logo

༄༅། །ལོ་རྒྱུས་ཀྱིས་བརྗེད་པའི་ལོ་རྒྱུས་ཀྱི་བདེན་དཔང་།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-05-17 ཀློག་གྲངས།:
༄༅། །ལོ་རྒྱུས་ཀྱིས་བརྗེད་པའི་ལོ་རྒྱུས་ཀྱི་བདེན་དཔང་།
                                              —འབའ་གཞུང་གི་ས་པཎ་སྒྲུབ་ཕུག་ཏུ་མཇལ་བའི་མཐོང་ཐོས།
ཤེས་རབ་བསྟན་དར།

        དེ་རིང་ཕྱི་དྲོར་བདག་གིས་གསང་སྔགས་རིག་གནས་བྱང་ཆུབ་གླིང་དུ་ཕྱི་དྲོའི་དཔེ་ཁྲིད་བྱས་རྗེས་ཨོའུ་རྒྱ་རིན་པོ་ཆེ་དང་མཉམ་དུ་འབའ་ལུང་བར་ཡོད་པའི་ས་པཎ་གྱི་སྒྲུབ་ཕུག་ལ་མཇལ་བར་སོང་། འདི་ནི་བདག་གིས་འབའ་གཞུང་གི་གནའ་ཤུལ་ལ་མཇལ་ཐེངས་གཉིས་པའམ་ཡང་ན་རྟོག་དཔྱོད་ལ་འགྲོ་ཐེངས་གཉིས་པ་ཡིན་ཞེས་བཤད་ནའང་མི་ཆོག་པ་མེད།
        ཐེངས་དང་པོ་ནི་ཐུན་ཏེ་རྫོང་གི་ངོས་ཀྱི་བྲག་ཕུག་དེ་ཡིན། ཕུག་པ་དེ་ནི་ཁོ་ནག་སྡེ་བའི་འདབས་སུ་ཡོད་ཅིང་ཁོ་ཚོས་སྨྲི་ཏིའི་མཚམས་ཁང་ཡིན་ཟེར། བདག་མེད་དུ་གྱུར་པའི་མཚམས་ཁང་དེ་མཐོང་བས་བདག་གིས་དེ་ནི་སྨྲི་ཏིའི་མཚམས་ཁང་ཡིན་མིན་མི་ཤེས་མོད། རང་ག་བའི་མཚམས་ཁང་ཞིག་མ་ཡིན་པར་སྔོན་གྱི་ཁྱད་ཆོས་དང་ལྡན་པའི་མཚམས་ཁང་ཞིག་ཡིན་པའི་ངེས་ཤེས་རྙེད།
        ན་ནིང་བདག་གིས་མཚོ་ལྷོ་ཁུལ་གྱི་རི་ཆུའི་རིག་གནས་རྩོམ་སྒྲིག་གི་འགན་བླངས་པས་མཚོ་ལྷོ་ཁུལ་དང་ལྷག་པར་ཐུན་ཏེ་རྫོང་དང་ཀོས་ནན་རྫོང་གཉིས་ཀྱི་རི་ཆུའི་རིག་གནས་ལ་ངེས་ཆ་ཅུང་ཡོད། འོན་ཀྱང་རི་ཆུ་དེ་དག་དངོས་སུ་མ་མཐོང་བས་གོ་སྐབས་ཤིག་ཡོད་ན་རེ་རེར་མཐོང་འདོད་ཀྱི་བསམ་པ་བཅོས་མ་མིན་པ་ཞིག་སྐྱེས།
        ཁ་སང་ཨོའུ་རྒྱ་རིན་པོ་ཆེ་དང་མཉམ་དུ་ཁ་བརྡ་བྱེད་དུས་མ་བགྲོས་གཅིག་མཐུན་གྱིས་ས་པཎ་སྒྲུབ་ཕུག་ལ་མཇལ་དུ་འགྲོ་བའི་བློ་ཁ་མཐུན། སྒྲུབ་ཕུག་དེ་ནི་བདག་གིས་སྔོན་ནས་ཐོས་མྱོང་སྟེ། ཐོག་མར་ཐོས་པ་ནི་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་སྐུ་ཞབས་རང་སྒྲའི་འབའ་གཞུང་གི་ལོ་རྒྱུས་ལས་མཐོང་བ་ཡིན། རྗེས་སུ་སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་གི་དཔྱད་རྩོམ་ལས་ཀྱང་དེ་ཟུར་ཙམ་གླེང་ཡོད་པ་མཐོང་ཞིང་། ང་ཚོས་དེ་ཉིད་ཐེངས་འགར་གླེང་མྱོང་ལ། དེ་ནི་དོན་ངོ་མར་ས་སྐྱ་པཎ་ཆེན་ས་འདིར་ཕེབས་མྱོང་ངམ། ཡང་ན་ཅིའི་ཕྱིར་ས་འདིར་ཕེབས་པ་ཡིན་ནམ་ཞེས་པའི་དོགས་གཞི་དེ་འཚོལ་བའི་ཆེད་དུ་ཡིན།
