༄༅།། ཀ་དྲོད་གནས་རིའི་ལོ་རྒྱུས་བཤད་པ།
མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། གངས་དཀར་པོ་ཤེལ་ཀྱི་མཆོད་རྟེན་ཡོད།ཅེས་པ་དགོན་པའི་བྱང་ངོས་ལེ་བར་བདུན་ཅུའི་མཚམས་ན། ཤེལ་དཀར་བརྩེགས་པའི་ལྷུན་པོ་ཟླ་གཞོན་ཞུན་མས་ལན་བརྒྱར་བྱུག་པའམ།སྤྲིན་དཀར་གྱི་དུམ་བུ་ཟླུམ་པོ་དང་གྲུ་བཞི་ཟླ་གམ་དང༌།ཟུར་གསུམ་སོགས་དབྱིབས་སྣ་ཚོགས་པས་བརྩིགས་ཤིང་སྤུངས་པ་ལྟ་བུའི་བྲག་རི་འཕྲེང་བ་ལྟ་ན་སྡུག་པ། ཀ་དྲོད་རྫ་རི་ཞེས་གྲགས་པ།བྱང་ནས་ལྷོར་རྫ་རྒྱུད་རིང་ཚད་ལེ་བར་སུམ་ཅུ་ལྷག་དང༌།ཤར་ནས་ནུབ་ཏུ་མདུན་རྒྱབ་བར་ལེ་བར་བཅུ་ལྷག་ཡོད་པ།རྩ་བ་སྤང་རིར་བརྟེན་ཅིང༌།རྩེ་མོ་ནམ་མཁའ་དབྱངས་སུ་བསྙེགས་པ་ཡོད་ཅིང༌།ཡབ་རི་དང་ཡུམ་རིར་གྲགས་པའི་རྫ་ཁ་སྤྲོད་ཀྱི་བར་དྭངས་གསལ་ཤེལ་དཀར་གྱི་མེ་ལོང་ས་ལ་འཕོས་པ་ལྟ་བའི་བདེ་མཆོག་བླ་མཚོ་ཟླ་གམ་གྱི་དབྱིབས་ཅན་ཤར་ནས་ནུབ་ཀྱི་མཚོ་འདབས་བར་རྒྱང་གྲགས་གཅིག་ཙམ་དང༌།ལྷོ་ནས་བྱང་བར་རྒྱང་གྲགས་ཕྱེད་ཙམ་ཡོད།མཐའ་སྐོར་དུ་སྨན་དང་དྲི་ཞིམ་མེ་ཏོག་སྣ་ཚོགས་འཇའ་ལྟར་བཀྲ་ཞིང༌།ཆུ་བྱ་དང་གོང་མོ་སོགས་སྐད་སྙན་པར་འབྱིན་པ་ཡོད།ཡུམ་རིའི་ངོས་ལ་ཨ་ཡིག་རང་བྱོན་བབས་ཡོད་པ་རྒྱང་ནས་མཐོང་ཞིང༌།བྲག་རྩར་སིན་རའི་བྲག་ཁུང་ཆོས་འབྱུང་གི་དབྱིབས་ཅན་ཡོད། རྫ་དེའི་འདབས་ཞོལ་སྤང་མཚམས་ན། ལྷ་མོ་བླ་མཚོ་ཕ་བོང་གི་སྟེང་དུ་དྲེལ་རྗེས་བབས་ཡོད། གཞན་ཡང་རྫ་རྒྱུད་ལུང་ལག་ཤར་ཤུར་དུ།མགོན་པོ་བླ་མཚོ་དང༌། ཆོས་རྒྱལ་བླ་མཚོ་དང་མཚེའུ་བརྒྱ་རྩ་བརྒྱད་ཡོད་པར་གྲགས་ཤིང༌། རྫ་རྩེར་རང་བྱུང་གི་བཀོད་པའི་ཆུ་མཁའ་ལ་འཕྱུར་བ་ཡོད་ལ་ཁ་བཤད་དུ་གྲགས་པའི་གནས་བསྟོད་ཅིག་ལ། ཀ་དྲོད་དུང་རི་དཀར་པོ། དུང་གི་མཆོད་རྟེན་བརྩིགས་འདྲ། མ་བཞེངས་ལྷ་ཡི་དཀྱིལ་འཁོར། མ་བྲིས་ཨ་ཡིག་རང་བྱོན། ཞེས་དང༌།སྣང་སྟོང་བདེན་པའི་རང་བཞིན། ཆུ་མཚོ་ཡན་ལག་བརྒྱད་ལྡན། མ་ཕྱིས་རང་གསལ་མེ་ལོང༌། མ་བཤམས་རང་གྲུབ་མཆོད་པ།ཞེས་བྱུང༌།ཀ་དྲོད་ཀྱི་གནས་འདི་ནི།ཙ་རིའི་གནས་ལྷག་མཁའ་འགྲོའི་འདུ་གནས་གནས་མཆོག་ཉེར་བཞིའི་ཡ་གྱལ་ཞིག་ཏུ། སྟོང་སྐོར་མདོ་རྒྱུད་རྒྱ་མཚོས་ངོས་འཛིན་མཛད་ཅིང་གནས་སྒོ་ཕྱེ་བ་ཡིན་ལ། གནས་སྒོ་བྲག་རི་རིམ་པ་གསུམ་གྱི་དབྱིབས་སུ་ཡོད་པའི་ཕྱི་སྒོ་དཔའ་བོའི་སྟག བར་སྒོ་གཡུ་འབྲུག ནང་སྒོ་མཁའ་འགྲོ་སྲིན་མོས་བསྲུངས་བར་གྲགས་ཤིང༌།དེར་གེ་སར་རྒྱལ་པོས་ཁྲབ་སྦོས་ས་ཡིན་ཟེར་བ་དང༌།བདུད་ཀྱིས་ལྷ་གཡག་གསོད་ས་ཡང་ཡིན་ཟེར།བྲག་ལ་མདས་ཕུག་པའི་ཁུང་བུ་དང༌།ཞབས་རྗེས་དང་སྒོ་ཁྱུའི་རྗེས་དང༌།འབྲུག་མོས་བྲིས་པའི་མིག་མང་དུ་ངོས་བཟུང་བའི་བྲག་རིས་ཀྱང་ཡོད། ཀ་དྲོད་རྫའི་ནུབ་ཕྱོགས་འདབས་འབྲེལ་དུ་ཆགས་པའི་དོན་གྲུབ་རྫའི་རྫ་རྩེ་ན་རྡོ་རྗེ་ཕག་མོའི་སྒྲུབ་ཁང་བྱ་བ་བྲག་ཁུང་ཕྱི་ནང་རིམ་པ་གཉིས་ཡོད་པ། བྲག་ཁུང་ནང་མ་ཕོ་ཅོང་ལས་གྲུབ་པ་རྡོ་ཤེལ་ལྟར་འོད་ལྷང་ངེར་འཚེར་ཞིང༌། ཆོང་ཞིའི་ཉ་མཆོག་རོ་ཧི་ཏ་དང༌། མཁའ་འགྲོ་སྡེ་ལྔའི་གཏོར་མ་མིས་བཟོས་པ་ལྟར་དབྱིབས་ལེགས་པོ་ཡོད། བྲག་ཁུང་ནང་མའི་ཕུག་ན་ཁུང་བུ་མི་མགོ་ཆུད་ཙམ་ཞིག་ཡོད་ལ་དེའི་ནང་ཤིན་ཏུ་ཡངས་པའི་ཚོད་དུ་གདའ། སྒྲོན་མེ་བཀར་ནས་ཕུག་པོའི་ནང་དུ་བལྟས་ཚེ། བྱུ་རུ་ལྟར་དམར་པོའི་རྡོ་ལས་གྲུབ་པའི་རྡོ་རྗེ་ཕག་མོའི་ཕྱག་ཞིག་མཐོང་ཞིང༌། རྒན་པོའི་ཁ་བཤད་ལ།གནའ་དང་མ་ཕག་མོ་རང་བྱོན་གྱི་སྐུ་ཡོངས་རྫོགས་མཐོང་ཞིང༌། ཅོང་ཞི་སྐྱེས་ནས་བྲག་ཁུང་ཁ་རུབ་སྟེ་ད་ལྟ་ཕྱག་ཙམ་ལས་རིག་མི་ཐུབ་ཟེར་རོ།།
དཔའ་རིས་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་སྡེ་ཚན་ལས།