མདོ་དབུས་མཐོ་སྒང་གི་སྨན་རྩྭ་དང་མེ་ཏོག་གི་རིགས།
རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-11
ཀློག་གྲངས།:
རི་བོ་དང་ཆུ་ཀླུང་གཞོང་ས། བྱེ་ཐང༌། སྤང་ཁུལ། ན་ཁུལ། གངས་རི།འཁྱགས་ཀླུང༌། ཚ་ཁུལ། བ་ཚྭ་ཅན་གྱི་ས་ཆ་སོགས་ལས་གྲུབ་པའི་མདོ་དབུས་མཐོ་སྒང་གིས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པའི་རྩི་ཤིང་རིགས་མང་པོ་གསོ་སྐྱོང་བྱས། ཚན་རིག་པས་རྩད་ཞིབ་བྱས་པ་ལྟར་ན་མདོ་དབུས་མཐོ་སྒང་ན་རྩི་ཤིང་རིགས་ཉིས་སྟོང་ལྷག་ཡོད་ཟེར། དེའི་ནང་རྩི་ཤིང་རྩ་ཆེན་རིགས་ཧ་ཅང་མང༌། ལོ་ཏོག་གཙོ་བོ་གྲོ་དང་ནས། སྲན་མ། ཁྲེ། ཡུག་པོ། བྲ་བོ། ཟར་མ། པད་ཁ། ཡུང་རིལ། ཀེ་ཚེ་སོགས་ཡོད། རྒྱལ་ཡོངས་ན་སིལ་སྡོང་རིགས700ལྷག་ཡོད་པ་དེའི་བཞི་ཆ་གཅིག་བོད་ལྗོངས་ན་ཡོད། བོད་ལྗོངས་ཀྱི་ཉིང་ཁྲི་དང་ལྷོ་ཁ། ཆབ་མདོ་ནི་སིལ་སྡོང་ཆེས་མང་ས་ཡིན། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མིང་གྲགས་ཆེ་བའི་སྨན་རྩྭ་རིགས་ཏེ་ལྕུམ་རྩ་དང་སྙི་བ། ལྕ་བ། ཤིང་མངར། སྲད་དཀར། འདྲེ་ཚེར་མ། དབྱར་རྩྭ་དགུན་འབུ། སྲོ་ལོ་དམར་པོ།གླང་ཆེན་ཆིག་ཐུབ། ཀླུ་བདུད་རྡོ་རྗེ། འཇིབ་རྩི་སྨུག་པོ། གངས་ལྷ་མེ་ཏོག་སོགས་ཡོད། ཤིང་འབྲས་ལ་སྟར་ཁ་དང་ཁམ་བུ། རྒུནའབྲུམ། ཙོ་རུ་སོགས་ཡོད། མདོ་དབུས་མཐོ་སྒང་ན་ཡངས་ཤིང་མུ་མཐའ་བྲལ་བའི་རྩྭ་ཐང་ཡོད།ལྷག་པར་དུ་དབྱར་ཟླ་དྲུག་པ་ནས་བརྒྱད་པའི་བར་ལ་སྤང་ཐང་ཐམས་ཅད་སྔོ་ལྗང་ངེ་ཡོད་པ་དང༌། ཁ་དོག་སྣ་ཚོགས་ལྷམ་མེར་བཀྲ་བའི་མེ་ཏོག་མང་བོ་བཞད་ཅིང༌། སྐལ་བཟང་བདག་གིས་ཁ་དོག་དང་འདབ་མ་ཟེ་འབྲུ་ཕྱེ་མ་དང་ལོ་མ་གཞུང་རྟ་མེ་ཏོག་བརྩེགས་མ་དང་ཁ་དོག་རྣམ་པ་དྲི་ཞིམ་མི་འདྲ་བའི་མེ་ཏོག་ལ་ཞིབ་ཏུ་བལྟས་ན། འདེབས་མི་དགོས་རང་སྐྱེས་མེ་ཏོག ཚོན་མི་དགོས་ཁ་དོག་སྣ་ཚོགས། བྱུག་མི་དགོས་དྲི་ཞིམ་ལྷན་སྐྱེས། སྣ་མི་གཅིག་མེ་ཏོག་གྲངས་མེད། ཁྱོན་ཡངས་པའི་རྩྭ་ཐང་ཁེབས་ཡོད། དཔེར་ན་བཞད་ཡུན་རིང་བའི་མེ་ཏོག་སེར་བོའི་རིགས་ནི། སེར་ཆེན་སེར་ཆུང་མེ་ཏོག སུག་པའི་མེ་ཏོག སཱ་ལའི་མེ་ཏོག ལུག་རུ་སེར་པོ་མེ་ཏོག དབྱི་མོང་མེ་ཏོག བྱ་རྐང་མེ་ཏོག སྤྲ་རྒོད་མེ་ཏོག མཁན་པ་གསེར་མགོ ཨ་ཕྱུག་མེ་ཏོག ཡུ་མོ་སྲོལ་གོང་མེ་ཏོག པ་ཧོ་ལའི་མེ་ཏོག མེ་ཏོག་ལྗང་སེར་གྱི་རིགས་ནི། ག་དུར་མེ་ཏོག སྦྲུལ་སེ་མེ་ཏོག འོ་ཇ་མེ་ཏོག ཀེའུའི་མེ་ཏོག ཤེའུ་དར་མེ་ཏོག སྤྱང་གི་མེ་ཏོག