        འབའ་ལུང་བ་ལ་ལ་ལས་འབའ་ཞེས་འབྲི་ཞིང་ལ་ལས་འབལ་ཞེས་འབྲི། འབའ་འབྲི་བར་ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཅིག་ཡོད་ཅིང་། འབལ་འབྲི་བ་ནི་སྔོན་གྱི་འབལ་གྱི་རུས་དང་འབྲེལ་བ་ཡོད་པ་ཞིག་མིན་ནམ་སྙམ་ནས་ཚོད་དཔག་བྱེད། ཡང་སོག་པོའི་ལོ་རྒྱུས་སྨྲ་བས་འབལ་ནི་སོག་སྐད་དེ་སྟག་ཅེས་པའི་མིང་ཡིན་ཏེ་འབལ་གྱི་མགོ་ནས་རྡོ་སྟག་གཡག་ཡོད་པས་སྟག་ལུང་ཞེས་པའི་དོན་ཡིན་ཟེར། ས་ཆའི་ཆ་ནས་དབྱེ་ན་ལུང་བ་འདིར་རོང་འབྲོག་གཉིས་ཀ་ཡོད་ཅིང་ལུང་བའི་ནང་དུ་རོང་བ་འབའ་ཞིག་སྟེ། དེང་གི་འབའ་རྫོང་གི་རོང་བ་དག་གནས་ཡོད། ལོ་འགའི་སྔོན་ལ་འབའ་མདོ་ཟེར་བའི་རོང་སྡེ་དེར་བང་སོ་སྐོར་ཞིག་རྙེད་པ་ལས་རྫོང་རུ་ཞེས་པ་འུར་ཆེ་བར་གྱུར། འོན་ཀྱང་འབའ་གཞུང་འདིར་ད་ལྟའི་བོད་མི་དག་མ་བྱུང་བའི་སྔོན་གྱི་རིག་གནས་ནི་བག་ལ་ཞ་ཡོད་པས། བསྟན་པ་ཕྱི་དར་གྱི་སྐབས་སུ་གནས་དེ་ནི་མདོ་སྨད་ཀྱི་གནས་གལ་ཆེན་ཞིག་ཡིན་པར་སྙམ་བྱུང་། ཚུལ་འདི་ནི་བདག་གསང་སྔགས་རིག་གནས་བྱང་ཆུབ་གླིང་དུ་ཡོང་ནས་གསར་དུ་ཤེས་པ་ཡིན། ད་ལོའི་ཟླ་ལྔ་པར་ངས་འདི་ནས་སློབ་ཁྲིད་བྱེད་དུས་ཕྱི་དྲོ་ཞིག་ལ་ཁོ་རྒྱ་སྡེ་བའི་འདབས་སུ་མཚམས་ཁང་ཞིག་ཡོད་པ་མཐོང་ནས་དེར་བལྟ་རུ་སོང་བ་ཡིན།
        ངེད་ཅག་འབའ་ཚོ་བཞིར་གྲགས་པའི་སྡེ་བའི་གོང་གི་ལུང་བ་དེའི་མདོ་ནས་ལམ་འགྲོ་བ་འགའ་ལ་ས་པཎ་སྒྲུབ་ཕུག་གང་དུ་ཡོད་པར་དྲིས། འོན་ཀྱང་ས་པཎ་ཆུ་ཞེས་དྲིས་པས་མི་འགའི་ཧ་མ་གོ་བས་བདག་གིས་སྐུ་ཞབས་རང་སྒྲ་ལ་ཁ་པར་བཏང་ནས་དྲིས་དུས་ཁོང་གིས་ས་པཎ་ཆུ་ཞེས་བཤད་ན་ཡུལ་མི་ཚོས་ཧ་མི་གོ། ས་བན་ཆུ་ཞེས་དྲིས་པ་ན་ཧ་གོ་ཟེར། ས་ཆ་ནི་ངེད་ཅག་སྡོད་ས་དེ་རེད་ཟེར། ངོ་མ་རེད། ཁོ་ཚོས་འདི་ལ་ས་བན་ཆུ་ཟེར་ཞིང་ཕྱུགས་རྫི་འགའ་ལ་འཕྲད་པས། ཁོ་ཚོས་འདི་ལ་སའང་འཁྱིལ་ཟེར་བའི་སྒྲ་ཞིག་འབྱིན་འདུག དེའང་བསྡུས་ནས་ཆུ་ནང་ཟེར། འདི་ལྟར་སྒྲ་འགྱུར་པའི་ཚུལ་ནི་སྐད་ཆའི་འཕེལ་འགྲོས་དང་མཐུན།
