logo

གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ།

རྩོམ་པ་པོ།:bulu ཡོང་ཁུངས།:བོོད་རིག་པའི་དྲ་བ། དུས་ཚོད།:2008-04-28 ཀློག་གྲངས།:

   གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་ནི་རང་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་ཤུལ་རྙིང་ཞིག་ཡིན། དེ་ནི་མངའ་རིས་གྲོན་ཆུས་རྩ་མདའ་རྫོང་ཁོངས་སུ་ཡོད་ཅིང༌། གཞིས་རྩེ་གྲོང་ཁྱེར་ནས་མངའ་རིས་ཀྲོན་ཆུས་གནས་ཡུལ་སེང་གེ་ཁ་འབབ་གྲོང་བརྡལ་དུ་སྤྱི་ལེ་༡༣༧༦བར་བསྐྱོད་དགོས་པ་དང༌། སླར་ཡང་སེང་གེ་ཁ་འབབ་ནས་ལྷོ་ཕྱོགས་རྩ་མདའ་རྫོང་བར་སྤྱི་ལེ་༡༨༥ཙམ་བསྐྱོད་དགོས་ཀྱི་ཡོད། གུ་གེ་རྒྱལ་ཕྲན་ནི་སྤྱི་ལོའི་དུས་རབས་བཅུ་པའི་སྔ་རྗེས་སུ་བྱུང་བར་ངེས། སྐབས་དེར་བཙན་པོའི་སྲིད་དབང་སྟོངས་ཤིང་འབངས་གྱེན་ལོག་བྱུང་སྟེ་གནས་བཅད་བཟུང་གི་སྲིད་དབང་ཐོན་ནས་བོད་འདི་སིལ་བུར་ཐོར། མངའ་རིས་གུ་གེ་རྒྱལ་ཕྲན་ཞེས་པ་དེ་ནི་སྐབས་དེར་ཐོན་པའི་ས་གནས་ཀྱི་སྟོབས་ཤུགས་ཆེ་གྲས་ཤིག་ཡིན། དེས་སྲིད་དབང་ནུབ་རྒྱུད་དུ་རྒྱ་སྐྱེད་ནས་ལ་དྭགས་རྒྱུད་ཀྱི་ས་ཁུལ་རྣམས་དབང་དུ་བསྡུས།

  གུ་གེ་རྒྱལ་ཕྲན་ནི། གླང་དར་མའི་རྒྱལ་རྒྱུད་རྗེ་དཔལ་འཁོར་བཙན་གྱི་ཆེ་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་གྱིས་བཙུགས་ནས་རྒྱལ་ཐོག་བཅུ་དྲུག་ཙམ་བྱུང༌། སྐྱིད་ལྡེ་ཉི་མ་མགོན་གྱིས་རྒྱལ་ཕྲན་ལ་དབང་སྒྱུར་བྱེད་བདེ་ཡོང་ཆེད་དུ་རང་ཁོངས་ས་ཆ་རྣམས་རང་གི་བུ་གསུམ་ལ་བགོས་ནས་སྐྱོང་དུ་བཅུག་པ་སྟེ། རྒན་པ་དཔལ་ལྡེ་ཉི་མ་མགོན་གྱིས་མང་ཡུལ་བཟུང། འབྲིང་པོ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང༌། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང༌། དེ་

གསུམ་ལ་སྟོད་ཀྱི་མགོན་གསུམ་ཟེར། དེང་སྐབས་མཐོང་རྒྱུ་ཡོད་པའི་གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་ནི་སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་བཟུང་བའི་རྒྱལ་ཕྲན་གྱི་ཤུལ་རྙིང་ཡིན་པ་དང༌། དེ་མིན་སྲས་ཆེ་འབྲིང་སོ་སོས་བཟུང་བའི་རྒྱལ་ཕྲན་གྱི་ཤུལ་རྙིང་གང་དུ་ཡོད་མེད་སླད་དཔྱད་ཞིབ་བྱེད་དགོས་པ་ཡོད།

གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་གྱང་རོ་ནི་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཤིང༌། སྟེང་འོག་བར་གྱི་མཐོ་ཚད་སྤྱི་ཁྲེ་སུམ་བརྒྱ་ཙམ་ཟིན་པ་དང༌། དོང་སྦུབས་སུམ་བརྒྱ་སྐོར། གཞན་ཡང་མཐོ་ཚད་སྤྱི་ཁྲེ་བཅུ་ཙམ་ཡོད་པའི་མཆོད་རྟེན་ཁག་གསུམ་བཅས་ཡོད་ལ་ད་དུང་མཁར་ཤུལ་དེའི་ཁྲོད་དུ་མི་རྣམས་ཀྱིས་ཡིད་འཇོག་ཆེན་པོ་བྱེད་པའི་མཆོད་ཁང་དམར་པོ་དང༌། མཆོད་ཁང་དཀར་པོ། འཇིགས་བྱེད་ལྷ་ཁང༌། དུས་འཁོར་ལྷ་ཁང༌།

