logo

༄༅།། བསམ་ཡས་གཙུག་ལག་ཁང༌།

རྩོམ་པ་པོ།:ཀྲང་གོ་ཡུན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-21 ཀློག་གྲངས།:
  དབྱར་དུས་ཀྱི་ལྷོ་ཁ་ནི་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་དང༌། འབྲུ་དྲུག་དང་ལྗོན་ཤིང་སོགས་གཡུ་ཡི་མདངས་ལ་འཁུ བོད་ཀྱི་ལོ་རྒྱུས་ཐོག་བོད་རིགས་ཐོག་མར་འཕེལ་རྒྱས་འབྱུང་ས་དེ་ཁུལ་ཡིན་ལུགས་འཁོད་སྐད་ལྟར་རང་བྱུང་གི་ཆ་རྐྱེན་ཡང་ཡིད་དུ་འོང་བར་འདུག བོད་ཀྱི་ལོ་རྒྱུས་ཐོག་ལྷོ་ཁར་སྔ་བའི་རིགས་མང་པོ་མཆིས་པ་སྔོན་མ་ནས་གོ་ཐོས་མྱོང་བས་“ལྷོ་ཁར་སྐྱོད་སྐལ་ཐོབ་ན་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བསྐོར་ཙམ་བྱེད་པར་འགྲོ་དགོས་སྙམ་”པའི་བསམ་འདུན་ད་རེས་འགྲུབ་ཙམ་བྱུང་སོང༌།
དཀོན་མཆོག་གསུམ་འཛོམས་ཀྱི་གཙུག་ལག་ཁང༌། བསམ་ཡས་གཙུག་ལག་ཁང་གི་རྒྱས་མིང་དུ་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཞུ་བ། དེ་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བཞེངས། དེའི་གོང་ནས་བོད་དུ་བསྟན་པ་དར་མོད་ཀྱང་དགོན་སྡེ་ཕལ་མོ་ཆེར་རབ་བྱུང་པ་མེད་ལ་ཆོས་ཀྱི་ཆོ་ག་ཚུགས་པའང་མེད། ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་བསྐྱངས་པའི་རྗེས། ནང་པ་སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་སྲིད་དབང་བརྟན་དུ་གཏོང་རྒྱུའི་ཐུགས་ཐག་བཅད་དེ་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ནས་སངས་རྒྱས་ཆོས་ལུགས་སྤེལ་ཞིང་སྡེ་སྣོད་གསུམ་དང་མཐུན་ཞིང་མི་འགལ་བ་འགྲན་གྱི་དོ་མེད་པའི་བསམ་ཡས་གཙུག་ལག་ཁང་བཞེངས། དེ་བཞེངས་ནས་ཀྱང་བློན་འབངས་ཀྱི་བུ་བློ་རྣོ་བ་བདུན་(སད་མི་མི་བདུན་)རབ་ཏུ་བྱུང་བས་གཙུག་ལག་ཁང་དེ་ཉིད་རིམ་བཞིན་“སངས་རྒྱས་དང་ཆོས་དགེ་འདུན་གསུམ་”འཛོམས་སུ་གྱུར༌།
 དུས་ཀྱི་དབང་གིས་བསམ་ཡས་གཙུག་ལག་ཁང་ཆེན་མོ་དབུས་སུ་གནས་ཤིང་ཁོར་མོ་ཡུག་ཏུ་ལྷ་ཁང་ཆེ་ཆུང་བརྒྱ་ཙོ་བརྒྱད་ཀྱིས་བསྐོར་ནས་འདུགབརྗིད་ཉམས་ལྡན་པའི་གཙུག་ལག་ཁང༌།
 སྤྱི་ལོ་762ལོར་བསམ་ཡས་གཙུག་ལག་ཁང་གི་དབུ་རྩེ་ཆེན་མོ་བཞེངས་འགོ་བརྩམས་ཤིང༌། བོད་འབངས་དྲུག་ཁྲི་བསྐུལ་ཏེ་ལོ་བཞིའི་ནང་བཞེངས་བསྒྲུབས།གཙུག་ལག་ཁང་འདི་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་གསུམ་གྱིས་བཞེངས་སུ་བཅུག་པར་གྲགས་ཤིང༌།
དེའང་གཙོ་བོ་རྒྱ་གར་གྱི་ཨོ་ཏནྟ་པུ་རི་(འཕུར་བྱེད་ཀྱི་གྲོང་ཁྱེར་)བྱ་བའི་གཙུག་ལག་ཁང་ལ་དཔེ་བྱས། འོག་ཁང་བཟོ་དབྱིབས་བོད་ལུགས་དང༌། བར་ཁང་བཟོ་དབྱིབས་རྒྱ་ནག་ལུགས། སྟེང་ཁང་བཟོ་དབྱིབས་རྒྱ་གར་ལུགས་སུ་བཞེངས་པས་རི་རབ་ལ་དཔེ་བྱས་པ་དང༌། ཤར་ལྷོ་ནུབ་བྱང་བཞི་རུ་ལྷ་ཁང་གསུམ་རེ་བཞེངས་པ་དེ་དག་ལས་དབུས་མ་རྣམས་གླིང་བཞི་དཔེ་བྱས། གླིང་ཕྲན་བརྒྱད་དང་ཉི་ཟླར་དཔེ་བྱས་ནས་བཞེངས་པའི་ལྷ་ཁང་ཆུང་ངུ་ཡང་ཡོད་པ་བཅས་ནང་པ་སངས་རྒྱས་པའི་ལྟ་བ་བཞིན་གླིང་བཞི་རི་རབ་ཉི་ཟླ་སུམ་བཅུ་རྩ་གསུམ་གྱི་བཀོད་པ་བཞིན་བཞེངས། ཞེང་ཚད་ལ་སྨི་1.2དང༌། དཔངས་ལ་སྨི་4ལྡན་པའི་ལྕགས་རི་ཟུར་མང་རྡོ་རྗེའི་འགྲོས་ལ་བར་ཐག་སྨི་1ཙམ་གྱིས་ཆོད་པའི་མཆོད་རྟེན་སྟོང་རྩ་ཞེ་དགུས་བསྐོར་ནས་འདུག་དབུ་རྩེ་ཆེན་མོའི་རྒྱ་ཁྱོན་ལ་ཁྱོན་བསྡོམས་སྨི་གྲུ་བཞི་མ་8900ལྟག་ཙམ་མཆིས།“བྱ་བ་ཐམས་ཅད་འདུལ་བ་དང་བསྟུན། རྒྱུད་རིས་ཐམས་ཅད་མདོ་སྡེ་དང་བསྟུན། ལྡེར་ཚོ་ཐམས་ཅད་གསང་སྔགས་དང་བསྟུན་པ་”ནི་གཙུག་ལག་ཁང་ཁྱད་ཆོས་ཡིན། གཙུག་ལག་ཁང་དེའི་སྒོ་རྩར་རྡོ་སེང་ཆ་རེ་དང་གཡང་ཊི་དཀར་པོའི་གླང་པོ་ཆེ་ཆ་རེ་མངོན་སུམ་དུ་གྱུར་པ་བཞིན་ཚགས་སུ་ཚུད་པ་བརྐོས་ནས་འདུག་པ་དེ་དག་མཐོང་བ་ན་རང་དབང་མེད་པར་བྱིལ་བྱིལ་བྱེད་པར་ཐལ་བཞིན་གདའ། དེ་ཚོ་ནི་འདུ་ཁང་ཆེན་མོའི་སྲུང་མའི་ཚུལ་དུ་ལོ་ངོ་1200ལྷག་ཙམ་སྲུང་ནས་བཞུགས།
 དབུ་རྩེ་ཆེན་མོའི་ཤར་སྒོའི་ཕྱི་ངོས་ལྷོ་མཚམས་སུ་“སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནས་ནང་པའི་ཆོས་མཛད་པའི་མནའ་ཡིག་འཁོད་པའི་རྡོ་རིང་”ཐོག་བཙན་པོ་རིམ་བྱུང་གིས་བོན་བསྣུབས་ཏེ་ནང་པ་སངས་རྒྱས་ཀྱི་ཆོས་སྤེལ་བའི་ལོ་རྒྱུས་བརྐོས་ཡོད་ལ་བོད་བརྒྱུད་ནང་བསྟན་སོར་ཆུད་གོང་དུ་སྤེལ་བའི་ལོ་རྒྱུས་ཀྱི་མཚོན་བྱེད་ཀྱང་ཡིན།
 དབུ་རྩེ་ཆེན་མོའི་ཤར་སྒོའི་སྒོ་ཐོག་ཏུ་བཙན་པོའི་དུས་ལ་ལུགས་སུ་བླུགས་པའི་ཅོང་ཆེན་ཞིག་བཏགས་ནས་འདུག་པ་དེ་བརྡུངས་པ་ན་སྒྲ་དབྱངས་སྣ་དགུ་ཐོན་རྒྱུ་འདུག་པས་སྔོན་བྱོན་བོད་རིགས་མེས་པོའི་བཟོ་རྩལ་བསམ་གྱིས་མི་ཁྱབ་པ་རྟོགས་ཐུབ། ཅོང་དེའི་ཐོག་ཏུ་བོད་ཡིག་ཀྱང་བརྐོས་འདུག་པ་དེར་དཀོན་གཉེར་ལགས་ནས་“ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ཡུམ་སྲས་གཉིས་ཀྱིས་ཕྱོགས་བཅུའི་དཀོན་མཆོག་གསུམ་ཚང་མ་ལ་མཆོད་པ་འབུལ་བའི་ཆེད་དུ་ཅོང་འདི་བསྐྲུན་པ་ཡིན། དེའི་བསོད་ནམས་ཀྱི་སྟོབས་ཀྱིས་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་སྟངས་དཔྱལ་བཅས་སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་ཁྱད་ཆོས་དང་ལྡན་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྨོན་འདུན་ཞུ་”ཞེས་པ་འཁོད་ཡོད་ལུགས་གནས་བཤད་གནང་བྱུང༌། བོད་ཡོངས་ལ་ཅོང་དེ་འདྲ་བ་ཁྲ་འབྲུག་ལྷ་ཁང་ལ་གཅིག་དང་ལྷ་སར་གཅིག་བཅས་གསུམ་ལས་མེད་སྐད་ཀྱང་ཕྱི་མ་གཉིས་པོ་མིང་གི་ལྷག་མ་ཙམ་དུ་གྱུར་པ་ནི་བློ་ཕམ་འོས་པ་ཞིག་ཡིན།
ཡིད་དུ་འོང་བའི་ལྡེབས་རིས།
 འདུ་ཁང་ཆེན་མོར་སྲོང་བཙན་སྒམ་པོ་དང༌། ཁྲི་སྲོང་ལྡེ་བཙན། ཐང་སྟོང་རྒྱལ་པོ། སྟོན་པ་བཅས་པའི་ལྡེར་སྐུ་བདུན་མཆིས། རྟེན་གྱི་གཙོ་བོ་ལ་ཧས་པོ་རི་ནས་སྤྱན་དྲངས་པའི་རྡོའི་ཐུབ་པ་རང་བྱོན་ལ


འབྲེལ་ཡོད་འོས་སྦྱོར།