        ངག་རྒྱུན་ལ། སྔོན་འགྲོ་བའི་མགོན་པོ་ས་སྐྱ་པནྜིཏ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་པོ་གོ་དན་གྱིས་ལང་གྲུ་རུ་གདན་འདྲེན་སྐབས་སྒྲུབ་ཕུག་འདིར་སྒྲུབ་པ་ཡུན་རིང་མཛད་མྱོང་བས་ན་མིང་ཡང་དེ་སྐད་དུ་ཐོགས་པར་བཤད། ས་པཎ་གནས་འདིར་ཡུན་རིང་བཞུགས་མིན་ད་ལྟ་སུས་ཀྱང་བཤད་མི་ཐུབ་མོད། འོན་ཀྱང་ས་མིང་གིས་བདེན་དཔང་བྱས་པ་ནི་ཁོང་ཉིད་འདིར་དངོས་སུ་ཕེབས་མྱོང་བར་མ་ཟད་བཞུགས་ཀྱང་མྱོང་བ་དེའོ། །
        ས་སྐྱ་པནྜིཏ་ཀུན་དགའ་རྒྱལ་མཚན་ནི་བོད་ཀྱི་པནྜིཏའི་ཐོག་མ་ཡིན། ཁོང་ནི་བོད་ཀྱི་རོལ་མོ་བསྟན་བཅོས་རྩོམ་པ་པོ་དང་། དེ་བཞིན་དུ་སྙན་ངག་དང་། ལེགས་བཤད་སོགས་བོད་ལ་སྔོན་ཆད་མེད་པའི་བསྟན་བཅོས་མང་པོ་ཞིག་གསར་དུ་རྩོམ་མཁན་ཡིན། དེ་བས་བོད་ཀྱི་རིག་གནས་ལ་བསྟན་བཅོས་བརྩམས་པའི་ངོས་ནས་བཤད་ན་ཁོང་ལྟ་བུ་བྱས་རྗེས་ཆེ་བ་ཞིག་མེད་ཚོད་རེད། ཁོང་ནི་ས་ཆེན་གྱི་སྲས་བཞི་པ་འཁོན་དཔལ་ཆེན་འོད་པོ་ཆེའི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་ལོར་གཙང་དུ་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་ནས་བཟུང་ཁ་ཆེ་པཎ་ཆེན་མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པནྜིཏའི་མཚན་སྙན་ཐོབ་པ་འདི་བོད་ལྗོངས་ཀྱི་པནྜིཏ་དང་པོ་དེ་ཡིན། དེའི་སྔོན་དུ་ཙོང་ཁའི་ཡུལ་དུ་འཁྲུངས་པའི་ཙ་མི་པནྜིཏ་ཞེས་ན་ལེན་དྲའི་མཁན་པོར་བཞུགས་པ་དེ་རྒྱ་གར་ནས་པནྜིཏའི་མཚན་སྙན་བླངས་པ་ཞིག་ལས་བོད་དུ་པནྜིཏའི་མཚན་སྙན་ཐོབ་པ་ཞིག་མིན།
        རབ་བྱུང་བཞི་པའི་ཤིང་འབྲུག་ལོར་ཧོར་རྒྱལ་ཨོ་གོ་ཏའི་སྲས་གོ་དན་གྱིས་གདན་དྲངས་པ་བཞིན་ཁོང་རང་དང་། སྐུ་ཚ་འགྲོ་མགོན་འཕགས་པ་དང་ཕྱག་ན་གཉིས་བཅས་ལང་གྲུ་སྡེ་བཞི་སྟེ་དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ་ས་ཆར་ཕེབས་ནས་རྒྱལ་པོ་དང་མཇལ། ཡོན་མཆོད་ཀྱི་འབྲེལ་བ་ཆགས། བོད་དུ་དཔོན་རིགས་བསྐོ་ལུགས་དང་། ཁྲལ་འུལ་སྐུལ་ཚུལ་སོགས་ལ་ཞལ་འཆམས་ཏེ། བོད་ཀྱི་བཀའ་གྲོས་ལ་དབང་བའི་བླ་དཔོན་སེར་སྐྱ་རྣམས་ཡི་གེ་སྔ་ཕྱི་ལན་གཉིས་བཏང་ནས་དབུས་གཙང་གི་ས་ཕྱོགས་རྣམས་ཧོར་རྒྱལ་པོའི་མངའ་ཁོངས་སུ་བཅུག སྡོམ་གསུམ་རབ་དབྱེ་དང་། ཚད་མ་རིགས་གཏེར། མཁས་འཇུག ལེགས་བཤད་རིན་པོ་ཆེའི་གཏེར་སོགས་མང་དུ་བརྩམས། རང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་ལྕགས་ཕག་ལོར་འདས། ས་སྐྱ་པཎ་ཆེན་ནི་ཆབ་སྲིད་ཀྱི་ངོས་ནས་བཤད་ན་བོད་མི་ཧོར་གྱི་འཇིགས་པ་ལས་སྐྱོབ་མཁན་བོད་ཀྱི་མཁས་པ་དང་པོ་དེ་ཡིན། ཁོང་གི་རྣམ་ཐར་ལས། ཁོང་ཧོར་གྱི་སར་ཕེབས་དུས་དགེ་བའི་བཤེས་གཉེན་བཀའ་གདམས་པ་ནམ་མཁའ་འབུམ་གྱིས། ཧོར་འདི་ལ་ཁྱེད་ཀྱིས་བྱོན་པས་ཕན་པའི་རྒྱུ་མཚན་བདོག་གམ་ཟེར་བ་ལ་ཧོར་འདིས་ངེད་ལ་ཅིས་ཀྱང་མཆོད་གནས་ལ་ཤོག་མི་འོང་ན་དམག་འོང་ཟེར་བས། དམག་བྱུང་ན་བོད་ལ་གནོད་ཀྱིས་དོགས་ནས་འགྲོ་བ་ལགས། སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་མ་གཏོགས་པ་ཕན་ངེས་པའི་རྒྱུ་མཚན་མ་མཆིས། ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་བ་ལ་ཡང་མི་ཕོད་མི་བདོག་པ་ཙམ་ཤེས་པ་གདའ་གསུངས། ཞེས་བཀོད་ཡོད།
        དེ་རིང་ང་ཚོས་ཧོར་དམག་གིས་མི་རིགས་གཞན་བསད་པའི་གྲངས་ཀ་དང་གདུག་རྩུབ་ཤེས་ན་ས་སྐྱ་པཎ་ཆེན་གྱི་སྐུ་དྲིན་དབང་མེད་དུ་ཡིད་ལ་འཁོར་ཡོང་ངེས། དུས་རབས་བཅུ་གསུམ་པར་སོག་པོས་མི་དུང་ཕྱུར་གཉིས་བསད་ཅིང་། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་ཅི་ཉི་སིའི་ཟིན་ཐོ་བཀོད་ཡོད། དེའི་ནང་དུ་རྒྱ་ནག་ནས་བསད་པ་མི་ཁྲི་སྟོང་དྲུག་ཙམ་འདུས་ཡོད། འདི་དང་བསྡུར་ན་ན་ཙེས་ཡུ་ཐེ་མི་ཁྲི་དྲུག་བརྒྱ་བསད་པ་ནི་གྲངས་ཀ་ཆེས་ཤིན་ཏུ་ཉུང་བ་ཞིག་གོ། སྐབས་དེར་ས་སྐྱ་པཎ་ཆེན་ཧོར་ཡུལ་དུ་མ་ཕེབས་ན་གདུག་རྩུབ་ཆེ་བའི་ཧོར་དམག་དེས་བོད་མི་ག་ཚོད་བསད་ཡོད་དམ།
        གནད་དོན་འདི་ནི་ང་ཚོའི་ཡིད་ལ་དབང་མེད་དུ་ཤར་ཡོང་བ་ཞིག་མ་ཡིན་ནམ། འོན་ཀྱང་དེ་རིང་ངས་གླེང་རྒྱུ་ནི་ས་སྐྱ་པཎ་ཆེན་མ་ཡིན་པར་ས་སྐྱ་པཎ་ཆེན་འདིར་ཕེབས་པའི་རྒྱུ་མཚན་དང་ཅིའི་ཕྱིར་ཕེབས་པའི་ཚུལ་དག་ལ་དཔྱད་འདོད་པ་དེ་ཡིན།
        མཚམས་འདིར་ང་ཚོ་སོང་ནས་སྒྲུབ་ཕུག་འདི་ག་འདྲ་ཞིག་ཡིན་པར་བལྟ་བར་བྱ། ལུང་བ་ནི་ཁ་ལྷོ་ལྟ་ཞིག་ཡིན་ཞིང་ལུང་བ་དེའི་མདོ་གཞུང་ལམ་ལ་ཐུག་ཡོད། ལམ་ཁ་ནས་ང་ཚོས་མཐོང་བ་ནི་ལུང་བ་གཉིས་ཀྱི་བར་དུ་དཀྱིལ་གདོང་ཞིག་ཡོད་ཅིང་། དཀྱིལ་གདོང་གི་རི་མཐོན་པོའི་སྲིབ་ཏུ་མཚམས་ཁང་འགའ་ཡོད། ཡིད་ལ་དབང་མེད་དུ་ཤར་ཡོང་བ་ནི་ཅིའི་ཕྱིར་ནུབ་ཀྱི་ཕྱོགས་སུ་མཚམས་ཁང་བཟོ་བ་ཡིན་ནམ་སྙམ་པ་དེ་རེད། ངེད་ཅག་ལུང་བའི་ནང་ནས་ཡར་ཅུང་སོང་བ་ན་ལུང་བ་ཅུང་དོག་མོ་ཞིག་གི་ཉིན་ཁར་བྲག་ཕུག་ཡོད་པ་མཐོང་བྱུང་། ངེད་ཅག་ཡར་འགོས་པས་གཤམ་གྱི་ཕུག་པའི་མདུན་དུ་སླེབས། བྲག་ཕུག་ཅུང་མང་། ང་ཚོ་བྲག་ཕུག་རེ་རེའི་ནང་དུ་སོང་ནས་བལྟས་ཤིང་། མང་ཆེ་བ་གད་པ་རྙིལ་ནས་ད་ལྟ་དབྱིབས་ཙམ་ལས་མེད། འོན་ཀྱང་མང་པོ་ཞིག་བྲག་ཕུག་གི་ངོས་གསལ་བར་མངོན། གོང་ནས་བརྩིས་ན་ཕུག་པ་བཅུ་དྲུག་ལྷག་ཡོད་ཅིང་། གོང་དུ་གདོང་ཁ་ཞིག་ཏུ་ཕུག་པ་ཅུང་ཆེ་བ་ཞིག་དང་མདུན་གྱི་ལུང་བའི་དཀྱིལ་གྱི་རིའི་ངོས་ན་ཕུག་པ་བདུན། ད་ལྟ་བསྡོམས་པས་ཕུག་པ་ཉེར་བཞི་ལྷག་ཡོད། གོང་འོག་ཏུ་ཕུག་པ་མང་པོ་ཞིག་དབྱིབས་ཙམ་ལས་མེད་པའང་ཡོད་པས་སྔོན་ཆད་འདི་རུ་ཕུག་པ་མང་བ་ཤེས་ཐུབ། གོང་ནས་བརྩིས་ན་ལྔ་པ་ཅུང་ཆེ། ཕལ་ཆེར་མཚམས་ཁང་གི་ལྟེ་བ་ཡིན་པ་འདྲ། དེ་ལ་ནང་གསེས་ལྔ་མཐོང་ཞིང་ཉིས་ཐོག་གི་ཉམས་ཡོད། ཕུག་པ་ཅུང་ཆེ་ཞིང་ཞབས་ནས་ཟུར་ཞིག་ན་ད་དུང་ཕུག་པ་ཞིག་ཡོད་པ་མཐོང་། དེའི་མདུན་དུ་མ་ཎི་ཡི་གེ་དྲུག་མ་རྡོ་བརྐོས་མ་ཞིག་ཡོད་ཅིང་། འབའ་གཞུང་གི་ལོ་རྒྱུས་ནང་དུ། ས་པཎ་སྒྲུབ་ཕུག་གི་མདུན་ན་སྔར་མ་ཎི་ཡིག་དྲུག་རྡོ་ལ་བརྐོས་པ་ཞིག་འདུག་པ་ས་སྐྱ་པནྜིཏའི་ཕྱག་བྲིས་དངོས་ཡིན་པར་གླེང་ཞེས་ཟེར་བ་དེ་ཡིན་མིན་མ་ཤེས་ཀྱང་། དེའི་ཡི་གེ་འབྲི་སྟངས་ལ་བལྟས་ན་ཅུང་སྔ་བ་མཐོང་སྟེ། ཨོཾ་ལ་འ་བཏགས་པའི་མ་ཎི་ཡི་གེ་དྲུག་མ་ཞིག་ཡིན་ལ། གཞན་པའི་བྲག་ཕུག་དག་ཏུ་རྡོ་བརྐོས་མང་མོད། དེ་འདྲ་བ་མེད། ལ་ལ་ནི་ཟད་དེ་ཡི་གེ་མཐོང་བ་དཀོན་མོད། བལྟས་ན་མ་ཎི་བྲིས་པ་མང་ཞིང་། གུ་རུ་སིདྡྷི་བྲིས་པ་གཅིག་ཀྱང་མཐོང་། དེ་དག་ནི་དཔྱད་གཞི་ཆེས་ལེགས་པ་ཞིག་ཏུ་མཐོང་། ཨོཾ་རིང་ཆ་ཅན་འདི་ནི་རྭ་སྒྲེང་དུ་མཐོང་ལ་ཏན་ཏིག་གི་བྲག་ཕུག་ཏུའང་མཐོང་རྒྱུ་ཡོད་པ་ལས་རྗེས་ཀྱི་ཕུག་པ་དག་ཏུ་མཐོང་དཀོན།
        ས་པཎ་གནས་གང་ནས་འདིར་ཕེབས་པ་ཡིན་མིན་ནི་ང་ཚོས་གསལ་བོར་ཤེས་དཀའ། སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཁ་སྒང་དང་། རྩོམ་པ་པོ་གྲགས་ཅན་ཚེ་རྒྱལ་སོགས་ཀྱིས་འབའ་མདོ་ནས་རྨ་ཆུ་བརྒལ་ཏེ་ཡར་ཕེབས་པ་ཡིན་པར་འདོད་ཅིང་། དེ་བཞིན་ལོ་རྒྱུས་སུ་སྐྱེས་བུ་དམ་པ་དག་འབའ་མདོ་ནས་རྨ་ཆུར་བརྒལ་བའི་གནས་ཚུལ་མང་།
