logo

གཉན་ཆེན་ཞལ་དཀར།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-10-26 ཀློག་གྲངས།:
       གཉན་ཆེན་ཞལ་དཀར་ནི་རྐང་ཚ་རྫོང་དང་ཧེ་ཡན་རྫོང་གཉིས་ཀྱི་འབྲེལ་མཚམས་དཔལ་དགེ་རྩྭ་ཐང་དུ་གནས་ཤིང་། དཔངས་ལ་མཚོ་ངོས་སྨི4385ཡོད། རྫོང་མཁར་དང་སྤྱི་ལེ45ཡིས་ཆོད་ཅིང་། རྐང་ཚ་རྫོང་གི་གནས་རི་ཆེན་པོ་གསུམ(ཨ་མྱེས་རྫ་དམར་དང་བ་ཡན། གཉན་ཆེན་ཞལ་དཀར)གྱི་ཡ་གྱལ་ཡིན། གཉན་ཆེན་ཞལ་དཀར་ནི་ཁུ་ནུ་རིག་གནས་ཀྱི་དབང་གིས་རྒྱལ་ཁབ་ཕྱི་ནང་ཀུན་ལ་གྲགས་པ་རྒྱས།
       བོད་བཙན་པོའི་དུས་སྐབས་ཀྱི་ཆོས་ལུགས་ལ་སྤྱི་ཁྱབ་ཀྱིས་རིགས་གཉིས་ཡོད་དེ། བོན་ཆོས་དང་ནང་བསྟན་གཉིས་ཡིན། བོན་ཆོས་ཀྱིས་གནམ་ལ་དད་ཅིང་། བཙན་པོ་རྨུ་ཐག་ལ་བརྟེན་ནས་བབས་ཤིང་རྨུ་ཐག་ལ་བརྟེན་ནས་གནམ་ལ་གཤེགས་པར་འདོད། དེ་བཞིན་བོན་ཆོས་ཀྱིས་རང་བྱུང་ལའང་དད་དེ། གནས་ཆེན་རི་ཆེན་དག་ལ་གཉན་གྱི་ཐུ་བོ་དག་གནས་ཤིང་། ཆུ་ཀླུང་མཚོ་ཆེན་དག་ལ་ཀླུ་དབང་གི་འཁོར་གནས་པར་འདོད་པས། དེ་དག་ལ་དད་ཅིང་བཀུར་བར་བྱེད། གཉན་ཆེན་ཞལ་དཀར་ཡང་མཚན་མིང་ལ་གསལ་བ་བཞིན། མཐུ་དང་ནུས་པ་ཆེན་པོ་ལྡན་པའི་གཞི་བདག་ཞལ་མདོག་དཀར་པོ་ཅན་གྱི་དོན་ཡིན་པ་བཞིན། དེ་ལ་མཆོད་ན་དགེ་ཕྱོགས་ལས་ལ་སྡོངས་གྲོགས་མཛད་པར་བཤད་པ་ཡིན།
       གཉན་ཆེན་ཞལ་དཀར་ནི་གོང་སྨན་རྒྱལ་མོས་སྒྲུབ་པ་ཉམས་ལེན་མཛད་ས་ཡིན་པའི་བཤད་ཚུལ་ཡང་མཆིས་ལ། གནའ་དཔེའི་ནང་བཀོད་པའི་གོང་སྨན་རྒྱལ་མོའི་བྲག་ཁུང་ཞེས་པ་དེ་གཉན་ཆེན་ཞལ་དཀར་དུ་ཡོད་པར་བཤད། གནས་རིའི་རྩེ་ལ་རྡོ་ཡི་ཀ་བ་རང་བྱོན་ཞིག་ཡོད་པར་དཔངས་ལ་སྨི3ལྷག་ཡོད་ཅིང་། རྡོ་ཡིས་བརྡེགས་ན་ལྕགས་ཀྱི་སྒྲ་གྲགས་པར་བཤད་པ་ལ་དད་ལྡན་རྣམས་ཀྱིས་དཀྲིས་པའི་དར་དང་ཁ་བཏགས་ཀྱིས་གང་ཡོད། དེ་ནི«རི་ཆུའི་གཏེར»དུ་བཀོད་པའི“ཁུ་ནུ་ཟངས་ཀྱི་ཀ་བ”ཡིན་པར་བཤད། གཉན་ཆེན་ཞལ་དཀར་གྱི་ས་གཤིས་ཆགས་དབྱིབས་དང་གོང་སྨན་རྒྱལ་མོའི་སྐོར་ལ་ངོ་མཚར་བའི་ངག་རྒྱུན་མང་ལ། གསང་བ་ལྐོག་གྱུར་གྱི་ཉམས་སྣང་ཞིག་གིས་ཁྱབ་ཡོད། དེ་ནི་ཁུ་ནུ་རིག་གནས་བྱུང་འཕེལ་སྐོར་གྱི་གསང་བ་འཚོལ་ས་ཞིག་ཀྱང་ཡིན།
       རི་འདབས་ཀྱི་ཁུ་ནུ་ལྷ་ཁང་གི་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ381.25ཡོད། ཁུ་ནུ་ལྷ་ཁང་ནི་ཁུ་ནུ་རིག་གནས་ཀྱི་བསྡུས་གཟུགས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་གནའ་བོའི་རིག་གནས་དང་མཚོ་སྔོན་པོའི་རིག་གནས་ལ་རྒྱུས་ལོན་བྱེད་པའི་བསྟི་གནས་ཤིག་ཀྱང་ཡིན། ལྷ་ཁང་གི་ནང་རྟེན་དུ་གཙོ་བོ་གོང་སྨན་རྒྱལ་མོའི་བརྙན་རིས་དང་ལྡེབས་རིས་སྣ་ཚོགས་ཡིན། བསྡོམས་པས་ལྡེབས་རིས13ཡོད་པ་ལས་ནང་བསྟན་དང་ཏའོ་ལུགས་མཉམ་འདྲེས་ཀྱི་རྣམ་པ་མཐོང་ལ། སྣོད་བཅུད་གཅིག་འདུས་ཀྱི་བསམ་བཀོད་ཀྱང་མངོན་ཡོད། དེ་མིན་ཀྲུང་གོའི་གནའ་རབས་ལོ་རྒྱུས་དོན་རྐྱེན་གལ་ཆེན་ཡང་བཀོད་ཡོད་པས། མི་རིགས་སོ་སོ་འཆམ་མཐུན་གྱིས་འཚོ་ཞིང་མཉམ་དུ་དར་རྒྱས་བྱུང་བའི་རྣམ་པ་མངོན་པར་མཚོན།
འབྲེལ་ཡོད་འོས་སྦྱོར།