logo

གོང་མའི་བཀའ་ཤོག་ཀྱང་མ་སླེབས་པའི་རི་ཁྲོད།

རྩོམ་པ་པོ།:ཨ་ཁུ་རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-12-28 ཀློག་གྲངས།:

གོང་མའི་བཀའ་ཤོག་ཀྱང་མ་སླེབས་པའི་རི་ཁྲོད།
---ར་ཁའི་བྲག་རི་ཁྲོད།

     ར་ཁའི་བྲག་རི་ཁྲོད་དེ་སེ་ར་དགོན་གྱི་རྒྱབ་རིའི་ཤར་ངོས་སུ་གནས་ཡོད་ཅིང་། དེ་ཡང་ཐོག་མར་བོད་རབ་བྱུང་བདུན་པའི་མེ་ཕག་སྤྱི་ལོ1407ལོར་རྗེ་ཙོང་ཁ་བ་ཆེན་པོ་གནས་འདིར་སྒྲུབ་པ་མཛད་ནས་བཞུགས་ཤིང་དྲང་ངེས་ལེགས་བཤད་སྙིང་བོ་ཞེས་བསྟན་བཅོས་རྨད་དུ་བྱུང་བ་དེ་བརྩམས་པས་སེ་ར་ཆོས་སྡིངས་ཇི་བཞིན་ཆེས་རྨད་དུ་བྱུང་བའི་རི་ཁྲོད་ཅིག་ཡིན།
     ངེད་གཉིས་སེ་ར་ཆོས་སྡིངས་ནས་དྲང་ཐད་དུ་སོང་བས་ལམ་ནོར་ཏེ་བྲག་ནང་ནས་ཡར་འཛེགས། སེ་རའི་དུར་ཁྲོད་ཀྱི་ཐོད་མགོ་ནས་ལྟ་དུས་ར་ཁ་བྲག་ནི་རི་སྐེད་ན་ཆགས་ཡོད་པ་མཐོང་། སྔོན་གནས་འདིའི་རྒྱབ་རིའི་རྩེ་མོར་ཆོས་རྒྱལ་བྲག་ཟེར་བ་བྲག་རི་ཤིན་ཏུ་བརྗིད་ཆགས་ངོ་མཚར་ཅན་ཞིག་ཡོད་པ་དེར་རྗེ་ཙོང་ཁ་བ་ཆེན་པོ་རྫུ་འཕྲུལ་གྱིས་བྲག་ཁའི་གསེབ་ཏུ་ཞག་བདུན་སྒྲུབ་པ་མཛད་ནས་བཞུགས། དམ་ཅན་ཆོས་ཀྱི་རྒྱལ་བོས་རྗེ་བཙལ་ནས་དབུ་རྭས་བྲག་ཁ་གཤག་ནས་རྗེའི་ཞབས་ཞུ་གནང་། དེར་ཆུ་མེད་པས་གཏེར་ཆུ་བཏོན་པར་ད་ལྟའང་ཆོས་རྒྱལ་གཏེར་ཆུ་ཟེར།
     རྗེའི་སྒྲུབ་ཁང་ནང་ཨ་རང་བྱོན་དང་། ཨ་དགའ་བསོད་ནམས་ཀྱི་ཕྱག་རྗེས་ཡོད། སྒྲུབ་ཁང་གི་འགྲམ་དུ་རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་གི་སྒྲུབ་ཁང་ཡོད་ཅིང་དེ་དག་གི་སྒོ་ལྒིགས་སུ་སོ་སོའི་མིང་བྲིས་འདུག སྒྲུབ་གནས་དེ་དག་ནི་ད་ལྟ་སློབ་གཉེར་བ་ཕལ་བ་ཡང་སྡོད་མི་སྤྲོ་བ་ཞིག་ཡིན་པས་འདི་ཙམ་ལ་བལྟས་ཀྱང་རྗེ་བླ་མར་དད་པ་དུང་ལྷང་ངེ་བ་ཞིག་དབང་མེད་དུ་སྐྱེས་འོང་།
     སྐབས་འདིར་ངས་ཨ་རིག་དགེ་བཤེས་ཆེན་མོའི་གསུང་རྩ་ཆེན་ཞིག་སྟེ། རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་མཁས་གྲུབ་རིན་པོ་ཆེས་བསྐྱར་དུས་ན། མི་དམན་རྣམ་དཔྱོད་མཆོག་གིས་ལེགས་བསྡམས་ཤིང་། །ནས། གཅིག་ཏུ་སྒྲུབ་ལ་དགྱེས་པ་དེ་རྨད་དོ། །ཞེས་གསུངས་པ་རྗེའི་རྣམ་ཐར་