        བདག་གིས་ཚོད་དཔག་བྱས་ན་ཁོང་མགོ་ལོག་ནས་མར་ཕེབས་པ་མིན་ནམ་སྙམ། དེ་ཡང་མགོ་ལོག་ནས་རྭ་རྒྱ་བརྒྱུད་ནས་འབའ་དང་དེ་ནས་ཁྲི་ཀ་ལ་འགྲོ་བ་ནི་བོད་བཙན་པོའི་དུས་ནས་ཡོད་པར་བཤད་ཅིང་། ཀརྨ་སྐུ་ཕྲེང་ལྔ་པ་ཆོས་རྗེ་དེ་བཞིན་གཤེགས་པའི(1307ལོར་འཁྲུངས)རྣམ་ཐར་ལས། “དེ་ནས་ར་རྒྱ་གྲུ་སོ། ཁྲོམ་བུ་རོང་སོགས་ལ་འབུལ་བ་དང་ཞབས་ཏོག་སྤངས་མཐོ་བ་ཞུས། ཁྲོམ་བུ་རོང་ནས་རྟ་ལྔ་བརྒྱ་དུས་གཅིག་ལ་ཕུལ།”ཞེས་དེའི་སྐབས་སུ་ར་རྒྱ་ན་གྲུ་ཁ་ཡོད་པར་བཤད་ཅིང་། ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་རྣམ་ཐར་དུ། “(སྤྱི་ལོ1471)ལོར་འདྲུ་དང་མི་ཉག་རབ་སྟོད་ཚར་སྒང་། ཉག་རོང་བ། མགོ་ལོག་མ་ཁྲོམ་སོགས་ཀྱི་འཁྲུག་པ་བསྡུམས་ནས་འབའ་བདེ་ཆེན་སྟེང་དུ་ཕེབས”ཞེས་ཀརྨ་སྐུ་ཕྲེང་ལྔ་པ་དང་བདུན་པའང་རྭ་རྒྱ་ནས་མར་ཕེབས་ཤིང་ལྷག་པར་གང་ལྟར་ཡང་འབའ་རྫོང་འདིར་ཕེབས་པ་ནི་ལམ་སྐབས་ཙམ་མ་ཡིན་པར་འདི་ནས་དུས་ཡུན་ངེས་ཅན་ཞིག་ལ་བཞུགས་པས་ཤེས་སྙམ། འོན་ཀྱང་ཁོང་རྭ་རྒྱའི་རབ་ཁ་ནས་གནས་འདིར་ཕེབས་པའམ། ཁ་སྒང་རབ་ཁ་ནས་གནས་འདིར་ཕེབས་པ་གསལ་བའི་དཔྱད་གཞི་ཞིག་མ་རྙེད་ཅིང་། རྭ་རྒྱའི་རབ་ཁ་དང་། འབའ་མདོ་རབ་ཁ། འདོང་ཤིང་རབ་ཁ། རབ་རྒན་རབ་ཁ། རབ་འོག་རབ་ཁ་སོགས་སྔོན་ནས་གྲགས་ཆེ་བའི་རབ་ཁ་དག་ཡིན། གང་ལྟར་ཡང་གནས་འདིར་སྒོམ་ཁང་ཞིག་འཛུགས་པའི་རྒྱུ་མཚན་ཅི་ཡིན། ཁོང་ཧོར་ཡུལ་དུ་མྱུར་དུ་མི་ཕེབས་པའི་ལམ་སྐབས་ནས་སྒོམ་དུ་བཞུགས་པའི་དགོས་པ་གང་། ཅིའི་ཕྱིར་གནས་འདིར་ཕེབས་པ་ཡིན་ནམ། གལ་ཏེ་ལམ་ནས་བརྒྱུད་པ་ཙམ་ཡིན་ན་ཁོང་ལ་སྒོམ་ཁང་ཞིག་ཡོད་དོན་མེད་པའི་ཕྱིར་རོ། །
        ས་པཎ་གྱི་རྣམ་ཐར་ལས། “ཤིང་ཕོ་འབྲུག་གི་ལོ་དགུང་ལོ་དྲུག་ཅུ་རྩ་གསུམ་བཞེས་པ་ལ་ས་སྐྱ་ནས་ཁུ་དབོན་གསུམ་གདན་བཏེག་ནས་བྱོན་པ་ལས། ལམ་སོ་ན་ཡོད་པའི་དགེ་བའི་བཤེས་གཉེན་རྣམས་དང་། སྐུལ་བ་དང་ལྡན་པའི་གདུལ་བྱ་མང་བོས་དབང་བྱིན་རླབས་དང་། རྒྱུད་འགྲེལ་མན་ངག་དང་བཅས་པ་ལ་སོགས་པ་དད་པ་ཆེན་པོའི་སྒོ་ནས་ཞུ་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བྱོན་པའི་དབང་གིས་ལམ་དུ་ལོ་གསུམ་འགོར་རོ། ། ”ཞེས་གསུངས་པ་འདི་ནི་ང་ཚོར་འདིའི་ཕྱོགས་ཀྱི་དཔྱད་གཞི་གལ་ཆེན་ཞིག་བཏོན་ཡོད།
