logo

དགུན་དུས་ཀྱི་མཚོ་སྔོན་པོ།

རྩོམ་པ་པོ།:རྒྱལ་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2026-02-02 ཀློག་གྲངས།:
       དགུན་དུས་ཀྱི་མཚོ་སྔོན་པོ་ལ་ཐུན་མོང་མ་ཡིན་པའི་མཛེས་སྡུག་ལྡན་པ་དང་། ཉི་འོད་འོག་ཏུ་དར་ཆགས་པའི་མཚོ་སྔོན་པོ་དྭངས་ཤིང་གསལ་ལ་མཐོ་སྒང་དུ་རྒྱན་པའི་ཨིནྡྲ་ནི་ལ་དང་མཚུངས་ཤིང་། འདི་འདྲའི་གངས་ལྗོངས་སུ་མ་གཏོགས་མེད་པའི་མཛེས་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ནས་གནས་འདིར་ཡུལ་སྐོར་ལ་ཡོང་གི་ཡོད། མཚོ་སྔོན་པོ་ལྗོངས་ཁུལ་གྱིས“དར་སྔོན་པོ”ལྟེ་བ་ཡིན་པའི་རིག་གནས་ཡུལ་སྐོརIPལ་བརྟེན་ནས། མཐོ་སྒང་དགུན་དུས་གྱི“གྲང་པའི་ཐོན་ཁུངས”ལ་རིག་གནས་དང་ཡུལ་སྐོར་གྱི“ཚ་བའི་ཕན་ནུས”ཆེན་པོ་ཐོན་ཡོད་པ་དང་། ཟླ་དང་པོའི་ཚེས27ཉིན་བར་མཚོ་སྔོན་པོ་ལྗོངས་ཁུལ་གྱིས་དགུན་དུས་རིང་ལ་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི3.4ལ་སྣེ་ལེན་བྱས།
       ཡུལ་སྐོར་བའི་ཉམས་ལེན་ཇེ་ལེགས་སུ་གཏོང་ཆེད། ལྗོངས་ཁུལ་གྱིས་བཟོ་རྩལ་ལ་བརྟེན་ནས་རྩྭ་སྟེགས་སྒྱུ་རྩལ་དང་གངས་དེའུ་མཛེས་ལྗོངས། དར་སྔོན་པོའི་བརྗིད་ཉམས་བཅས་ཁྱད་ཆོས་ལྡན་པའི་གནས་གསུམ་བསྐྲུན་ཏེ། གླང་ཆེན་མཆེ་བ་ཕྱེད་གླིང་གི་རང་བྱུང་གི་དར་གྱི་ཕུང་བོ་ནི་དར་སྔོན་པོར་གཟིགས་སའི་ཁྱད་ཆོས་ལྡན་པའི་གནས་རྟགས་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག ལྗོངས་ཁུལ་གྱིས་ཡུལ་སྐོར་ལམ་ཐིག་གཏན་འཁེལ་བྱས་ཆོག་པའི་སྤྱི་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པ་དང་། རླངས་འཁོར་སྟེང་དུ་འགྲེལ་བཤད་མི་སྣ་ཡིས་ཡུལ་སྐོར་བ་རྣམས་ལ་དར་དང་འབྲེལ་བའི་ཚན་རིག་གི་ཤེས་བྱ་དང་དར་ཆགས་པའི་རྩ་བའི་རིགས་པ་སོགས་འགྲེལ་བཤད་བྱེད་པ་ཡིན།
       རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་དང་སྤ་སེ་ཕན་ཆ་ཆེ་བའི་སྲིད་ཇུས་གཉིས་རིམ་བརྩེགས་བྱས་ནས། ཡུལ་སྐོར་གྱི་ནུས་གོང་གཉིས་བསྡུར་སྔར་བས་ཆེ་རུ་བཏང་བ་དང་། སེམས་དྲོ་བའི་ཞབས་ཞུའི་ས་ཚིགས་ཇེ་མང་དུ་བཏང་སྟེ། ཡུལ་སྐོར་བར་གླ་ཡོན་མི་དགོས་པའི་ཇ་དང་དབྱང་རླུང་དམ་བུ་སོགས་ཀྱི་དངོས་རྫས་མཁོ་འདོན་བྱས་ནས། ཕྱོགས་ཡོངས་ནས་ཡུལ་སྐོར་གྱི་ཞབས་ཞུ་ལས་དོན་ལེགས་པར་བསྒྲུབས་པ་རེད། །