འཆུག་མེད་ཡིན། རྗེ་བདག་ཉིད་ཆེན་པོ་གོང་མ་རྒྱལ་བོས་གདན་དྲངས་ནས་ཁོའི་བླ་མ་བྱེད་དགོས་ཞུས་དུས། ངེད་ཁམས་མི་བདེ་ཞེས་སེ་ར་རྩེའི་བྲག་སྲིབ་ལ་ཡིབ་ནས་སྒུལ་མ་ཚུགས། དེ་མིན་པ་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱིས་མགོ་བྱས་ས་རྙིང་ཀར་འབྲུག་དགེ་ལྡན་པའི་བླ་མའི་རིགས་སུ་ལའང་གོང་མས་དེ་འདྲ་ཞིག་སྨྲས་ན་མ་གིར་མི་རྒྱུག་མཁན་མེད་ཅེས་གསུངས་པ་དེ་དྲན་བྱུང་།
     ཇི་འདྲའི་བདེན་ཨང་། ཁོང་ཏཱ་མིང་རྒྱལ་བོས་གདན་འདྲེན་ཞུ་མ་ཐུབ་པའི་གནས་དེ་ཡང་འདི་ཉིད་ཡིན་པས་འདི་ནི་རྗེ་བླ་མའི་ལོ་རྒྱུས་ལས་ངོམ་དུ་རི་བ་ཞིག་སྟེ་མཁས་པ་ཆེན་པོ་དག་གི་རྣམ་ཐར་ལྒིང་དུས་རྒྱ་ནག་གོང་མའི་དབུ་བླ་ཡིན་པ་དེ་བླ་ན་མེད་པའི་མཛད་པ་ཞིག་ཏུ་བྲིས་ཡོད་མོད། རྗེ་བླ་མས་དེ་ནི་དང་དུ་ལེན་མི་འདོད་པ་ཞིག་ཏུ་དགོངས་ཡོད་པ་དེ་རེད།
     སྐབས་དེའི་གནས་ཚུལ་དེ་རྗེའི་རྣམ་ཐར་དག་ཏུ་གསལ་བོར་བཀོད་ཡོད། ཁོང་གིས་སེ་ར་ཆོས་སྡིངས་སུ་ཆོས་ཀྱི་འཁོར་ལོ་སྐོར་བཞིན་བཞུགས་པའི་ཉིན་གཅིག་གུང་རུ་དགེ་སྦྱོང་སོགས་འགའ་ཞིག་ལ་གཞན་ལ་སྒྲོག་མི་རུང་བའི་ཞལ་ཏ་མཛད་དེ་རང་རེ་ལ་བར་ཆད་ཀྱི་མཚན་མ་འགའ་སྣང་བས་ཟླ་འགར་གཞན་དུ་འགྲོ་དགོས་ཞེས་གསུངས་ནས་མཚན་མོར་དཔོན་སློབ་གསུམ་གཞན་སུས་ཀྱང་མི་ཚོར་བར་བྱས་ནས་ར་ཁ་བྲག་ཏུ་བྱོན། འཇམ་པའི་དབྱངས་ཀྱིས་དབུ་སེམས་ཀྱི་གྲུབ་མཐའི་གནད་གསུངས་པ་རྣམས་ཟིན་བྲིས་སུ་བཏབ་ནས་ལེགས་བཤད་སྙིང་བོ་མཛད།
     སྐབས་དེར་རྒྱ་ནག་ནས་གདན་འདྲེན་པའི་གསེར་ཡིག་པ་སེ་ར་ཆོས་སྡིངས་སུ་སླེབས་པས་རྗེ་བླ་མ་གར་བཞུགས་མ་ཤེས་པས་ཡུན་རིང་བོར་འགོར། རྗེས་སུ་མི་དབང་གྲགས་རྒྱན་དང་དཔོན་ནམ་མཁའ་བཟང་བོ་སོགས་ཀྱིས་ནན་གྱིས་ཞུ་བས་སེ་ར་ཆོས་སྡིངས་སུ་ཕེབས་ནས་མཇལ་ཁ་གནང་ན་ཡང་མི་མང་བོར་ནམ་འཕྲད་ཀྱི་དུས་སུ་ནད་དྲག་པོ་འབའ་ཞིག་ཡོང་གསུངས་ནས་ཞལ་བཞེས་མ་གནང་མོད། སྐུ་ཚབ་ཅིག་གཏོང་དགོས་ཞེས་ནན་ཞུ་བྱས་པར་བྱམས་ཆེན་ཆོས་རྗེ་ཚབ་ཏུ་མངགས།
