མདོ་དབུས་མཐོ་སྒང་གི་རང་བྱུང་གཏེར་རྫས།
རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-11
ཀློག་གྲངས།:
གཏེར་རྫས་སྐོར་ལ་གསེར་དངུལ་ཟངས་ལྕགས་དང་རྡོ་སྣུམ། སོལ་རླངས་སོགས་ཡོད་པར་མ་ཟད། ད་དུང་ཆུ་ཤེལ་དང་ལྷང་ཚེར། ཞ་ཉེ། ཏི་ཚ། གཡང་ཊི། རྡོ་བལ། རྡོ་ཀ་མ་སོགས་ཀྱི་གཏེར་རིགས་ཕུན་སུམ་ཚོགས་པ་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚྭ་འདམ་ས་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་འགྲུབ་བྱེད་ཡ་མཚན་ཞིང་ཁྱད་ཆོས་ལྡན་པ་ཞིག་ཡིན་ལ་དེ་འདྲའི་ས་གཤིས་ཆགས་ཚུལ་འཛམ་གླིང་ནའང་མང་པོ་མེད། ཡུལ་དེ་གའི་མཚོ་ནི་ཆུ་ལས་གྲུབ་པ་མིན་ལ་ཚྭ་ལས་གྲུབ་པས་ཚྭ་མཚོ་ཟེར། ཚྭ་འདམ་ས་ཁུལ་གྱི་ཚྭ་ཁ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྤྱི་ཁྲུ་4000ལྷག་གི་མཐོ་སྒང་སྟེང་དུ་ཆགས་ཡོད། འོད་ཟེར་ཆེམ་ཆེམ་དུ་འཚེར་བའི་ཚྭ་མཚོ་དཀར་མོ་ནི་ཡུལ་གཞན་ན་མེད་པའི་ཚྭ་སྔོན་གྲུ་བཞིའི་འབྱུང་ཁུངས་ཡིན་ལ། ཚྭ་མཚོའི་མཐའ་ཡི་མཐུག་ཚད་ལ་སྤྱི་ཁྲུ་གཅིག་དང་སྤྱི་ཚུན་ལྔ་ཡོད།དཀྱིལ་གྱི་ཟབ་ཚད་ལ་སྤྱི་ཁྲུ་བརྒྱད་ནས་བཅུ་བར་འདུག ཚྭ་མཚོ་ཞིབ་འཇུག་ཁང་གིས་བསྡོམས་རྩིས་ལྟར་ན། ལོ་རེར་ཏུན་ཁྲི་ཚོ་སུམ་ཅུ་ལྷག་ཐོན་སྐྱེད་བྱེད་ཐུབ། ཚྭ་མཚོ་འདིར་ལོ་ངོ་སུམ་བརྒྱ་ལྷག་གི་རིང་རྐོ་འདོན་བྱས་པའི་ལོ་རྒྱུས་ཡོད། ངག་རྒྱུན་དུ་ཚྭ་མཚོ་ནི་གཏེར་མཚོ་ཡིན་པས་བརྐོས་ནས་སྟོང་མི་འགྱུར་ལ་སྤྱད་ནས་ཚར་མི་སྲིད་ཟེར། ཚྭ་ཁའི་ནུབ་བྱང་ཕྱོགས་ཀྱི་ཚྭར་ཧན་ཚྭ་མཚོ་ནི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ལ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5856ཡོད་ཅིང༌།ཚྭའི་གསོག་ཚད་ལ་སྤྱི་གྲངས་ཏུན་དུང་ཕྱུར426ཟིན་པ་དེ། ལོ་ཆིག་ཁྲི་ལྷག་ལ་བེད་སྤྱད་ཀྱང་ཚར་མི་སྲིད། དེའི་མཚོ་ངོས་ཀྱི་ཁྱོན་ཡངས་ཤིང་ཚྭ་རིམ་ཟབ་ལ་ཚྭ་མཐུག་པོར་ཆགས་ཡོད། ཚྭ་སྟེང་ནས་དོང་ཞིག་བརྐོས་ཏེ། དེའི་ནང་ནས་ཐད་ཀར་རང་བྱུང་གི་ཚྭའི་ཞུན་བཅུ་ཐུབ་ལ། དོང་འདི་ལས་བཅུས་ཚར་རྗེས་དོང་གཞན༌ཞིག་བརྐོས་ཏེ་བཅུས་ན་སྔར་གྱི་དོང་དེ་སླར་ཡང་ཚྭས་འགེང་ངོ༌། །བཅུས་པས་འཛད་མཐའ་མེད། སྤྱད་པས་ཟད་མཐའ་མེད། ཚྭའི་རིགས་ཀྱི་གཏེར་སྣ་བཅུ་ཙམ་ཡོད་པའི་རིན་ཐང་གཞལ་དུ་མེད་པའི་གཏེར་མཛོད་ཆེན་པོ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།