ཙ་མ་ཙི་མེ་ཏོག་སོགས་མེ་ཏོག་སེར་བོའི་རིགས་མང་ལ་གོས་ལྗང་སྟེང་དུ་གསེར་མདོག་གི་རི་མོ་ཕབ་པ་དང་མཚུངས་ལ་གཞན་ཡང་སྤེན་མའི་མེ་ཏོག་སེར་པོ་སོགས་ཧ་ཅང་མང་བའི་རྐྱེན་གྱིས་གསེར་གྱི་མེ་ཏོག་རྒྱས་པའི་གླིང་ཞེས་བསྟོད་བསྔགས་བྱེད་ཀྱིན་ཡོད། རིགས་སྔོན་པོའི་མེ་ཏོག་ནི་དབྱི་མོང་མེ་ཏོག བྱ་རྐང་མེ་ཏོག སྤང་རྒྱན་མེ་ཏོག པྲི་ཡང་ཀུའི་མེ་ཏོག ཧོང་ལེན་མེ་ཏོག ལུག་མིག་མེ་ཏོག སྒྲོལ་མའི་མེ་ཏོག ཁུ་བྱུག་མེ་ཏོག རྒས་དར། ཨུཏྤལ་སོགས་མང་པོ་ཡོད་ལ། ལྷག་པར་དུ་ཨུཏྤལ་སྔོན་པོ་ཧ་ཅང་མང་བས་རི་ལུང་ཐང་ཆེན་གྱི་ཁ་དོག་འགྱུར། མེ་ཏོག་དཀར་པོའི་རིགས་ལ། མེ་ཏོག་གངས་ལྷ་དང༌། སྤང་རྒྱན་མེ་ཏོག བ་ལིའི་མེ་ཏོག པ་ར་བ་ཏའི་མེ་ཏོག དབྱི་མོང་མེ་ཏོག སྤྱང་ཀིའི་མེ་ཏོག ཨུཏྤལ་མེ་ཏོག རམ་བུའི་མེ་ཏོག་སོགས་ཧ་ཅང་མང༌། མེ་ཏོག་དམར་པོའི་རིགས་ལ་ལུག་རུ་མེ་ཏོག་དང་ཀེང་ཤུའི་མེ་ཏོག ཡུ་མོ་སྲོལ་གོང་མེ་ཏོག་སོགས་ཡོད། མེ་ཏོག་དམར་སྨུག་གི་རིགས་ལ་སྟག་ཤའི་མེ་ཏོག སྤང་སྤོས་མེ་ཏོག སེ་བའི་མེ་ཏོག་སོགས་ཡོད། མེ་ཏོག་སྨུག་པོའི་རིགས་ལ་སྤྱང་ཚེར་མེ་ཏོག་དང་ལུག་རུ་མེ་ཏོག སུག་པ་དག་བྱེད་སོགས་ཡོད། མེ་ཏོག་དམར་སྐྱའི་རིགས་ལ་དབང་ལག་མེ་ཏོག་སོགས་སོ། །མེ་ཏོག་ཁྲ་བོའི་རིགས་ལ་དབྱི་མོང་མེ་ཏོག་ཁྲ་བོ་དང་སྤང་རྒྱན་མེ་ཏོག་ཁྲ་བོ་སོགས་ཡོད། མདོ་དབུས་མཐོ་སྒང་གི་མེ་ཏོག་ཕལ་ཆེ་བ་ཆུ་བོའི་འགྲམ་ནས་སྐྱེས་པ་དང་ཆུ་འགྲམ་མཚོ་ཁ་ན་གཞོང་གི་ཆུ་སྐྱེས་མེ་ཏོག་གཞུང་རྟ་ཕྲ་ལ་ལོ་མ་ལྗང་ཞིང་སྲབ་པ། གློ་ཁ་དང་མཆིན་ཁ་སྔོ་སྐྱ་དཀར་པོ་དམར་སྨུག་སོགས་མེ་ཏོག་སྣ་ཚོགས་ཀྱིས་མཛེས་དཔལ་འགྲན་པའི་མེ་ཏོག་ཚོམ་བུ་བཞད། སྤྱིར་འབྲོག་པའི་རྩྭ་ཐང་ན། མེ་ཏོག་བཞད་པ་མང་བས་མེ་ཏོག་རྫོང་དང་མེ་ཏོག་ཞང༌། མེ་ཏོག་ཐང༌། གསེར་ཆེན་ཐང༌། མེ་ཏོག་སྒང༌།མེ་ཏོག་ལུང་བ་སོགས་མེ་ཏོག་གི་མིང་ས་མིང་ལ་བཏགས་པ་མང་ངོ༌། །དབྱར་ཟླ་དྲུག་པ་དང་བདུན་པའི་རི་ལུང་ཐང་གསུམ་གྱི་ཡུལ་ལྗོངས་ནི་སྔར་ལས་ལྷག་པའི་མཛེས་སྡུག་ལྡན་ཞིང་རྒྱང་རིང་ནས་བལྟས་ཚེ་སྔོ་ལྗང་ངེར་ཡོད་པའི་ས་གཞི་མེ་ཏོག་རི་མོ་ངོམ་པའི་གོས་ལྗང་ཞིག་དང་མཚུངས་སོ། །ཉི་འོད་དྲོ་འཇམ་དང་ཆར་ཆུ་དུས་སུ་འབབ་པ་རྩྭ་རྩི་ཏོག་ཧ་ཅང་རྒྱས་པའི་ལོར་མེ་ཏོག་སྣ་ཚོགས་སྔར་ལས་ལྡབ་འགྱུར་གྱིས་མང་ལ། འཇམ་ཞིང་མཉེན་པའི་རྩྭ་ལྗང་དང་མེ་ཏོག་ནི་འཛམ་གླིང་སྐམ་སའི་ཐོག་གི་ཁྱད་དུ་འཕགས་པའི་རྩྭ་ཐང་གི་མཛེས་རྒྱན་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།