མདོ་དབུས་མཐོ་སྒང་གི་མཚོ་སྔོན་པོའི་བྱ་གླིང་།
མདོ་དབུས་མཐོ་སྒང་ན་འདབ་ཆགས་གནས་ས་མང་པོ་ཡོད་ནའང་མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་ནི་འདབ་ཆགས་ཅི་རིགས་ཀྱི་གནས་ཡུལ་ཆེན་པོ་ཞིག་ཡིན།མཚོ་སྔོན་པོའི་བྱ་གླིང་དང་ཡང་ན་འདབ་ཆགས་གླིང་ཟེར་བའི་གླིང་ཕྲན་ནི་བྱ་རིགས་མང་པོས་རྒྱུད་སྤེལ་ཞིང་གཞི་བཅའ་བའི་ཡིད་འོང་བདེ་སྐྱིད་ཀྱི་གླིང་ག་ཞིག་ཡིན། འདབ་ཆགས་གླིང་ཕྲན་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁོངས་ཀྱི་མཚོ་སྔོན་པོའི་ནུབ་ངོས་སུ་ཡོད་པ་དང་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་བར་སྤྱི་ལེ145ཡོད། ལོ་རེའི་ཟླ་གསུམ་པ་ནས་ཟླ་བཞི་བའི་བར་མཚོ་སྔོན་པོའི་མཚོ་ཁའི་དར་ཞུ་ནས་ཆབ་རོམ་རི་བོ་སྙིལ་བ་ལྟར་བཞུར་བའི་སྐབས་སུ་རྒྱང་རིང་ལྷོ་ཕྱོགས་ནས་འཕུར་ཡོང་བའི་བྱ་ཐིང་རིལ་དང་ཁྲུང་ཁྲུང་མགོ་ཁྲ། ངང་པ་སོགས་རིགས30ལྷག་གི་ཆུ་བྱ་ཁྲི་ཚོ་བཅུ་ཕྲག་གིས་གླིང་ཕྲན་འདི་གར་ཚང་བཟོ་བ་དང་སྒོ་ང་གཏོང་གིན་ཡོད། འཛམ་གླིང་ནས་ཆེས་རྩ་ཆེན་ཡིན་པའི་བྱ་རིགས་ཏེ་ཁྲུང་ཁྲུང་སྐེ་ནག་ཀྱང་འདིར་འཕུར་ཡོང་ནས་འཚོ་སྡོད་བཅའ།མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་གྱི་བྱ་རིགས་ལ་སྲུང་སྐྱོབ་བྱེད་ཆེད། 1997ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་ཞེས་པ་བཙུགས། གླིང་ཕྲན་དེ་ཆེ་རྒྱུ་མེད་རུང་སྟེང་གི་བྱ་ཚོགས་ནི་འཕུར་ན་ནམ་མཁའ་བསྒྲིབས་ཤིང་བབས་ན་ས་གཞི་ཁེབས་པ་ལྟར་མང་བ། དེ་བས་མི་ཚོས་གླིང་ཕྲན་དེར་འདབ་ཆགས་གླིང་ཞེས་མིང་བཏགས་པ་དངོས་གནས་མིང་དོན་མཐུན་པ་ཞིག་རེད།དེ་ཡང་གླིང་ཕྲན་འདིའི་སྟེང་ན་བྱ་རིགས་འདི་འདྲ་མང་པོ་ཞིག་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་མཚོ་སྔོན་པོ་དང་མཚོ་སྔོན་པོའི་ནང་ཉ་རིགས་ཕུན་སུམ་ཚོགས་པ་ལྡན་པ་དེ་བྱ་རིགས་མང་པོས་ཁ་ཟས་སུ་བསྟེན་ཆོག་པ་དང༌།མཚོ་འགྲམ་ན་རྩྭ་རྩི་ཏོག་མང་པོ་ལྡན་ཕྱིར་ངང་པ་མགོ་ཁྲ་ལྟ་བུའི་རྩྭ་ཟ་བའི་བྱ་རིགས་ལ་མཚོན་ན་བཟའ་ཆས་ཀྱི་ཆ་ནས་སེམས་ཁུར་བྱེད་མི་དགོས། གཞན་གླིང་ཕྲན་དེར་གཅན་གཟན་སོགས་ཀྱིས་གནོད་འཚེ་བཅའ་མི་ཐུབ་པས་རེད།