        ང་ཚོས་རིགས་པས་དཔྱད་ན་ས་པཎ་འདིར་ཕེབས་པ་ཡིན་ན་དེའི་སྔོན་ནས་འདིར་གཞི་བཟུང་ཡོད་ངེས་པ་མ་ཟད་དེ་དག་གིས་གདན་འདྲེན་བྱས་པའང་སྨོས་མི་དགོས་པ་ཞིག་ཡིན་ཏེ། དེ་དག་ནི་ས་པཎ་ལ་དད་འདུན་ཆེ་བ་འབའ་ཞིག་ཡིན་པའང་གསལ་བོར་ཤེས་ཐུབ། ལྷག་པར་ཁོང་ཉིད་གང་དུ་བཞུགས་པའི་གནས་དེར་གཞི་བཟུང་ཡོད་ལ་གཞི་དེའང་ཅུང་རྒྱ་ཆེ་བའམ་ཡང་ན་དེ་ན་སྐྱེས་བུ་དམ་པ་གང་ཞིག་བཞུགས་ངེས་པའང་ཐག་གིས་བཅད་ཆོག
        ས་ཆའི་ཆ་ནས་དཔྱད་ན་སྔོན་ཆད་འབའ་ལུང་བ་འདིར་ནགས་རྫོབ་ཆེན་པོ་ཞིག་ཡིན་ན་ནགས་རྫོབ་དེ་ནི་དོམ་དྲེད་སོགས་གཅན་གཟན་གྱིས་ཁྱབ་པའི་གཞི་ཡིན་པས་ན་རི་ཁྲོད་པའམ་དགོན་སྡེས་གཞི་འཛིན་ས་ནི་བྲག་རི་དང་ས་བཙན་པོ་ཡིན་ངེས་པ་བཞིན། འབའ་གཞུང་གི་ལུང་བའི་བྱང་སའི་རི་ངོས་སུ་བྲག་ཕུག་བསྟར་ཡོད་པ་དེ་ནི་སྔོན་གྱི་མིས་གནས་བཟུང་བའི་བདེན་དཔང་འབའ་ཞིག་ཡིན།
        ཕྱུགས་རྫི་དག་གིས་བཤད་པ་ལྟར་སྔོན་ཆད་འདི་ན་དཔེ་ཆ་བྲིས་མ་མང་པོ་ཡོད་ཅིང་། ལུང་བའི་ནང་དུ་གང་སར་འཐོར་ནས་ཡོད། འོན་ཀྱང་དེའི་དུས་ཁོ་ཚོས་འདི་ལ་དོ་སྣང་མ་བྱས། ད་ལྟའང་ཕུག་པའི་ནང་བསློགས་ནས་ཤོག་བུ་རེ་གཉིས་རྙེད་ངེས་ཟེར། གསར་བུ་ཞིག་གིས་ཁོས་ཀྱང་གནས་འདིར་ལོ་འགའི་སྔོན་དུ་ཞེང་ཆུང་བའི་ཤོག་བུ་ལག་བྲིས་མ་ཞིག་རྙེད་མོད་ད་ལྟ་བདག་བྱས་མེད་ཟེར། འདིའི་དཔེ་ཆ་ཡོད་ཚད་བྲིས་མ་ཡིན་པ་དེ་ལ་བལྟས་ན་དཔེ་ཆ་དེ་དག་གི་བདག་པོ་ནི་ཆེས་སྔ་བ་ཤེས་ཐུབ་པ་ཡིན།
        སྔོན་ཆད་རི་ཁྲོད་པ་དག་གི་སྒྲུབ་གནས་ནི་རི་བྲག་གི་ངོས་སུ་ཤིན་ཏུ་ལེགས་ཏེ། རི་ཕུག་དང་བྲག་ཕུག་ཏུ་གནས་བཅའ་བ་འདི་ནི་སྔོན་རྒྱ་གར་དུ་བྱུང་མྱོང་ལ། སྔོན་སྟོན་པའང་བྲག་ཕུག་གང་མང་དུ་བཞུགས་མྱོང་བ་རྣམ་ཐར་དུ་མར་གསལ་ཞིང་། རྒྱ་གར་གྱི་མུམ(Mumbai)གྲོང་ཁྱེར་དང་ཐག་ཉེ་བར་བོད་པ་ཚོས་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་ཏུ་ངོས་འཛིན་པའི་ངོ་མཚར་བའི་བྲག་ཕུག་མང་པོར་མཇལ་དུ་ཡོད། བྲག་ཕུག་དེའི་མིང་ལ་ཀན་ཧེ་རིའི་བྲག་ཕུག་ཏུ་གྲགས་ཤིང་གནས་དེར་བྲག་ངོས་སུ་བརྐོས་པའི་ཕུག་པ་བརྒྱ་དང་དགུ་ཡོད་ལ། དེ་ཚོ་སྤྱི་ལོ་སྔོན་གྱི་དུས་རབས་དང་པོ་ནས་སྤྱི་ལོའི་དུས་རབས་དགུ་པའི་བར་བཞེངས། བྲག་ཕུག་ཕལ་མོ་ཆེ་ནང་བའི་གཙུག་ལག་ཁང་དང་། དགེ་འདུན་པའི་གནས་མལ་སོགས་ཡོད། ཏུང་ཧོང་དང་། ནུབ་སངས་རྒྱས་སྟོང་གི་ཕུག་པ། འཇམ་དབྱངས་དགོན། མ་ཐེལ་དགོན་སོགས་སུའང་དེ་བཞིན་མཐོང་བས་དེ་ནི་གནའ་བོའི་སངས་རྒྱས་ཆོས་ལུགས་སུ་ཡོད་པའི་སྲོལ་ཞིག་རེད། ལྷག་པར་ཁོ་རྒྱལ་སྡེ་བའི་གཤམ་དུ་ཡོད་པའི་ཕུག་པ་དེ་ནི་ཅུང་ཆུང་མོད། གནའ་བོའི་ཕུག་པའི་ཁྱད་ཆོས་མངོན་པར་གསལ། གནས་འདིར་གསལ་ཆ་ཡོད་པ་དག་གིས། འབའ་གཞུང་གི་ལྷོ་རྒྱུད་ཀྱི་རི་ངོས་སུ་མུ་བསྟར་བའི་བྲག་ཕུག་ཡོད་ཅིང་དེ་དག་ནི་གནའ་བོའི་ཕུག་པ་འབའ་ཞིག་ཡིན་ངེས།
        ཆེས་ངོ་མཚར་བ་ཞིག་ལ་ལུང་བ་དེར་འདི་འདྲའི་མཚམས་ཁང་མང་པོ་ཞིག་ཇི་ལྟར་བྱུང་བ་ཡིན་ནམ། ངས་ལོ་རྒྱུས་སུ་འཁོད་མེད་པའི་གནའ་བོའི་ཕུག་པ་འདི་དག་ལ་རིགས་པས་ཚོད་དཔག་བྱེད་པ་ལས་ཐབས་མེད། གང་ལྟར་ཡང་འབའ་ལུང་བ་འདིར་སློག་མི་ཚར་བའི་ལོ་རྒྱུས་ཀྱི་གཏེར་ཁ་ཞིག་ཡོད་པ་འདྲ། ཕྱིར་ལོག་པའི་ལམ་དུ་བདག་ཆེད་དུ་རི་རྒྱུད་གནའ་བོའི་ཕུག་པ་ཡིན་སྙམ་པ་འགའ་ལ་བལྟ་རུ་སོང་མོད། དེ་དག་ནས་ངས་གནའ་བོའི་ཤུལ་ཡིན་པའི་དན་རྟགས་ཅི་ཡང་མ་རྙེད། ངེད་ཅག་གི་རླངས་འཁོར་ཐུན་ཏེ་རྫོང་ལ་རྒྱུག་བཞིན་ཡོད་པས་ངས་ཕ་རོལ་གྱི་རི་ངོས་ལ་ལྟ་བཞིན་ཕུག་པ་ཨེ་མཐོང་བལྟས། མཚམས་ཤིག་ནས་རི་ངོས་ནས་ཕུག་པ་མང་པོ་ཞིག་མཐོང་བ་འདྲ་པར་བླངས་ཏེ་ཕྱིར་ལོག
        ང་ཕྱིར་བོད་གསང་སྔགས་རིག་གནས་བྱང་ཆུབ་གླིང་དུ་ཡོང་ནས་ཡུལ་སྐོར་རྩོམ་ཡིག་འདི་འབྲི་གྱིན་ཡོད། འོན་ཀྱང་འབྲི་རྒྱུ་མོད་པའི་རྩོམ་ཡིག་འདི་ད་ལྟ་འབྲི་རྒྱུ་ཅི་ཡང་མེད་པ་ཞིག་ཏུ་གྱུར། དེ་ནི་དུས་དང་ཡུལ་གྱི་བསྐལ་བས་བཟོས་པ་ཞིག་སྟེ། ལོ་རྒྱུས་ཀྱིས་བརྗེད་པའི་གནས་འདིའི་ལོ་རྒྱུས་ནི་ད་ལྟ་བདག་གི་མྱུ་གུའི་རྗེས་སུ་བཞུར་བའི་ཕངས་སེམས་ཙམ་དུ་གྱུར། ནམ་ཞིག་ས་འོག་ནས་གང་ཞིག་བུད་དེ་འཛམ་གླིང་དུ་གྲགས་པ་གཡོ་བར་བྱེད་ནའང་ཐང་། ད་ལྟ་འབའ་གཞུང་གི་གང་སར་མ་ཎི་ཡིག་བདུན་བྲིས་ཡོད་མོད། ཡི་གེ་དྲུག་མ་ལྟ་བུའི་རླབས་ཆེ་བའི་ལོ་རྒྱུས་ཤིག་ས་འོག་དང་ལོ་རྒྱུས་ཀྱི་བརྗེད་ངས་སུ་ཐིམ་ནས་སུས་ཀྱང་ཁ་ཡ་བྱེད་ཀྱིན་མི་འདུག
        དེ་རིང་ང་ནི་ཕངས་པས་གནའ་ཤུལ་འཚོལ་བའི་རྣམ་ཤེས་ཉམ་ཆུང་ཞིག་ཏུ་གྱུར་འདུག
2014ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཀྱི་མཚན་མོར་འབའ་ཡུལ་བྱང་ཆུབ་གླིང་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།