logo

༄༅།ཡང་དགོན་གུ་རུའི་སྒྲུབ་གནས་བྲག་དཀར་ཤེལ་གྱི་ཡོངས་རྫོང་གི་གནས་ཡིག་མཐོང་བ་དོན་ཡོད་བཞུགས་སོ།།

རྩོམ་པ་པོ།:ཚེ་བརྟན་དོན་གྲུབ ཡོང་ཁུངས།:མཚོ་སྔོན་པོའི་དྲ་ཚིགས དུས་ཚོད།:2008-06-09 ཀློག་གྲངས།:

ན་མོ་གུ་རུ་པད་མ་ཀ་ར་ཡེ། བརྒྱུད་གསུམ་རིག་འཛིན་བླ་མ་ཀུན་གྱི་དངོས། །

རྒྱུད་སྡེ་བཞི་དྲུག་ཡི་དམ་རྒྱ་མཚོའི་གཙོ། །གནས་གསུམ་མཁའ་འགྲོའི་ཚོགས་རྗེ་རིན་པོ་ཆེ། །

གུ་རུ་སྤྲུལ་པའི་སྐུ་ལ་གུས་ཕྱག་འཚལ། །ལྔ་ལྡན་ཞིང་གི་སྟོན་པ་གངས་ཆེན་མཚོའི། །

ཕྱག་གི་པད་མོ་བརྩེགས་པའི་བཅུ་གསུམ་པ། །མི་མཇེད་འཛམ་གླིང་རྒྱལ་བསྟན་བསྲུང་བའི་གནས། །

རྣམ་འདྲེན་བཞི་པ་པད་མ་དཀར་པོ་ཡི། །བསྟན་འདིར་ཁྱད་པར་སྔགས་ཀྱི་བསྟན་པ་ནི། །

སྤེལ་མཛད་རང་འཁྲུངས་གུ་རུ་མཚོ་སྐྱེས་རྗེ། །གངས་ཅན་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །

