༄༅།།ངོ་མཚར་སྨད་དུ་བྱུང་བའི་ལྷ་སའི་ས་དབྱིབས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-27
ཀློག་གྲངས།:
ལྷ་སའི་ཆགས་དབྱིབས། པར་རིས་ཡོང་ཁུངས། པའེ་ཏུའུ་ལས་བཏུས།
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཀེ་ལ་ཤ་ཡིས་ཡོངས་སུ་སྐོར་བའི་ཞིང་ཁམས་ཀྱི་དབུས་སུ་འཛམ་གླིང་གཙུག་ཕུད་ངོ་མཚར་སྨད་དུ་བྱུང་བའི་གནའ་བོའི་གྲོང་ཁྱེར་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་ཡུལ་གྲུ་ཀུན་ཏུ་གྲགས་པའི་བསོད་ནམས་ཞིང་མཆོག་དེ་ཡི་བྱུང་བ་བརྗོད་ལ་སྤྲོ་བས་སྐལ་ལྡན་ལས་འཕྲོ་ཅན་གྱི་སྨན་པའི་བདུད་རྩིར་གྱུར་ཅིག་ཅེས་ངག་གི་འདུན་པས་ཡོལ་བ་ཕྱེ་སྟེ་སོར་མོའི་ཟློས་གར་རྩེད་ལ་རོལ་བས། ཀུན་གྱི་ཡིད་ལ་བདེ་བ་ཐོབ་པ་ཤོག་ཅེས་སྔོན་འགྲོ་ཙམ་དང་། དེ་ཡང་གྲངས་ཆ་འབུམ་ཁྲག་གི་སྔོན་དུ་ལྷ་ས་ནི་མཚོ་མོ་ཡིན་པ་ད་ལྟ་ཚན་རིག་པ་རྣམས་ཀྱིས་ཀྱང་བརྗོད་ཀྱི་ཡོད་ལ། བོད་མི་རྣམས་ཀྱི་ཁ་རྒྱུན་དུའང་ལྷ་ས་མ་ཆགས་ལྷ་ས་ཆགས། ལྷ་ས་མཚོ་མོའི་སྟེང་དུ་ཆགས་ཅེས་བརྗོད་སྲོལ་ཡོད་པ་དང་། ས་དོང་མི་ཚད་ཙམ་ལས་མ་འདྲུས་ན་ཡང་ཆུ་འདོན་གྱི་ཡོད། ལོ་ངོ་སྟོང་གི་སྔོན་དུ་ལྷ་ས་ནི་གླ་བའི་ཚལ་དང་། ཆུ་ཤིང་འམ་བུ་སོགས་ཀྱི་ཚང་ཚིང་དང་། འོ་ཐང་མཚོ་སོགས་མཚེའུ་ཡོད་པར་གྲགས། ལྷ་སའི་མིང་གི་བྱུང་ལུགས་སྐོར་ལ་འགྱུར་བ་མང་ཙམ་བྱུང་ཡོད་པ་དཔེར་ན་ཐོག་མར་འམ་ཤོད། སྐྱིད་མོ་ཤོད། སྐྱིད་ཤོད་དང་བཙན་པོའི་དུས་ར་ས་ཞེས་འབོད་པ་བསམ་ཡས་རྡོ་རིང་གི་ཡིག་ཕྲེང་དང་པོར་གསལ། ར་ས་ཞེས་པ་ནི་ལྷ་ས་གཙུག་ལག་ཁང་བཞེངས་སྐབས་ར་མོ་དཀར་མོས་ས་འདྲེན་ནས་འོ་ཐང་མཚོ་བསུབས་པས་ར་ས་ཞེས་འབོད་པ་ཡིན། ལྷ་ས་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་བོད་རྒྱལ་ཁྲི་རལ་པ་ཅན་གྱི་ཁྲི་ལོ་བདུན་པ་ལྕགས་ལོ༨༢༡ལ་བཞེངས་པའི་རྡོ་རིང་སྟེང་དུའང་ལྷ་ས་ཞེས་གསལ་ཡོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་དུ་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་གསལ། གང་ལྟར་ལྷ་ཡུལ་ས་ལ་ཕོས་པ་བཞིན་ཡོད་གཤིས་མཇལ་མ་ཐག་སྒོ་གསུམ་དད་པའི་ཐལ་མོའི་འདབ་བརྒྱ་སྙིང་གར་བཀོད་པའི་ཕྱག་དང་གསོལ་བ་འདེབས་པའི་གནས་མཆོག་ཡིན་པ་སྨྲོས་ཅི་ལ་དགོས། བོད་ཀྱི་ལོ་རྒྱུས་མང་པོར་ལྷ་ས་ཆགས་ཡུལ་ས་དབྱིབས་ནི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས་པདྨ་འདབས་བརྒྱ་འདྲ་བ་དང་། མཐའ་སྐོར་རི་དབྱིབས་སུ་བཀྲ་ཤིས་རྟགས་བརྒྱད་ཡོད་པས་ས་དབྱིབས་ཤིན་ཏུ་ངོ་ངོ་མཚར་ཆེ་བ་སྟེ། པདྨ་འདབ་བརྒྱ་ནི་རི་ཀླུང་གི་མཚམས་དང་ཤུར་ཁ་རྣམས་བསྣོན་ནས་རྩིས་པས་ན། ཤར་སྟག་རྩེ་ངོས་ཀྱི་བྱང་རི་དང་ལྷོ་བྲག་དཀར་མལ་དྲོ་ཕྱོགས་སུ་འགྲོ་བའི་ལམ་ཆེན་གྱི་ཕྱོགས་སུ་ཟུར་གཅིག ཆོས་ལུང་། སྒམ་པོ་ལུང་། གྲིབ་ཀྱི་ལུང་པ་དང་ལ་མོ་བཅས་ལ་ཟུར་རེ་རེ། ལྷོ་ནུབ་ཀྱི་སྨད་ཕྱོགས་སྣེའུ་དང་སྟོད་ལུང་རི་བསྣོན་མཚམས་ཤུར་ལམ་ཆེན་པོའི་ཐད་དུ་ཟུར་གཅིག ནུབ་ཏུ་སྟོད་ལུང་གི་ལམ་ཆེན་སྐྱོར་མོ་ལུང་གི་རྒྱབ་རི་བསྣོན་མཚམས་སུ་ཟུར་གཅིག ནུབ་བྱང་ཉང་བྲན་གྱི་ཕུ་དང་དོག་བདེ་གཉིས་ཀྱི་ལུང་ཤུར་དང་ལ་གཉིས་ལ་ཟུར་རེ་རེ་བཅས་བརྒྱད་ཡོད་པར་གསལ། ལྷ་སའི་མཐའ་བསྐོར་གྱི་རི་དབྱིབས་བཀྲ་ཤིས་རྟགས་བརྒྱད་བརྗོད་ན། ཉང་བྲན་གྱི་རི་ལ་གདུགས། སེ་རའི་རི་ལ་རྒྱལ་མཚན། ར་གའི་བྲག་ལ་ཉ། རྫོང་བཙན་གྱི་རི་ལ་བུམ་པ་དང་དཔལ་བེའུ། གྲིབ་ཀྱི་རི་ལ་དུང་དཀར། ཇོ་བོ་མདོ་མཁར་གནས་པའི་ཤུལ་གྱི་རི་ལ་པད་མ་འདབ་བརྒྱད། བྲག་བུའི་བྲག་ལ་འཁོར་ལོ་བཅས་བཀྲིས་རྟགས་བརྒྱད་ཀྱི་མཚོན་རྟགས་དང་། ལྷ་ས་དེ་བརྗིད་ཆགས་ལྡན་པའི་རི་ཆེན་བཞིས་བསྐོར་ཡོད་པ་སྟེ། དགེ་འཕེལ་རི་དང་། སྨིན་དྲུག་རྫ་རི། ཇོ་མོ་ཟེ་ཟེ། འབུམ་པ་རི་བཅས་སོ། སྤོར་ཐང་རྩིས་ལུགས་ལྟར་ན་རྒན་མོ་འཕྲེང་མགོའི་རི་ལ་ཤར་གྱི་རྒྱ་སྟག་ཁྲ་བོ། ལྷ་སའི་སྐྱིད་ཆུ་ནི་ལྷོའི་གཡུ་འབྲུག་སྔོན་མོ། ཤུན་གྱི་རི་ལ་ནུབ་ཀྱི་བྱ་དམར་པོ། ཕ་བོང་ཁའི་བྲག་ནི་བྱང་གི་རུལ་སྦལ་སེར་པོ་ཞེས་གྲགས། ལྷ་སའི་སྐྱིད་ཆུ་ནི་ལོ་རྒྱུས་ཐོག་ལྷ་སར་སྐྱིད་ཤོད་ཟེར་བས་སྐྱིད་ཆུ་ཞེས་གྲགས། སྐྱིད་ཆུའི་ཆུ་འགོ་བྱང་གཉེན་ཆེན་ཐང་ལའི་རི་རྒྱུད་ལྷ་རི་རྫོང་སྨི་ཏི་ཁ་ཆུས་ཀྱི་ཕུར་ཡོད་པའི་མཚོ་ལ་ཐུག་ཡོད་ཅིང་། གཡས་སྐོར་གྱིས་ལྷ་རི་འགོ་དང་། ནག་ཆུ། འདམ་གཞུང་། ལྷུན་གྲུབ། འབྲི་གུང་། མལ་འགྲོ་གུང་དཀར། ཀོང་པོ་སྦ་ལ་ཚུན་ཆད། སྟག་རྩེ་རྫོང་། ལྷ་ས། སྟོད་ལུང་བདེ་ཆེན་བཅས་རྒྱུད་མཐར་ཆུ་ཤུལ་དུ་ས་སྣེ་གསུམ་གྱི་མདོར་ཡར་ཀླུང་གཙང་པོར་བབས། ཆུ་རྒྱུན་ནི་སྨི་ཏི་གཙང་པོ་དང་། གསེབ་རོང་གཙང་པོ། འདམ་ཆུ། རྭ་སྒྲེང་གཙང་པོ། འབྲི་གུང་གཙང་པོ། ལྷ་ཆུ། བཟང་ཆུ། ཡུལ་ངན་ཆུ། ཀོང་པོ་སྦ་ལ་ཚུན་ཆད་ཀྱི་ཆུ་བོ། མལ་གྲོ་མ་ཆུ། སྟོད་ལུང་ཆུ་སོགས་ཆུ་བོ་སྣ་ཚོགས་ལས་བྱུང་བ་ཞིག་ཡིན་ནོ།།
ལྷ་སའི་ཆགས་དབྱིབས། པར་རིས་ཡོང་ཁུངས། པའེ་ཏུའུ་ལས་བཏུས།
རྒྱལ་རབས་གསལ་བའི་མེ་ལོང་སོགས་ལས་ལྷོ་བྱང་ན་བཙན་གྱི་འགྱུ་སྲང་ཞེས་ལྷ་སའི་གྲིབ་ཀྱི་ཕུ་ནས་བྱང་ཉང་བྲན་བར་གྱི་ལུང་ཤུར་རུ་བཙན་གྱི་འགྲོ་ལམ་ཡིན་པར་གསལ། ལྷ་སའི་གནམ་གཤིས་དྲོ་གྲང་སྙོམས་པ། ལོ་གཅིག་འཁོར་མ་ཉི་འོད་རབ་ཏུ་འཕྲོ་བ། མཚན་མོ་ཟླ་འོད་དང་སྐར་ཚོགས་རྣམ་པར་བཀྲ་བ། སྣོད་བཅུད་ཤིན་ཏུ་ཆེ་བ། ཆུ་བོ་དྭངས་ཤིང་བསིལ་བ། ཡངས་བ། འཇམ་པ་སོགས་ཀྱི་དགེ་མཚན་ལྡན་པས། ལྷག་པར་ལྷ་སའི་སྐྱིད་ཆུས་གཙོས་དྭངས་ཤེལ་ཆུ་བོ་ཡན་ལག་བརྒྱད་ལྡན་ཨིཎྚ་ནི་ལའི་ཁུ་བོའི་རྒྱུན་ལྟར་གྱ་གྱུར་བབས་པ་དང་། ནམ་མཁའ་ནི་ཆར་རྒྱུན་གྱིས་བཀྲུས་པ་ལྟར་དྭངས་ཤིང་དྲི་མ་མེད་པ། ལྷ་སའི་ཉེ་འཁོར་གྱི་ནེའུ་གསིང་ནི་སྔོ་ལྗང་རྨ་བྱའི་མགྲིན་པའི་ཁ་དོག་དང་འདྲ་བས་བྱ་རྣམས་བག་ཕེབས་ཀྱིས་གསུང་སྙན་སྒྲོགས་བཞིན་ཡོད།རྒྱལ་མཆོག་ལྔ་པ་ཆེན་པོས་ལྷ་སར་བསྔགས་པ་གནང་བ་འདི་ལྟར། གང་འདིར་དབུས་འགྱུར་སྐྱིད་ཤོད་ནོར་འཛིན་གཞིར། རྒྱུ་སྐར་ས་ལ་བཀྲམ་འདྲའི་གྲོང་ཁྱེར་མཆོག སུམ་རྩེན་ཡུལ་གྲུའི་ཁེངས་པ་རབ་འཕྲོག་པར། ཟས་གཙང་སྲས་ཀྱི་ཕུལ་བྱུང་ཐུགས་བརྗེའི་མཆོག རིན་ཆེན་ཞུན་མར་ལྷན་ཅིག་འཁྱིལ་བའི་སྐུ། ངོ་མཚར་སྣང་བརྙན་རྒྱ་མཚོའི་བྱེད་པོ་ཡིས། ཕན་བདེའི་འགྲོ་རྣམས་རིང་ནས་འགུགས་པ་བཞིན། བགྲང་ཡས་རྒྱལ་བའི་རང་སྣང་ཡེ་ཤེས་ཚོགས། གཞལ་མེད་བ་གམ་དམ་པར་ལེགས་སྒྲུབ་ལ། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཞེས་པ། མཁའ་ལ་དབང་པོའི་གཞུ་བཞིན་མངོན་པར་བཀྲ། ཞེས་དང་དུས་རབས་བདུན་པའི་ནང་སྲིད་ཞིའི་གཙུག་ནོར་གངས་ཅན་སྤུར་རྒྱལ་གྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་ཡི་སྐབས་སྟོབས་འབྱོར་གྱི་མངོན་པར་མཐོ་བའི་རྒྱལ་རྒྱུད་ཆེན་པོ་ཞིག་བྱུང་ཞིང་། སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་པ་གསུམ་གྱི་རྩེ་ནས་མངོན་པར་འཆར། བོད་ཡོངས་དབང་དུ་བསྡུས། རུ་ཚོའི་བར་གྱི་འཁོན་རྩོད་རྩ་བའི་ཆ་ནས་མེད་པར་འགྱུར། མཐའ་བཞིའི་རྒྱལ་ཁབ་དང་འབྲེལ་ལམ་དམ་པོར་བཙུགས། ལྷག་པར་རྒྱ་བོད་བར་གྱི་ཆབ་སྲིད་དང་། གཉེན་སྒྲིག རིག་གནས། དཔལ་འབྱོར་སོགས་ཀྱི་མཛའ་མཐུན་གྱི་འབྲེལ་ལམ་དམ་པོར་བཙུགས་གནང་མཛད། བོད་ཆུ་སྦྲུལ་ལོ་སྦྱི་ལོ༦༣༣ལོར་རྒྱལ་ས་ལྷ་སར་སྤོས་ཏེ་འཛུགས་སྐྲུན་རྒྱ་ཆེན་མཛད། བློན་པོ་སམྦྷོ་ཊས་གཙོས་བོད་ཕྲུག་བཅུ་དྲུག་རྒྱ་གར་ལ་མངགས་ཏེ་ད་ལྟ་ངེད་ཚོས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་དེ་གསར་གཏོད་མཛད། ཁྲིམས་ཀྱི་དང་པོ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གཏན་ལ་ཕབ། འཇལ་ཤོར་འདེགས་གསུམ་གྱི་ཚད་གཞི་གསར་དུ་བཟོས། རྒྱ་ནག་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙོང་གི་སྲས་མོ་འུནཤིང་ཀོང་ཇོ་དང་བལ་ཡུལ་གྱི་སྲས་མོ་བལ་བཟའ་ཁྲི་བཙུན་གཉིས་ཁབ་ཏུ་བསུས། རྟེན་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་གདན་དྲངས་ཏེ་ནང་ཆོས་པུ་ཏི་མང་པོ་བོད་ཡིག་ལ་སྒྱུར། བོད་ལྗོངས་ཡོངས་ལ་སངས་རྒྱས་ཆོས་ལུགས་ཁྱབ་པར་བྱས། ཆབ་སྲིད་སྲ་བརྟན་དང་སྟོབས་ཤུགས་མངའ་ཐང་རྒྱས། བོད་ཁམས་ཚང་མ་བདེ་ལ་བཀོད། བཙན་པོ་དེས་རྒྱལ་ས་ལྷ་སར་སྤོས་ནས་ད་ལྟ་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། འདིར་བཙན་པོ་དེ་ལ་ཆ་ཤས་ཙམ་བསྟོད་པ་ནི།
སྐུ་རྒྱུད་དྲང་ཞིང་སྲོང་བའི་གངས་ལྗོངས་སྐྱེ་བོའི་རྗེ། གསུངས་ཀྱི་ཁྲིམས་ལ་ཉེ་རིང་མེད་ཅིང་བཀའ་བཙན་པ།
ཐུགས་ཀྱི་རྒྱུད་ཚོད་རྟོགས་པར་དཀའ་བའི་སྒམ་པོ་བ། ཀུན་གྱིས་བཀུར་བའི་ཆོས་རྒྱལ་ཉིད་ལ་ཕྱག་འཚལ་ལོ།
ཞེས་རེ་ཤིག་ངལ་གསོ་བའི་ཚིགས་སུ་བཅད་པའོ།།
བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དུ་ལྷ་སར་ར་ས་ཞེས་འཁོད།
འབྲེལ་ཡོད་འོས་སྦྱོར།