logo

༄༅། །གནས་མཆོག་ཁ་བ་དཀར་པོ།

རྩོམ་པ་པོ།:བདུད་རྩི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-02 ཀློག་གྲངས།:
  གནས་མཆོག་ཁ་བ་དཀར་པོའི་རི་རྒྱུད་ནི་ཡུན་ནན་ཞིང་ཆེན་གྱི་ཆེས་བརྗིད་ཉམས་ལྡན་པའི་གནས་རི་ཡིན་ལ། རི་རྒྱུད་ཡོངས་ཀྱིས་བདེ་ཆེན་རྫོང་ཁོང་ས་ཆའི་བརྒྱ་ཆ༣༤.༥ཡན་ཟིན་ཡོད། དེ་གར་མཚོ་ངོས་ལས་མུས༦༠༠༠ཡན་གྱི་གངས་རི༡༣ཡོད་པ་ལས། ཁ་བ་དཀར་པོ་ཉིད་ནི་མཚོ་ངོས་ལས་མུས༦༧༠༠ལྷག་ལས་མཐོ། རི་རྒྱུད་དེར་གངས་ནགས་རྩྭ་གསུམ་གྱི་བརྗིད་ཉམས་དང་མཛེས་སྡུག་ལྡན་པ་མ་ཟད། རིག་གནས་དང་སྒོས་སུ་ཆོས་ལུགས་ཀྱི་སྲོག་ཀྱང་ལྡན་པས། བོད་ཁམས་ཀྱི་གནས་མཆོག་བརྒྱད་ཀྱི་ཐུ་བོར་ཡང་གྱུར་ཡོད།
 སངས་རྒྱས་ཆོས་ལུགས་པའི་བཤད་རྒྱུན་ལྟར་ན། ཁ་བ་དཀར་པོ་དང་ཐོག་བཀའ་རྒྱུད་པའི་བསྟན་སྲུང་ཡིན་པ་དང༌། ཡོན་རྒྱལ་རབས་ཀྱི་དུས་སུ་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ(༡༢༨༤-༡༣༣༩)དངོས་སུ་གནས་དེར་ཕེབས་ཤིང་ཁ་བ་དཀར་པོར་རབ་གནས་མཛད་པ་ནས་བཟུང་གནས་མཆོག་དེ་བཀའ་རྒྱུད་པའི་སྒྲུབ་གནས་སུ་གྱུར་ཟེར། ཡང་གླིང་གེ་སར་རྒྱལ་པོའི་སྒྲུང—རྒྱ་གླིང་དུ་ཁ་བ་དཀར་པོ་ནི་སྔོན་ཆད་གསང་བདག་གི་གདན་ས་དང་སློབ་དཔོན་པད་འབྱུང་གི་ཆོས་གཏེར་བདག་གཉེར་བྱེད་མཁན་ཞིག་ཡིན་མོད། གེ་སར་རྒྱལ་པོས་དབང་དུ་བསྡུས་ཤིང་དགེ་བསྙེན་གྱི་སྡོམ་པ་བསྐུར་ནས་བཟུང༌། སངས་རྒྱས་ཆོས་ལུགས་ཀྱི་བསྟན་སྲུང་དུ་གྱུར་ཟེར། ཁ་བ་དཀར་པོའི་འབག་སྐུ་གནས་རིའི་ཁྲི་གདན་མཚམས་ཀྱི་ལྷ་ཁང་ཞིག་ཏུ་སྟོན་པ་ཤཱཀྱ་ཐུབ་པའི་འབག་སྐུའི་གཡོན་ཕྱོགས་སུ་བཅིབ་རྟ་དཀར་པོ་དང་ཕྱག་ཏུ་མདུང་རིང་བསྣམས་པའི་དཔའ་རྒོད་ཅིག་གི་ཚུལ་དུ་བཞེངས་ཡོད། བཤད་ཚུལ་ལྟར་ན། ལོ་རེའི་ཟླ༣པའི་ཚེས༡༥ཉིན། ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་བོད་རིགས་སྤུན་ཟླས་གནས་དེ་ནས་བསང་མཆོད་ཕུལ་ནས། བསྟན་སྲུང་ཁ་བ་དཀར་པོ་ཡུལ་གྲུ་དེར་གཟིགས་སྐོར་ལ་ཕེབས་པར་བསུ་བའི་སྲོལ་ཞིག་ཀྱང་ཡོད་པ་དང༌། གལ་ཏེ་བསང་ཐལ་སྟེང་བསྟན་སྲུང་ཁ་བ་དཀར་པོའི་ཆིབས་པའི་ཞབས་རྗེས་བབས་ན་དེར་བརྟེན་ནས་ལོ་རྗེས་མའི་ཡོད་ཚད་ལ་བརྟག་ཐུབ་ཟེར།
    ཀརྨ་སྐུ་ཕྲེང་གཉིས་པ་ཀརྨ་ཆོས་ཀྱི་བླ་མ(༡༢༠༤-༡༢༨༣)ཡིས་དངོས་སུ་གནས་མཇལ་ལ་ཡོང་མི་ཐུབ་པའི་མཇལ་བ་རྣམས་ཀྱི་ཞལ་འདོན་དུ་རོང་བཙན་ཁ་བ་དཀར་པོའི་བསྟོད་པ་ཞིག་ཀྱང་བརྩམས་ཡོད། བསྟོད་པ་དེའི་ནང་བསྟན་སྲུང་ཁ་བ་དཀར་པོས་དད་ལྡན་རྣམས་བར་དོ་ནས་བདེ་བ་ཅན་ལ་འདྲེན་དགོས་པའི་དབང་ཡང་བསྐུར་ཡོད།
    ལུག་གི་ལོ་ནི་བསྟན་སྲུང་ཁ་བ་དཀར་པོའི་རང་ལོ་ཡིན་པས། ལུག་གི་ལོར་དེ་གར་རྒྱུན་ལས་ལྷག་པར་དད་ལྡན་མང་ཚོགས་དང་ལྟད་མོ་པ་མང་པོ་འདུས་སྲིད་པས། རིག་གནས་དང་ཆོས་ལུགས་དང་དམངས་སྲོལ་བཅས་ཕྱོགས་གང་གི་ཆ་ནས་བཤད་ན་ཡང༌། ལུག་གི་ལོ་ནི་བདེ་ཆེན་ས་ཁུལ་དང་ཕྱི་རོལ་འཇིག་རྟེན་བར་འབྲེལ་གཏུག་ཧ་ཅང་ཆེ་བའི་ལོ་ཞིག་ཡིན། དེའི་རྒྱུ་མཚན་གྱིས་ལུག་གི་ལོ་དེ་གནས་མཆོག་ཁ་བ་དཀར་པོ་དང་དེའི་གཞིས་དམངས་ལ་མཚོན་ན། དུས་ཡུན་རིང་ཞིང་མུར་འབྲེལ་གྱི་ཁྱད་ཆོས་ལྡན་པའི་དུས་ཆེན་ཞིག་ཡིན་ཞེས་བརྗོད་ཀྱང་འགལ་བ་གང་ཡང་མེད་སྙམ། །


འབྲེལ་ཡོད་འོས་སྦྱོར།