གདུལ་དཀའ་འདུལ་མཛད་སྤྱན་དྲངས་ཕྲིན་ལས་སྐང༌། །བསམ་འདས་མཛད་དང་ཁྱད་པར་མདོ་ཁམས་སུ། །

གནས་ཆེན་ཉེར་ལྔ་གཙོ་གྱུར་གནས་ཕྲན་སོགས། །ཞབས་བཅག་བྱིན་གྱིས་རླབས་པ་ཡོངས་ཀྱི་མཆོག །

སྨར་ཤོད་སྒང་གི་གཡས་རྒྱུད་སྦས་པའི་ཡུལ། །བྲག་དཀར་ཤེལ་གྱི་ཡོངས་རྫོང་ཞེས་བྱ་བ། །

ངོ་མཚར་བཀོད་པ་མིག་གི་བདུད་རྩི་ཆེ། །ཕྱི་ལྟར་པད་མ་འོད་ཀྱི་གཞལ་ཡས་ཁང༌། །
རྟེན་དང་བརྟེན་པ་རང་བཞིན་ལྷུན་གྱིས་གྲུབ། །ནང་ལྟར་སྐུ་གསུམ་འདུས་པའི་ཕོ་བྲང་ཆེ། །
ཀུན་གསུང་ཐུགས་ཀྱི་རྟེན་མཆོག་གྲངས་མེད་བཞུགས། །ཁྱད་པར་རིགས་འདུས་དཔལ་གྱི་ཕོ་བྲང་ཞེས། །
ཐབས་ཤེས་ཉི་ཟླའི་མཚོན་པའི་སྒྲུབ་ཕུག་ནི། །གུ་རུ་ཡབ་ཡུམ་ཟླ་གསུམ་བཞུགས་པའི་བྲག །
སྐུ་ཡི་ཕྱག་མཚན་རིག་འཛིན་རྣམ་བརྒྱད་ཀྱི། །སྒྲུབ་ཕུག་གྲུབ་ཆེན་རྗེ་འབངས་ཉེར་ལྔ་ཡི། །
ཕྱག་ཞབས་སྐུ་རྗེས་ལ་སོགས་གྲངས་མེད་བཞུགས། །གཡས་སུ་པད་མ་དབང་ཆེན་ཡབ་ཡུམ་ལ། །
གསུང་མཆོག་པད་མ་རིགས་ཀྱིས་ཚོགས་བསྐོར། །གཡོན་དུ་མཁའ་འགྲོའི་གཙོ་མོ་རྣལ་འབྱོར་མར། །
གནས་གསུམ་མ་མོ་མཁའ་འགྲོ་འཁོར་དང་བཅས། །དབུས་ཕྱོགས་བདེ་གཤེགས་འདུས་པ་ཧེ་རུ་ཀ །
ཡེ་ཤེས་ཀློང་དགུ་གཙོ་དང་འཁོར་དུ་བཅས། །མངོན་གསུམ་གསལ་དང་གཏེར་སྲུང་དུར་ཁྲོད་བདག །
ཡབ་ཡུམ་ཟུང་བཅས་བྱིན་རླབས་གཡང་ཆགས་པ། །དུས་བཟང་རྣམས་སུ་འཇའ་འོད་རོལ་མོ་འཁྲོལ། །
མཁའ་འགྲོས་བརྡ་སྟོན་དག་པའི་ཞིང་སྣང་འཆར། །སྒྲུབ་པ་བྱས་ཚད་མི་འགྲུབ་གང་ཡང་མེད། །
གཞན་དུ་ལོ་སྒྲུབ་ལས་ཀྱང་འདིར་ཞག་མྱུར། །བཟླས་པ་འབུམ་འགྱུར་མཐོང་ཚད་དོན་ལྡན་འགྱུར། །
གཡོན་ཟུར་སྐུ་གསུམ་འདུས་པའི་ཕོ་བྲང་ཆེ། །ནང་དུ་ངོ་མཚར་ཞིང་གི་བཀོད་པ་རྫོགས། །
འོག་ཏུ་བདེ་གཤེགས་ཞི་ཁྲོ་དཀྱིལ་འཁོར་དང༌། །དབང་ཆེན་འབར་བའི་གར་གྱིས་རུ་ཏྲ་རྣམས། །
བཏུལ་བའི་དོན་སྙིང་སྲ་མཁྲེགས་རྡོ་རུ་བརླབས། །དེ་ལ་ཞི་དང་ཁྲོ་སྐུ་དཔག་མེད་བཞུགས། །
ཀླད་ཁྲག་དང་ནི་སྙིང་ཁྲག་གིས་བྲིས་པའི། །དཔའ་བོ་འབྲུ་ལྔ་སྐུ་གསུང་ཐུགས་ཀྱི་སྲོག །
སྒོ་བཞིའི་ས་བོན་ལ་སོགས་གྲངས་མེད་ཡོད། །དེ་སྟེང་ལོངས་སྐུ་རིགས་ལྔའི་ཕོ་བྲང་ཆེ། །