སྨན་བླའི་ཕོ་བྲང༌། ཚོམས་ཆེན་སོགས་ཡོད་ཁོངས་ནས་ཐང་ཤོས་ནི་མཆོད་ཁང་དམར་པོ་དང༌། དཀར་པོ། དུས་འཁོར་ལྷ་ཁང་སོགས་ཡིན། ལྷ་ཁང་སོ་སོའི་ནང་ལྷའི་འཇིམ་སྐུ་ཆག་རོ་འདྲ་ཡོད་པ་མ་ཟད་ད་དུང་སྐྱ་ལྡེབས་སུ་ལྡེབས་བྲིས་ཚར་དུ་དངར་བ་མང་པོ་ཡོད་པ་དཔེར་ན། གཙོ་བོ་ཇོ་བོ་ཤཱཀྱ་མུ་ནེ་དང༌། བཙན་པོ་རྣམས་ཀྱི་སྐུ་བརྙན་སོགས་བཀོད་ཡོད་པ་མ་ཟད། གུ་གེ་རྒྱལ་བློན་ཚོའི་འདྲ་རིས་ཀྱང་བྲིས་ཡོད། མཆོད་ཁང་སོ་སོའི་གོང་ལའི་སྟེང་དུ་

ཤིང་ལས་བཟོས་པའི་སེང་གེ་དང༌། གླང་པོ་ཆེ། རྟ། འབྲུག རྨ་བྱ་སོགས་ཀྱིས་མཚོན་པའི་སྲོག་ཆགས་ཀྱི་གཟུགས་བརྙན་འདྲ་མིན་མང་པོ་བརྐོས་ཡོད་པས་མངའ་རིས་ཀྱི་འབངས་མི་ཚོས་དུས་ད་ལྟའང་སྲོག་ཆགས་དེ་ཚོར་དད་ཞེན་ཚད་མེད་བྱེད་ཀྱི་ཡོད། གཞན་ཡང་ཤུལ་རྙིང་དེའི་མཐའ་སྐོར་ནས་ཁྲབ་རྨོག་དང༌། ཕུབ། མདའ་མདུང་ལ་སོགས་པའི་གནའ་བོའི་གོ་མཚོན་གྱི་རིགས་ཀྱང་རྙེད་ཀྱི་ཡོད། ས་མཐོའི་ཁུལ་འདི་ནམ་ཟླ་སྐམ་ཤས་ཆེ་ལ་དབྱང་རླུང་

ཉུང་བ་བཅས་ཀྱིས་རྐྱེན་པས་གནའ་བོའི་དངོས་རྫས་དེ་རྣམས་དུས་ད་ལྟའང་ཉམས་ཆག་སྤུ་ཙམ་བྱུང་མེད།

 བོད་སྤྱི་ལ་དབང་བའི་བཙན་པོའི་རྒྱལ་རྒྱུད་སྟོངས་ནས་གངས་ཅན་གྱི་ལྗོངས་འདི་མི་ལོ་བཞི་བརྒྱ་ལྷག་ཙམ་རིང་སིལ་བུར་ཐོར་བའི་ཟང་ཟིང་གི་དུས་སུ་གུ་གེ་རྒྱལ་ཕྲན་བྱུང་བ་དེ་ནི་སྲ་ཞིང་མཁྲེགས་པའི་ལྕགས་རི་ཞིག་དང་འདྲ་བར་བོད་དུ་ཕྱི་རོལ་ནས་སྟོབས་ཤུགས་འཚང་འཛུལ་བྱེད་པར་འགོག་སྲུང་ཐུབ་པ་བྱུང་ཡོད། དེ་ལྟར་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གུ་གེ་རྒྱལ་ཕྲན་གྱི་གནས་ཤུལ་དེར་ད་ཡོད་རི་འདབས་སུ་སྔོན་གྱི་ཕོ་བྲང་རྙིང་པའི་གྱང་རོ་ཐད་ཀར་ལངས་པའི་བྲག་ལྟ་བུ་རྩེག་པ་མང་པོ་དང༌། དེ་མིན་གནའ་ཤུལ་ཇི་སྙེད་ཅིག་མཐོང་རྒྱུ་ཡོད་པ་དེ་དག་ནི་ལོ་རྒྱུས་ཐོག་མངའ་རིས་ཆོས་རྒྱལ་རིམ་བྱོན་གྱིས་ཕོ་བྲང་བརྩིགས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་སྲོལ་གཏོད་མཛད་གནས་ཡིན་པས་སྤྱི་ལོ་༡༩༦༡ལོ་ནས་བཟུང་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས་ཏེ་མི་ཉམས་པའི་སྲུང་སྐྱོབ་མཛད་བཞིན་ཡོད་དོ།


འབྲེལ་ཡོད་འོས་སྦྱོར།