     1419ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་རྗེ་ཙོང་ཁ་ཆེན་པོ་སྐུ་གཤེགས། དེའི་ཕྱི་ལོ1420ལོར་རྗེའི་སྒྲུབ་ཁང་དེ་རང་དུ་དཔོན་ནམ་མཁའ་བཟང་བོས་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གི་གཙོས་སྐྱེ་བོ་གྲངས་ལས་འདས་པ་སྤྱན་དྲངས་ནས་རྗེའི་དགོངས་རྫོགས་ལྔ་མཆོད་ཀྱི་མཆོད་པ་གཟབ་རྒྱས་མཛད།
     དེ་ནས་བཟུང་དགའ་ལྡན་ལྔ་མཆོད་ཀྱི་མཆོད་པ་དེ་ས་ཕྱོགས་ཀུན་ཏུ་ཁྱབ། དུས་རབས་བཅོ་བརྒྱད་པའི་ནང་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་མཆོག་ནས་འདུས་སྡེ་གསར་འཛུགས་མཛད། དེ་རྗེས་རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་ཨ་དགའ་བསོད་ནམས་བཟང་བོས་འཛིན་སྐྱོང་དར་རྒྱས་སུ་མཛད། འདུ་ཁང་ནང་རྟེན་གཙོ་ཤཱཀྱ་ཐུབ་པའི་སྐུ་བརྙན་དང་། ཉེ་སྲས་བརྒྱད། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། རྗེ་རིན་པོ་ཆེ་ཡི་སྟོང་སྐུ། བཀའ་འགྱུར་དང་གསུང་འབུམ་སོགས་མང་བོ་བཞུགས་ཡོད། ཡི་དམ་ཁང་དུ་ཙན་དན་གྱི་འཇིགས་བྱེད། བདེ་མཆོག་སྐྱེས་བུ་གསུམ་གྱི་སྲུང་མ། ལྷ་མོ་སོགས་དང་། ལྔ་མཆོད་ཁང་དུ་གནས་བརྟན་བཅུ་དྲུག་སོགས་ལི་མ་དང་འཇིམ་སྐུ་སོགས་མང་བོ་བཞུགས་ཡོད། སྔོན་ཆད་དགེ་འདུན་ལྔ་བཅུ་བཞུགས་པར་བཤད།
     འོན་ཀྱང་རིག་གསར་སྐབས་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་ཀྱང་། སྤྱི་ལོ1993ལོར་མདོ་སྟོད་པ་སེར་བྱེས་ངག་དབང་གྲགས་པས་གཙོ་འགན་བཞེས་ནས་སྒྲུབ་ཕུག་གི་མཐའ་སྐོར་གྱི་གྲྭ་ཤག་དང་། འདུ་ཁང་ཐོག་བརྩེགས་ཅན་སོགས་གསར་བཞེངས་མཛད། དགོན་བདག་སེ་ར་རྩེ་སྒྲུབ་ཁང་བླ་བྲང་སྟེ་ད་ལྟ་གནས་དེར་དཀོར་གཉེར་དང་། སྐབས་རེ་གནས་དེར་ངེས་མེད་ཀྱི་སྒྲུབ་པ་ཉམས་བཞེས་གནང་མཁན་ཡང་ཡོད་ཟེར།
     རྒན་པོ་ཨག་ཚོམ་དཀར་བོ་ཅན་ཞིག་གིས་འདུ་ཁང་ཞིག་སྒོ་ཕྱེས་ཏེ་མཇལ་ནས་གྲྭ་ཤག་ཏུ་ཁྲིད་ནས་ཇ་དྲངས། ཡིན་ན་ཡང་། ཁོ་ཡང་གནས་པ་ཞིག་ལས་རི་ཁྲོད་འདི་སྲུང་མཁན་མིན་ཟེར། ཇ་འཐུང་ནས་ངལ་ཅུང་གསོས་རྗེས་མར་ཀེའུ་ཚང་རི་ཁྲོད་དུ་འཐེན་པའི་ལམ་དེར་ཞུགས་ནས་མར་བབས་པ་ཡིན། ཕྱི་མིག་ཅིག་ལྟ་དུས་ཉི་མ་རིའི་ཕང་བར་བཞུད་པ་མཐོང་ཞིང་། ཁོང་གིས་ངེད་གཉིས་ལ་རྒྱང་སྐྱེལ་བྱེད་བཞིན་པ་མཐོང་།


འབྲེལ་ཡོད་འོས་སྦྱོར།