༄༅།མདོ་སྨད་ཨན་ཆུང་སེང་གེ་གནམ་རྫོང་ངམ་ཁམས་ཀྱི་གླང་ཆེན་འགྱིང་རི་ཞེས་གྲགས་པའི་གནས་ཀྱི་དཀར་ཆག་མོས་ལྡན་ངེ
མ་སྐྱེས་ཀ་དག་གཞོན་ནུ་བུམ་སྐུའི་སྦུབས། །མ་འགགས་ལྷུན་གྲུབ་ཞལ་ཕྱག་རྫོགས་པའི་སྐུ། །མ་བཅོས་དབྱེར་མེད་ཆེན་པོར་སངས་རྒྱས་པའི། །མ་ཧཱ་གུ་རུའི་གསང་གསུམ་དཀྱིལ་འཁོར་འདུད། །གང་གི་ཐུགས་རྗེ་ནམ་མཁའི་ཀློང་ཡངས་པར། །ཡེ་ཤེས་འོད་ཟེར་དྲ་བས་ཀུན་ཏུ་ཁྱབ། །མཁྱེན་བརྩེ་ནུས་པའི་གནས་ཡུལ་དུར་ཁྲོད་ཞིང༌། །སྐུ་གསུམ་དཀྱིལ་འཁོར་རྫོགས་ལ་སྙིང་ནས་དད། །དེ་ཕྱིར་ཕྱི་ནང་གཞན་གསུམ་རྩ་ཐིག་རླུང༌། །ཡུལ་ལྔའི་དགོངས་པ་ཡེ་ཤེས་འཆར་བའི་གསོས། །དུས་གསུམ་རྒྱལ་བས་གནས་ཞེས་བྱིན་བརླབས་པའི། །དཀར་ཆག་ངེས་གེས་འདྲེན་པའི་ལྕགས་ཀྱུ་སྤྲོ། །དེའང་མཁའ་སྤྱོད་དང༌། ས་སྤྱོད་དང༌། ས་འོག་སྤྱོད་ལ་སོགས་པའི་གནས་དང་ཡུལ་དང༌། དུར་ཁྲོད་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཚུལ། བྱང་སེམས་དང་རིག་པ་འཛིན་པའི་སྡེ་སྣོད་རྣམས་ལས་རྒྱས་པར་བསྟན་པ་བཞིན་ཆ་མཐུན་པ་གངས་ཅན་ཁ་བ་རི་པའི་སྨད་ཕྱོགས་སྨར་ཁམས་ག་ཟི་སྒང་གི་གནས་ཀྱི་གཙོ་བོ་རྫོང་ཆེན་ལྔ་ཡི་ཡ་རྒྱལ་ཨན་ཆུང་སེང་གེ་གནམ་རྫོང་འདི་ཡིན་ཏེ། ལྷ་འདྲེ་བཀའ་ཡི་ཐང་ཡིག་ཆེན་མོ་ལས། སེང་གེའི་བྲག་ཕུག་གུ་ལང་འཕེན།། དབང་ཕྱུག་ཆེན་པོས་དབྱུག་པ་ཐོགས།། མདོ་སྨད་ཨན་ཆུང་གནམ་རྫོང་བྲག་ཕུག་ཏུ།། མ་སོངས་རྒྱལ་པོ་འགེངས་པར་བཞུགས།། རྨུ་བདུད་རྗེ་རྒྱལ་ཞེ་སྡང་ཆེ།། རྨུ་རྗེ་སྨན་ཁུང་ཡིད་ཆགས་རྣོ།། བྲའུ་རེ་གདོང་རེ་རྒྱལ་ཅན།། སྲིད་པའི་རྒྱལ་མོ་དམག་ལ་རྔམ།། ཞེས་པ་སོ་སོའི་མཚན་དོན་མཚུངས་པའི་གནས་བཀོད་དམ་པ་དུ་མའི་གཟིགས་སྣང་གིས་ཀྱང་ངེས་པར་གསལ་བ་དང༌། དེ་ལྟར་ཨོ་རྒྱན་