མདོ་དབུས་མཐོ་སྒང་གི་རང་བྱུང་སྲུང་སྐྱོབ་ས་ཁུལ།
མདོ་དབུས་མཐོ་སྒང་ན་རང་བྱུང་སྲུང་སྐྱོབ་ཁུལ་མང་པོ་ཡོད་པ་ལས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དེ་ནི་མདོ་དབུས་མཐོ་སྒང་གི་ཆེས་འགངས་ཆེ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ཞིག་ཡིན་ལ། རང་རྒྱལ་ཁབ་ནས་མཚོ་ངོས་ལས་ཆེས་མཐོ་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ཞིག་ཡིན། སྲུང་སྐྱོབ་ས་ཁུལ་དེ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་མགོ་ཁུངས་ས་ཁུལ་དུ་གནས་པས་གཙང་པོ་གསུམ་གྱི་མགོ་ཁུངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཟེར། རང་བྱུང་སྲུང་སྐྱོབ་ས་ཁུལ་དེའི་མངའ་ཁོངས་སུ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་མགོ་ལོག་བཅས་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་ས་ཆ་ཡོངས་རྫོགས་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་རྨ་ལྷོ་རྫོང༌། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིན་ཧེ་དང་ཐུན་ཏེ་བཅས་རྫོང་བཞི་དང༌། གོར་མོ་གྲོང་ཁྱེར་གྱི་གདང་ལ་ཞང་སོགས་འདུས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ31.8ཡོད་ཅིང༌། མི་གྲངས་ཕལ་ཆེར་ཁྲི་ཚོ55.5ཡོད། ཡུལ་དེར་ཆུ་རྒྱུན་མང་པོ་དྲ་རྒྱ་བཞིན་འཐེན་པ་དང་མཚེའུ་སྐར་ཚོགས་ལྟར་མང་བ། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ། ན་འདམ་དང་རླན་ས་ཁྱབ་ཆེ་བའི་ས་ཁུལ་ཞིག་ཡིན། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ལྷག་ཡོད་པའི་མཚེའུ་དང་རླན་ས་མང་པོ་མཆིས་ཤིང་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ནི་ས་ཆ་དེའི་ཆེས་ཆེ་བའི་ཚྭ་མེད་མཚེའུ་གཉིས་ཡིན། ཡུལ་དེ་ན་འབྲོང་དང་རྐྱང༌།གཙོད། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཡོད། རྩད་ཞིབ་བྱས་པ་ལྟར་ན་རི་དྭགས་གཅན་གཟན་རིགས80ལྷག་དང༌། འདབ་ཆགས་རིགས150ལྷག སྦྲུལ་སྦལ་བ་དང་ཉ་རིགས50ལྷག་ཡོད། གཙང་པོ་གསུམ་གྱི་མགོ་ཁུངས་ས་ཁུལ་ན་ད་དུང་རྩི་ཤིང་རིགས་མང་པོ་མཆིས།