logo

གངས་རིན་པོ་ཆེ།

རྩོམ་པ་པོ།:རྡོ་རྗེ་རིན་ཆེན། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ། དུས་ཚོད།:2008-05-08 ཀློག་གྲངས།:
    གངས་ཏི་སེའམ་གངས་རིན་པོ་ཆེ་ནི། བོད་རང་སྐྱོང་ལྗོངས་སྤུ་ཧྲེང་རྗོང་གི་བྱང་རྒྱུད་དུ་ལྷུན་ཆགས་སུ་ཡོད་ཅིང་།  རྒྱ་མཚོའི་ངོས་ལས་སྨིས་དྲུག་སྟོང་དྲུག་བརྒྱ་ང་དྲུག་གིས་མཐོ་བ་རེད། གནས་འདིར་ལོ་ངོ་སྟོང་ཕྲག་མང་བོའི་སྔོན་ནས་ནང་བ་སངས་རྒྱས་པ་དང་།   ཕྱི་རོལ་རིག་བྱེད་པ་སོགས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བར་བྱུང་ཡོད། དེ་ཡང་གནས་འདི་ཉིད་ཏི་སེར་ངོས་འཛིན་ཚུལ་ནི།  མདོ་སྡེ་ཕལ་བོ་ཆེདངདྲན་པ་ཉེ་བར་བཞག་པའི་མདོསོགས་ནས་ཏི་སེའི་རི་བོ་རྡོ་རྗེ་རྩེ་ལྔ་བའི་དབྱིབས་ཅན་ནམ་འཕང་དཔག་ཚད་ལྔ་བརྒྱ་ཡོད་པ་སོགས་གསུངས་པ་དང་།   དེ་ལྟ་བུའི་གངས་རི་གང་ན་ཡོད་སྙམ་ན།   《ཆོས་མངོན་པ་མཛོདལས།  འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་དེ་ནི་གངས་རིའོ། །ཞེས་སོགས་གསུངས་པའི་དོནམཛོད་འགྲེལལས། འཛམ་བུ་གླིང་འདི་ཉིད་མ་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། གངས་རི་དེས་ཕ་རོལ་རི་སྤོས་ངད་ལྡན་གྱི་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་སྟེ་གངྒ་དང་། སིནྡྷུ་དང་། སི་ཏྰ་དང་། པཀྵུ་བཅས་འབབ་པ་ཡོད་དོ།  །ཞེས་དང་། པད་མའི་ལུང་བསྟན་བཀའ་བརྒྱ་མལས་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་འདྲ་བའི་ཤར་ཕྱོགས་སུ་ཤངས་ཀྱི་ཟ་ལུང་ཡོད་པར་གསུངས་པ་དང་། བློན་པོ་བཀའ་ཐངལས།   རྡོ་རྗེ་གདན་ནས་བྱང་ཕྱོགས་བཅལ་བ་ན།   རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ། །ཞེས་འབྱུང་བ་དང་།  དཔལ་ལྡན་ཨ་ཏི་ཤ་མངའ་རིས་ཀྱི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གུ་གེར་གདན་དྲངས་སྐབས།   ཏི་སེའི་མདུན་བར་ཁའི་ཐང་དུ་ཕེབས་སྐབས།  ཇོ་བོ་རྗེའི་ཞལ་ནས།  ཏི་སེའི་གངས་ནས་གནས་བརྟན་རྣམས་གདུགས་ཚོད་ཀྱི་གཎྡི་རྡུང་བྱུང་།  རང་རེ་ཡང་གུང་གི་དྲོ་གྱིས་ཤིག་ཅེས་གསུངས་པ་སོགས་རྒྱ་བོད་པཎ་གྲུབ་སུས་ཀྱང་ཏི་སེ་ཞེས་པ་ནི་བོད་ཀྱི་རི་འདི་ལ་ངོས་འཛིན་པ་ཡིན།  གནས་ཁྱད་པར་ཅན་འདི་ནས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ནས་རྗེ་དཀོན་མཆོག་ཕན་བདེ་ཉི་མའི་བར་གངས་ཏི་སེའི་རིག་པ་འཛིན་མཁན་རྡོར་འཛིན་དང་འབྲི་གུང་པའི་གྲུབ་མཐའ་འཛིན་པའི་དགེ་འདུན་གྱི་སྡེ་མ་ཆད་པ་བྱུང་།   ཁྱད་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་སྒྲུབ་གནས་སུ་གྱུར་སྐབས།  རྗེ་མར་པའི་ལུང་བསྟན་ལྟར་མི་ལ་རས་པས་གནས་འདིར་སྒྲུབ་པ་ཡུན་རིང་མཛད།   དེ་བཞིན་དུ་འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་དང་།   གྲུབ་ཐོབ་སེངྒེ་ཡེ་ཤེས།  རྒོད་ཚང་པཞ  པཎ་ཆེན་བློ་བཟང་ཆོས་རྒྱན།  ཞབས་དཀར་པ་སོགས་མཁས་གྲུབ་མང་བོས་ཞབས་ཀྱིས་བཅགས་མྱོང་།
  གངས་ཏི་སེའི་སྟེང་གི་ཨ་ཕུག་ཏུ་གྲགས་པ་ནི་རྗེ་མི་ལས་བྲུས་ཤིང་ཨ་ཡིག་བཀོད་པར་བཤད་ལ།   ཏི་སེའི་མདུན་གྱི་ལ་སྔགས་ཞེས་བྱའི་མཚོ་ཆེན་པོ་མི་ལྤགས་ཀྱི་གཡང་གཞིའི་རྣམ་པ་ཅན་ཞིག་ཡོད་པ་ནི།   ཇི་སྐད་དུ།  སྲིན་ཡུལ་ལངྒ་པུ་རི་ན།  །དུག་མཚོ་ནག་པོ་མེ་རེ་རེ།  ཞེས་གསུངས་པ་ལྟར་ཡེ་ཤེས་མགོན་པོ་བེང་ཆེན་ལྕམ་དྲལ་གྱི་ཕོ་བྲང་ཡིན་པར་གསུངས།   ཏི་སེའི་ཕྱོགས་བཞི་ན་ཡོད་པའི་ཞབས་རྗེས་བཞི་ནི་མགོན་པོ་བེང་གིས་གངས་ཏི་སེ་འདི་ཀླུ་ཡུལ་དུ་གདན་འདྲེན་པར་བྱའོ་སྙམ་དུ་བསམས་ནས་རྫུ་འཕྲུལ་གྱིས་ཏི་སེའུ་སྐེད་པ་ལ་ཐག་པ་བརྒྱབ་ནས་འཁུར་བར་བརྩམས་པ་ན།   རྒྱ་གར་འཕགས་པའི་ཡུལ་ནས་སྟོན་པ་འཁོར་བཅས་ངང་བའི་རྒྱལ་པོ་བཞིན་འཕུར་ནས་ཕེབས་ཏེ་ཕྱོགས་བཞི་ལ་ཕབས་རྗེས་རེ་བཀོད་པས་གདན་འདྲེན་མ་ནུས་པར་ལུས་པས།   ད་ལྟའང་དེ་བཞི་ལ་ཏི་སེ་མི་འགྱུར་བའི་གཟེར་བཞིན་ཞེས་གྲགས་སོ། །