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས། ཨན་ཆུང་རྫོང་དུ་དགེ་བསྙེན་བསུ་བ་བྱུང༌།། སེང་གེ་རྫོང་དུ་གཡའ་སྤང་དམ་ལ་བཏགས།། ནམ་མཁའ་རྫོང་དུ་ལྷ་སྲིན་དམ་ལ་བཏགས།། ཞེས་དང༌། འཁོར་བཅས་ཁམས་ཀྱི་ནམ་མཁའ་རྫོང་དུ་བྱོན།། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཞལ་ཕྱེས་ཏེ།། རྗེ་འབངས་རྣམས་ལ་སྨིན་བྱེད་དབང་བསྐུར་ནས།། གྲོལ་བྱེད་མན་ངག་གནད་རྣམས་ལེགས་པར་བཀྲོལ།། འཁོར་བཅས་ལོ་བདུན་བར་དུ་རྩེ་གཅིག་བསྒྲུབས།། མངའ་བདག་རྒྱལ་པོ་རི་བྲག་ཟང་ཐལ་མཛད།། ཅེས་པ་སོགས་རྗེ་འབངས་རྣམས་ཀྱིས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་པ་མཛད་ཅིང་གྲུབ་པ་བརྙེས་པའི་ཚུལ་རྒྱས་པར་བསྟན་པས་ཀྱང་གནས་ཁྱད་པར་ཅན་དུ་ངེས་པ་དང༌། རིག་འཛིན་ཆེན་པོས་སྒྲུབ་པའི་གནས་ལུང་བསྟན་པ་ལས། རྒྱབ་རི་དུང་སེང་གནམ་དུ་འཕྱོ་བ་འདྲ།། ཉོན་མོངས་རྟོགས་ཚོགས་ཟིལ་གྱི་ནོན་པའི་བརྡ།། མདུན་གྱི་བྲག་རི་ཕྱག་རྒྱ་བཅས་པ་འདྲ།། སྐལ་ལྡན་སློབ་མ་རྒྱང་ནས་འདུ་བའི་བརྡ།། སྟེང་གི་ནམ་མཁའ་མཐིང་ནག་ཆོས་འབྱུང་དབྱིབས།། ཕྲིན་ལས་ལྷ་མཆོག་ལྷུན་གྱིས་གྲུབ་པའི་བརྡ།། འོག་གི་ས་གཞི་གྲུ་གསུམ་ཆོས་འབྱུང་དབྱིབས།། ཞིང་བཅུ་ཉམས་བདུན་ཆམ་ལ་འབེབས་པའི་བརྡ།། ཆགས་པའི་ས་གནས་ཆོས་གོས་ལེའུ་རིས།། འཁོར་བཅས་ཚོམ་བུ་གཅིག་ཏུ་གྲོལ་བའི་བརྡ།། མདུན་གྱི་བྲག་ལ་རྟ་མཆོག་ཕྱི་རུ་བལྟ།། འབྲེལ་ཚད་མཁའ་སྤྱོད་ཞིང་དུ་དྲོངས་བའི་བརྡ།། གཡོན་ནས་ཆུ་བོ་དལ་ལ་འཇམ་པ་ནི།། ཕྱག་རྒྱ་ཆེན་པོ་རྒྱུན་ཆད་མེད་པའི་བརྡ།། གཡས་ནས་ཆུ་བོ་དྲག་ལ་རྩུབ་པ་ནི།། རྫོགས་པ་ཆེན་པོ་རྒྱུན་ཆད་མེད་པའི་བརྡ།། དེ་གཉིས་མདུན་དུ་ཟུང་འཇུག་འདྲེས་པ་ནི།། ཕྱག་རྫོགས་ཟུང་འཇུག་ལྟ་བ་མཐོ་བའི་བརྡ།། རྩུབ་འགྱུར་དུར་ཁྲོད་གཅན་ཟན་ངར་སྒྲ་སྒྲོགས།། ཆོས་སྐྱོང་སྲུང་མ་ཕྲིན་ལས་མྱུར་བའི་བརྡ།། ཞེས་དང༌། གནས་བསང་བདུད་རྩིའི་སྤྲིན་ཕུང་ལས། ཕྱི་ལྟར་རིགས་གསུམ་སྤྲུལ་པའི་གནས།། ནང་ལྟར་བཀའ་འདུས་ཕོ་བྲང་ཆེ།། གསང་བ་ཁྲག་འཐུང་སྒྲུབ་སྡེ་བརྒྱད།། གནས་སྲུང་རྡོ་རྗེ་མཆོག་རབ་རྩལ།། ཞེས་པ་སོགས་ཀྱིས་ཡིད་ཆེས། ཁྱད་པར་དུ་ཁ་བྱང་ཉི་མའི་སྙིང་པོའི་གཏེར་གྱི་ལེའུ་ལས། ཨེ་མ་རྨད་བྱུང་དགའ་བའི་དཔལ་སྟེར་མཚོ་རྒྱལ་མ།། རྒྱ་གར་ཆོས་ཀྱི་སྒྲོན་མེ་པཎ་གྲུབ་གསུམ།། བོད་ཡུལ་མ་རིག་མུན་སེལ་མཁན་སློབ་ཆོས།། ཡིད་མཐུན་ལས་ཀྱི་འབྲེལ་བའི་རྗེ་འབངས་སྡེ།། གྲངས་མེད་ཚོགས་གཉིས་དབང་འབྱོར་འདུས་པ་བཅས།། ལས་སྨོན་རྟེན་འབྲེལ་དཀྱིལ་འཁོར་གཅིག་ཏུ་འཚོགས།། ད་ལྟ་བསམ་ཡས་ཞིང་གི་དཔལ་ཡོན་ཀུན།། མ་འོངས་བསྟི་གནས་སེང་གེ་གནམ་རྫོང་ངམ།། རིག་འཛིན་ཡབ་ཡུམ་འཁྲིལ་སྦྱོར་མཛད་འདྲའི་ས།། འཇིགས་རུང་གསང་ཆེན་རོལ་པའི་གནས་སུ་འཕོ།། ནམ་མཁའ་མི་འགྱུར་ཆོས་ཀྱི་འབྱུང་གནས་ལ།། ས་གཞིའང་མི་འགྱུར་གྲུ་གསུམ་ཆོས་འབྱུང་དབྱིབས།། གང་མཐོང་གནས་ཡུལ་རི་བྲག་ཟུར་གསུམ་རྔམ།། གཡས་ནས་དཀར་སེར་གང་ག་རྦ་རླབས་ཕྱུར།། གཡོན་ནས་དམར་ནག་རཀ་ཏའི་ལྦུ་ཀླུང་གཡོ།། མདུན་དུ་ཟུང་འཇུག་མ་བུའི་ཚུལ་དུ་འདྲེས།། མདོ་སྨད་མ་སྲིང་དྲེགས་སྡེ་ཡོངས་ཀྱི་གཙོ།། གཏེར་གནས་སྦས་གནས་སྒྲུབ་གནས་ཀུན་གྱི་བདག།། དབང་ཕྱུག་མ་སངས་རྒྱལ་པོ་འགེངས་པར་བཞུགས།། མ་སྲིང་དྲེགས་པ་ཕོ་མོ་ཁྲོམ་ལྟར་འདུ།། རྒྱབ་རི་དཔའ་རྩལ་སེང་གེ་གནམ་ལང་འདྲ།། དེ་ཕྱིར་སེང་གེ་གནམ་རྫོང་ཞེས་སུ་གྲགས།། སེང་གེའི་གཡས་ཕྱོགས་དོན་སྙིང་བསླང་འདྲའི་བྲག།། གཡོན་ཕྱོགས་མགོ་བརྙན་གདོང་འདྲའི་བྲག་རི་འོག ། མི་འགྱུར་རྟག་བརྟན་རྡོ་རྗེའི་བྲག་