ཇུས་གཞི»བཟོས་ནས། རྒྱུན་རྣམ་ཅན་གྱི་སྟེང་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་བསྡུས་ཏེ།མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་དང་ཞབས་ཞུའི་ཚད་གཞི་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞུ་གཏུག་བདག་སྤྲོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཡུལ་སྐོར་ཞུ་གཏུག་བདག་སྤྲོད་ལྟེ་གནས་བཙུགས་ནས་ཞུ་གཏུག་དང་ཐོལ་བྱུང་དོན་རྐྱེན་གཅིག་གྱུར་ཐོག་བདག་སྤྲོད་བྱེད་པ་དང་འབྲེལ་ཐག་གཅོད་འོས་འཚམ་བྱས། སྐྱེ་ཁམས་ཡུལ་སྐོར་གྱི་འགན་བཅོལ་མ་ལག་དང་བབ་བསྟུན་མྱུར་སྐྱོབ་ལམ་སྲོལ་འཐུས་ཚང་དང་། བདེ་སྐྱོང་སྔོན་འགོག་ཚོད་འཛིན་མ་ལག་གསར་གཏོད། དོན་རྐྱེན་མྱུར་བསྟུན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་བར་ཉེན་མེད་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་དགོས།
       གཞན་ཡང་། མ་དངུལ་སྒོར་ཁྲི550བཏང་ནས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་མཚོ་སྔོན་པོའི་སྨན་བཅོས་ཞབས་ཞུའི་ས་ཚིགས་བསྐྲུན་པ་དང་། སྨན་བཅོས་མྱུར་སྐྱོབ་སྒྲིག་ཆས་དང་ས་མཐོའི་གསོ་རླུང་སྒྲིག་ཆས་བཀོད་སྒྲིག་བྱས་ནས།  སྨན་བཅོས་སྲོག་སྐྱོབ་དང་རྒྱུན་གཏན་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ནས་ཡུལ་སྐོར་བའི་ཚེ་སྲོག་དང་བདེ་ཐང་འགན་ལེན་ནུས་ལྡན་བྱས།
མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཤོག་ཚད་ཡོད་ཀུང་སིས་ནུས་ཤུགས་གང་ཡོད་བཏོན་ནས་དཔེ་སྟོན་ཁུལ་བསྐྲུན།
མཚོ་སྔོན་པོའི་དབྱར་གྱི་མཛེས་པ།
        མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི“མིང་བྱང”ཕྱོགས་ཡོངས་ནས་བཏོད་པ།     
       པར་ནང་གི་མཛེས་ལྗོངས། ལྗོངས་ནང་གི་མི། “རིག་གནས+ཡུལ་སྐོར”གྱི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པའི་ངོས་ནས། ཉིན་ཤས་གོང་། མཚོ་སྔོན་གྱི་སྐྱེ་ཁམས་པར་ལེན་འགྲེམས་སྟོན་དེ་མཚོ་སྔོན་པོ་ནས་གཟབ་རྒྱས་ངངབསྡུས་བ་དང་། སྐྱེ་ཁམས་དང་རང་བྱུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱད་ཆོས་ཚུད་ཡོད། པར་བས་པར་རྩལ་ལ་བརྟེན་ནས་ལྟ་སྐོར་བར་བརྩམས་ཆོས་བརྒྱ་ལྷག་གི་མིག་དབང་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
       ལོ་ངོ་འདི་དག་གི་རིང་། “མཛེས་པའི་ཀྲུང་གོ་དང་བདེ་སྐྱིད་ལྡན་པའི་ཡུལ་སྐོར”ཞེས་པའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན། ཉི་མ་ནུབ་རིའི་ངོགས་སུ་སྐྱོད་པའི་བྱེད་སྒོ་སོགས་ཚང་མ་རབ་མཛེས་ལྡན་པའི་མཚོ་སྔོན་པོའིའགྲམ་ནས་སྤེལ།
       2024ལོའི་ལོ་སར་དུས་ཆེན་གྱི་གུང་གསེང་རིང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས“དགུན་དུས་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། དགུན་ཁའི་མཛེས་ལྗོངས་དྲིལ་སྒྲོག་བྱས་ཏེ། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག། མཚོ་སྔོན་པོའི་རྒྱལ་སྤྱིའི་མགྲོན་ཁང་གིས“ཞག་སྡོད་དང་།  བོད་ལྭ་གྱོན་ནས་པར་རྒྱག་པ། ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི”ཡུལ་སྐོར་བྱེད་ཐབས་བཏོན་ནས་ཉིན་རེར་ཆ་སྙོམས་ཞག་སྡོད་བྱེད་ཚད100ལྷག་ལ་སླེབས་ཡོད།
       མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཐོག་མཐར་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་ཡུལ་སྐོར་དང་མཛེས་ལྗོངས་ཁུལ་གྱི་གསར་སྤེལ་ཞི་མཐུན་གཅིག་གྱུར་གྱི་འབྲེལ་བ་གཅིག་འདོམས་དང་དོ་སྙོམས་ཡོང་བར་བྱས། མཛེས་ལྗོངས་ཁུལ་གྱི“སྐྱེ་ཁམས་ཡུལ་སྐོར་དང་འགྲིམ་འགྲུལ་ཟུང་འབྲེལ”དང་། “སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཟུང་འབྲེལ”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས། “འཇའ་ཚོན་གྱི་ལམ”དང་གཞུང་ལམ། “ཉ་དང་འདབ་ཆགས་མཉམ་གནས”ཀྱི་རིམ་སྤེལ་ཚོན་རིས་དང་། ཁྱད་ལྡན་དྲ་གྲགས་ཀྱི་ཡུལ་སྐོར་གནས། འཁྲབ་སྟོན་ཐང་ཆེན་སྒྱུར་བཀོད་སོགས་ཀྱི་དམངས་སྲོལ་འཁྲབ་སྟོན་ལེ་ཚན་བཏོན་ནས། སྣ་མང་རང་བཞིན་དང་། སྤྱི་ཚོགས་རང་བཞིན། སྐྱེ་ཁམས་རང་བཞིན་བཅས་ཀྱི་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་མངོན་ཡོད།
       གཞན་ཡང་། མཛེས་ལྗོངས་ཁུལ་མཉམ་འདྲེས་འཕེལ་རྒྱས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ས་ཞིང་འཁོར་རྒྱུག་དང་། མཉམ་ལས་གཉེར་སྐྱོང་། ལས་ཞུགས་བསྡུ་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཉེ་འཁོར་མང་ཚོགས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་མང་ཚོགས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་རག་ཐུབ་ཡོད། ད་ཆར། མཚོ་སྔོན་པོའི་འབབ་རྒྱུད་དུ་ལོ་མང་རིང་གི་སྲུང་སྐྱོབ་གྲུབ་འབྲས་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བཞིན་མཆིས་ལ། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་ཆེད་ཀྱིཉམས་དགའ་བའི་རྣམ་པ་མངོན་ཡོད།
       གནའ་དེང་ཟུང་འབྲེལ་གྱི་མཛེས་སྡུག་དང་ཐུན་མོང་ཐོག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་འཕེལ་རྒྱས་ཀྱི་འགོ་འཇུག་བར་གསུམ་ལ་ཁྱབ་པར་བྱས་པ་སོགས། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་སྔར་ལས་འཕེལ་རྒྱས་འགྲོ་བའི་ལམ་ལ་ཆས་དང་ཆས་བཞིན་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།