ངོ་མཚར་ཁྱད་འཕགས་ཤེལ་གྱི་ཁང་བུ་བརྩེགས། །རང་བྱུང་གུ་རུ་ཡབ་ཡུམ་མཚན་བརྒྱད་དང༌། །
པད་མ་དྲག་པོ་ཀརྨ་ཀི་ལ་ཡ། །མངོན་བཞུགས་གཡས་དངོས་མཁའ་འགྲོའི་སྒྲུབ་པའི་རྫས། །
སིན་དྷཱུ་ར་དང་འཆི་མེད་སྒྲུབ་ཆུ་ཡོད། །སྟེང་ན་མངོན་སྤྱོད་གྲུབ་རྟགས་བཞག་པའི་རྗེས། །
ཕུར་པའི་ལྷ་ཚོགས་པད་མ་དབང་ཆེན་དང༌། །དཀྱིལ་འཁོར་ལྷུན་གྲུབ་བྱང་ཆུབ་མཆོད་རྟེན་སོགས། །
ངོ་མཚར་རྟེན་མཆོག་བརྗོད་ལས་འདས་པ་བཞུགས། །དེ་སྟེང་ཆོས་སྐུའི་ཕོ་བྲང་ཉམ་དགའ་བར། །
བདེ་ཆེན་ཞིང་གི་བཀོད་པ་ལྷུན་གྱིས་གྲུབ། །སྣང་མཐའི་གཙོ་འཁོར་གསུམ་དང་སངས་སྟོང༌། ། 
ཉེ་སྲས་བརྒྱད་སོགས་སངས་རྒྱས་བྱང་སེམས་རྣམས། །མངོན་གསལ་ངོ་མཚར་སྒྱུ་མའི་ལྟད་མོ་ཆེ། །
གཡས་ངོས་རྡོ་རྗེ་ཚེ་ཡི་རིལ་བུ་དང༌། །འཆི་མེད་བུམ་བཟང་འཛད་མེད་བདུད་རྩི་བབ། །
མྱོང་བས་རྒྱུད་ལ་བདེ་སྟོང་ཡེ་ཤེས་འཆར། །བྱིན་རླབས་དཔལ་འཛིན་བྱང་སེམས་དཀར་དམར་གྱི། །
དམ་རྫས་བཅུད་ལྡན་མངར་བའི་རོ་མཆོག་ཅན། །གཞན་ཡང་སྐུ་གསུམ་སོ་སོའི་ཕོ་བྲང་སུ། །
སྐལ་ལྡན་ལས་ཅན་རེ་རེའི་སྣང་ངོ་རུ། །མཐོང་གྲོལ་རྟེན་གསུམ་དཔག་མེད་སྣང་བར་བྱེད། །
ཕོ་བྲང་སོ་སོའི་མཚམས་འཛིན་སྒོ་སྲུང་ཚུལ། །ཛམ་ལྷ་དཀར་ནག་སྒྲོལ་མ་དཀར་སྔོན་དང༌། །
པད་མ་དབང་ཆེན་བདུད་རྩི་འཁྱིལ་པ་སོགས། །ཕྱི་ནང་ལས་མཛད་ཡེ་ཤེས་འཁོར་ལོ་གསལ། །
སྐུ་གསུམ་ཕོ་བྲང་རེ་་རེར་ཐུན་མོང་དང༌། །ཐུན་མིན་ཡང་གསང་སྒྲུབ་ཕུག་རེ་རེ་ཡོད། །
ལོངས་སྤྲུལ་སྐལ་ལྡན་བསྒྲོད་ཅིང་སྐལ་དམན་གྱི། །ཡུལ་མིན་ཆོས་སྐུའི་ངོ་བོ་ཉིད་ཀྱི་ཞིང༌། །
རབ་འབྱམས་འོད་གསལ་སྣང་བའི་རྒྱན་དུ་ཆེ། །ཐབས་ཀྱི་གནས་ཡིན་གཡས་ཕྱོགས་ཤེས་རབ་ཀྱི། །
རང་བཞིན་བདེ་ཆེན་མཁའ་འགྲོའི་གསང་བའི་དབྱིབས། །མཚོ་རྒྱལ་སྒྲུབ་ཕུག་མི་རིང་སྐལ་ལྡན་གྱིས། །
སྒོ་འབྱེད་ངོ་མཚར་སྣང་བའི་བཀོད་པ་སྟོན། །དཀར་ནག་རྒྱ་དང་ཁྱད་པར་བོད་ཡུལ་གྱི། །
དཔལ་གྱི་མཆིམས་ཕུ་ཡོངས་རྫོང་ཤེལ་བྲག་གི། །གནས་དང་དངོས་མཉམ་ཡར་མར་དུས་ཆེན་ལ། །
གནས་ཡུལ་ཞིང་གི་རྩ་གསུམ་ཆོས་སྐྱོང་རྣམས། །མངོན་ཞུགས་དགེ་བས་འབྲེལ་ཐོགས་འབུམ་འགྱུར་ཡིན། །
གཞན་དུས་བརྒྱ་འགྱུར་དེ་ནི་སྐལ་ལྡན་རྣམས།


འབྲེལ་ཡོད་འོས་སྦྱོར།