༄༅།། རག་ལྗོངས་སྟག་ལེབ་གནས་ཡིག་ཐར་པའི་ཐེམ་སྐས་བཞུགས།།
རྩོམ་པ་པོ།:ཚེ་བརྟན་དོན་གྲུབ
ཡོང་ཁུངས།:མཚོ་སྔོན་པོའི་དྲ་ཚིགས
དུས་ཚོད།:2008-06-08
ཀློག་གྲངས།:
བརྒྱུད་པའི་བླ་མ་བྱིན་རླབས་ཅན། །བདག་འདྲ་གུ་རུ་པདྨ་ངས། །ཟབ་པའི་གནས་མཆོག་བྱིན་རླབས་བྱས། །ང་ནི་སྲིན་ཡུལ་བྱོན་ན་ཡང༌། །བྱིན་རླབས་བོད་ཀྱི་ཡུལ་དུ་འབྱུང༌། །མ་ཡེངས་བཀའ་དྲིན་དྲན་པའི་ངང༌། །རྒྱུན་དུ་གསོལ་བ་འདེབས་ལ་རེམ། །གནས་ཆེན་དམ་པ་རག་ལྗོངས་སྟག་ལེབ་འདི། །གནས་ཆེན་ཉེར་ལྔ་ཀུན་འདུས་ས་ཡི་མདོ། །བོད་ཡུལ་རི་བྲག་ལྗོངས་པོའི་བྱིན་རླབས་ནས། །པདྨ་བདག་གིས་ལོ་གསུམ་སྒྲུབ་བྱས་བྱིན་གྱིས་རླབས། །རྗེ་འབངས་ཉེར་ལྔ་བདག་དང་ཁྱབ་གཅིག་གི །ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཞལ་ཕྱེས་ནས། །གནས་སྲུང་མ་དང་མཁའ་འགྲོའི་ཕྲིན་ལས་སྒྲུབ། །བཟའ་བཏུང་ཚོགས་ཀྱི་འཁོར་ལོའི་དངོས་གྲུབ་འབྱུང༌། །ཕྱི་ཡི་སྲུང་མ་ཡུལ་ལྷ་གཞི་བདག་རྣམས། །ཐ་ཚིག་ཕུལ་སྟེ་བཀའ་སྡོད་སྲོག་སྙིང་ཕུལ། །ཕྱི་མ་གནས་འདིར་སྒྲུབ་ཀུན་སྡོང་གྲོགས་བྱེད། །དམ་བཅའ་བྱས་ཏེ་ཕྲིན་ལས་མྱུར་ཞིང་སྒྲུབ། །གནས་སྲུང་ཀུན་གྱི་ལྷ་ཡི་བུ་ཕོ་ནི། །མཚན་ཡང་རྡོ་རྗེ་ཐོག་རྒོད་འབར་བ་རྩལ། །དངུལ་དཀར་ཁྲབ་རྨོག་ནང་གོས་དཀར་པོ་གསོལ། །ལྷ་རྟ་ངང་པ་གཡུ་རྔོག་རྒྱན་ལྡན་ཆིབས། །སྟོང་གསུམ་མ་ལུས་ཡུད་ཅིག་ཙམ་ལ་འཁོར། །ཕྱག་གཡས་རྡོ་རྗེ་འཛིན་ཞིང་གཡོན་པ་ཡིས། །གཏེར་བུམ་འཛིན་ཅིང་མདུང་དར་གྲུ་ན་བཅུག །ལྷ་སྨན་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མ། །སེང་གེ་ཆིབས་ཤིང་མེ་ལོང་ཤེལ་བུམ་ཐོག །ལྷ་སྲིན་སྡེ་བརྒྱད་ཀུན་ཀྱི་མངའ་གསོལ་མཛད། །བཀའ་སྡོད་སྲུང་མ་མང་པོའི་འཁོར་གྱིས་བསྐོར། །ཡར་མར་ཚེས་དང་ཁྱད་པར་གནམ་སྟོང་ལ། །གནས་བདག་གཏེར་སྲུང་རྣམས་ཀྱང་ལྷག་པར་རྒྱུ། །དཔའ་བོ་དཔའ་མོའི་བྲོ་རྡུང་ཁྲབས་སེ་ཁྲབ། །མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ། །ཆོས་སྐྱོང་ལས་བྱེད་སྡེ་བརྒྱད་ཁྱུགས་སེ་ཁྱུག །ཕོ་ཉ་ལས་བྱེད་སྐར་ལྟར་འཁྲུགས་སེ་འཁྲུག །གིང་ཆེན་རྣམས་ཀྱི་བཤུག་གླུ་ཀྱུ་རུ་རུ། །ཧུང་གི་སྣང་གླུ་ཕཊ་ཀྱི་བརྡ་སྐད་སྒྲོགས། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་བསྣམས། །ཡ་མཚན་ཆེ་བའི་གནས་མཆོག་འདི་ཉིད་ལ། །གནས་ཆེན་ཉེར་ལྔ་ལ་སོགས་གནས་ཕྲན་ཀུན། །ཡར་ངོའི་ཚེས་བཅུའི་དུས་ལ་དངོས་སུ་བྱོན། །དེ་ཡི་རྟགས་སུ་མ་ཧཱ་གུ་རུ་ཡི། །པད་ཞུ་འདྲ་བའི་རི་རྒྱལ་འདི་ཉིད་དང༌། །ཟངས་མདོག་དཔལ་རི་པདྨའི་བཞུགས་གནས་བཞིན། །ཙིརྟ་ལྟ་བུའི་དབྱིབས་ཅན་འདི་ཉིད་ལ། །པདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་དང༌། །གྲུབ་ཆེན་བརྒྱད་བཅུ་ལ་སོགས་རིག་འཛིན་བརྒྱད། །ཆོས་སྐུ་ལོངས་སྐུ་སྤྲུལ་པ་ལྷ་ཚོགས་རྣམས། །བཀྲ་གསལ་མངོན་སུམ་ལྷམ་མེར་དགྱེས་ཞལ་མཐོང༌། །ཐམས་ཅད་མ་ལུས་གནས་འདིར་ཐིམ་པར་གྱུར། །རི་བོ་ཚོགས་གཏོར་ལྟ་བུའི་དབྱིབས་ཅན་འདི། །རྒྱ་གར་རྒྱ་ནག་འཇང་དང་ཙ་རི་ཏྲ། །གངས་དཀར་ཏི་སེ་མ་ཕམ་གཡུ་མཚོ་དང༌། །རི་ཆེན་བཞི་ཡི་གནས་དང་གནས་ཕྲན་དང༌། །ལྷ་ས་བསམ་ཡས་ཁྲ་འབྲུག་ར་མོ་ཆེ། །བོད་ཀྱི་གནས་ཆེན་ཐམས་ཅད་འདུ་བའི་རྟགས། །ཁྱད་པར་མི་ལའི་སྲས་མཁར་འདིར་གནས་པ། །བཅུ་གསུམ་བསྐོར་བས་རྡོར་འཛིན་ས་ལམ་བསྒྲོད། །རྒྱ་གར་རྡོ་རྗེ་གདན་དང་ནཱ་ལན་དྲ། །ལ་སོགས་གནས་ཆེན་གནས་ཕྲན་ཐམས་ཅད་དང༌། །གངས་དཀར་ཏི་སེ་མཆོད་རྟེན་རྣམ་གསུམ་བཅས། །ཡར་མར་ཚེས་བཅུའི་དུས་ལ་དངོས་སུ་བྱོན། །གཡས་ལོག་རི་གདོང་བྱ་རྒོད་སྤུང་རིའི་གནས། །ཤཱཀྱ་ཐུབ་པ་ལ་སོགས་སངས་རྒྱས་སྟོང་རྩ་བཞུགས། །གཡོན་ཕྱོགས་རི་གདོང་རི་བོ་རྩེ་ལྔའི་གནས། །རིགས་གསུམ་མགོན་པོ་གནས་ཡིན་ཁྱད་པར་དུ། །འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས་མཆོག་དང༌། །སྒྲོལ་མ་ལ་སོགས་མ་རྒྱུད་མཁའ་འགྲོའི་གནས། །མ་མོ་མཁའ་འགྲོའི་སྤྲིན་ལྟར་འཚུབས་ཤིང་འདུ། །རི་སྐད་དཔའ་བོ་མཁའ་འགྲོའི་བྲོ་ར་ཡོད། །རི་སྐད་གནས་ལམ་བྲག་ངོས་འདི་ཉིད་ལ། །ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་བཞུགས། །བར་དོའི་འཕྲང་རིང་ཆེན་པོ་འདི་བསྒྲོད་ཚེ། །སྔང་སྐྲག་འཇིག་སྣང་སྤང་ནས་དད་གུས་བསྐྱེད། །ཡ་ངའི་འཕྲང་བཅུ་འཇིགས་པའི་དགྲ་བརྒྱད་སོགས། །རིག་པ་རང་ངོ་འཕྲོད་ནས་མངོན་སངས་རྒྱས། །གཡས་ཀྱི་བྲག་རི་རྡོ་རྗེ་དྲེག་འཇོམས་དང༌། །ལས་མགོན་ཏྲཀ་ཤད་གཉིས་ཀྱི་བཞུགས་གནས་ཡིན། །རྒྱབ་ཕྱོགས་བྲག་གི་ལོག་འདིར་བཞུགས་པ་ནི། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལྷ་ཚོགས་དང༌། །ཤེར་ཕྱིན་ཡུམ་ཆེན་མདོ་རྒྱུད་བསྟན་བཅོས་སོགས། །དམ་ཆོས་གསུངས་རབ་འདུས་མཆོག་ཡིན། །རི་ཡི་སྨད་ཆར་མགོན་ཆེན་སྡེ་ལྔ་དང༌། །ལས་མགོན་བྱ་རོག་གདོང་དང་མགོན་པོ་བིང༌། །དེ་ཡི་སྒྲུབ་པའི་སྐོར་དང་ཛམ་བྷ་ལ། །ནོར་རྒྱུན་མ་དང་ཀུ་རུ་ཀུ་ལེ་སོགས། །གནོད་སྦྱིན་མཆེད་ལྔ་བཅས་ཀྱི་བཞུགས་གནས་ཡིན། །ཁྱད་པར་གནས་མཆོག་ཁ་བ་དཀར་པོ་དང༌། །དཔལ་ལྡན་འཁོར་ལོ་བདེ་མཆོག་བཞུགས་པའི་གནས། །ཕག་མོ་བྱང་སེམས་མཁའ་འགྲོའི་ཚེ་ཆུ་འདི། །མྱོང་ཚད་གྲོལ་བ་ཆེན་པོར་མི་འགྲོ་རེ། །སྐུ་གཏེར་གསུང་གཏེར་ཐུགས་གཏེར་མང་པོ་སྦས། །དྲེགས་པའི་སྲོག་ཐིག་དམར་ནག་བཅུ་གསུམ་གྱི། །དམ་སྲི་མཐའ་དམག་ཟློག་པའི་ལས་མཐའ་ཡོད། །དུས་དབང་རྟེན་འབྲེལ་བཞུགས་གནས་གཏེར་ཁ་འགགས། །གནས་འདིའི་མཚན་ནི་པདྨ་འོད་ཕུང་ཟེར། །མཐའ་འདུལ་ཡང་འདུལ་བཀྲ་ལམ་ཚུལ་དུ་ཤར། །གནས་འདིར་གོམ་པ་གཅིག་འདོར་ངན་སོང་མེད། །གནས་འདིར་དྲན་པ་ཙམ་གྱིས་བདེ་ཆེན་ཐོབ། །གནས་འདིར་བསྐོར་བ་རེ་ལ་ཕན་ཡོན་ནི། །བད་ཛ་གུ་རུ་དུང་གཅིག་ཡོད་ངེས་ལགས། །ཤི་ཁ་ལག་སྟོང་མི་འབྱུང་ཡིད་ཆེས་གྱིས། །སྦས་ཡུལ་གནས་ཆེན་སྒོ་མོ་འགྱེད་པའི་ཚེ། །སྤྱིར་དུ་རྒྱལ་བ་ཐམས་ཅད་བཀའ་དྲིན་ཆེ། །དགོས་སུ་པདྨ་འབྱུང་གནས་ཐབས་རེ་མང༌། །ཕྱི་རབ་དད་ལྡན
འབྲེལ་ཡོད་འོས་སྦྱོར།