logo

མཛེས་སྡུག་གི་རང་མདངས་མངོན་པའི་གནས་མཆོག་མཚོ་ལྷོ།

རྩོམ་པ་པོ།:བུ་མོ་མཆོག ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-06-19 ཀློག་གྲངས།:
       མིག་ལམ་དུ་མངོན་ཡོང་བའི་དག་གཙང་གི་རི་ཆུ་ནགས་གསུམ་ནི་ལོ་ཟླ་ཡིས་མཚོ་ལྷོའི་ས་གཞིར་བཞག་པའི་ལྗང་མདོག་གི་བསྡུས་གཟུགས་དེ་ཡིན། རྨ་འབྲི་རྫ་གསུམ་དང་མཚོ་སྔོན་པོ། རྨ་ཆུའི་འབབ་རྒྱུད་བཅས་ཀྱི་སྐྱེ་ཁམས་གཙོར་བཟུང་བའི་མཚོ་ལྷོ་ནི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་ནུས་གང་ལེགས་སྐྲུན་པའི་གནས་མཆོག་ཞིག་ཡིན་ལ། ལོ་འདི་འགའི་རིང་། སྐྱེ་ཁམས་དང་ཞིང་ཕྱུགས་ལས། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བར་ནུས་ཤུགས་གལ་ཆེན་འདོན་བཞིན་ཡོད་ལ། མཚོ་ལྷོས་གནམ་སྔོ་ཞིང་ཆུ་དྭངས་པ། ས་གཙང་བའི་ཐབས་ལམ་བཟང་བོ་དེས་དེང་རབས་ཅན་གྱི་ཁོར་ཡུག་བཅོས་སྐྱོང་གི་སྒྲིག་གཞི་འཐུས་ཚང་དང་། གནས་མཆོག་མཚོ་ལྷོའི་མཛེས་སྡུག་ལ་སྔར་ལས་ལྷག་པའི་རང་མདངས་གསར་པ་བསྣན་ཡོད།
       ཁྲི་ཀའི་རྨ་ཆུའི་ཟམ་ཆེན་ནས་ཕྱོགས་བཞིར་རྒྱང་ལྟ་བྱས་ཚེ། རི་རབ་ནས་རི་རབ་བརྒྱུད་པའི་མཛེས་སྡུག་གི་མཚལ་ལྗོངས་དེ་མཐོང་བྱུང་ལ། རྨ་ཆུ་རིང་མོའི་ཆུ་རྒྱུན་རིང་དུ་འཐེན་པའང་མཐོང་ཐུབ། ཁྲི་ཀའི་ཆུ་རྒྱུན་ཆེ་ཆུང་གང་ཡིན་སའི་འགྲམ་རྒྱུད་དུ་ཆུ་དཔོན་ལམ་ལུགས་ཀྱི་སྤྱི་བསྒྲགས་འགྲེམ་བྱང་བཞག་ནས། རིམ་པ་སོ་སོའི་ཆུ་དཔོན་གྱི་མིང་དང་འབྲེལ་གཏུག་ཁ་པར་གསལ་པོར་བྲིས་ཡོད་པར་མ་ཟད། ཆུ་དཔོན་གྱི་འགན་འཁྲི་དང་ལྟ་སྐུལ་ཐེར་འདོན་ཁ་པར་གྱི་མཆན་འགྲེལ་གསལ་པོར་བཀོད་ཡོད་པ་རེད། སྤྱོད་སྟངས་འདི་ཡིས་ཁྲི་ཀའི་རིམ་པ་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཆུའི་སྲུང་སྐྱོང་ལ་ཇི་འདྲའི་འབད་འབུངས་བྱེད་བཞིན་པ་མཚོན་ཡོད་ལ། གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དེའང་མཚོན་ཡོད།
       ཉེ་བའི་ལོ་ལྔའི་རིང་། ཁྲི་ཀའི་རིམ་པ་སོ་སོའི་མི་ཁྲི2.9ཡིས་ཆུའི་སྲུང་སྐྱོང་གི་ཐད་ནུས་པ་གང་ལེགས་བཏོན་ཏེ་འབྲེལ་ཡོད་གནད་དོན60ལྷག་ཐག་གཅོད་བྱས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བས། མིག་སྔའི་བར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་བྱ་བའི་གཟེངས་བསྟོད་ཐེངས3ལ་ཐོབ་ཅིང་། ལྟག་ར་ཆུ་དང་། ཀབ་རོན་ཆུ། གཡུ་ཚ་ཆུ་སོགས་ཞིང་ཆེན་ཡོངས་སུ་ཆུ་སྤུས་ཆེས་བཟང་བའི་ཆུ་བོ་དང་མཚེའུ་ཡི་ཚད་གཞིར་ཐོན་ཡོད། ཞིན་ཧེ་རྫོང་ཆུ་སྔོན་གྲོང་རྡལ་འབྲས་ཐང་སྡེ་བར་རྒྱང་ལྟ་བྱེད་དུས། སྡེ་བའི་རི་དཀྱིལ་ན་དལ་གྱིས་རྒྱུ་བའི་རྨ་ཆུ་རིང་མོའི་བཞུར་རྒྱུན་དེ་འཇའ་ཚོན་བཞིན་མིག་ལ་ཧ་ཅང་མཛེས་ཤིང་། མི་རྣམས་ལ་རང་དབང་མེད་པར་སྤྲོ་སྣང་ཞིག་སྟེར་ངེས།
       ཞིན་ཧེ་རྫོང་གིས་སྔོན་ཆད་འབྲས་ཐང་སྡེ་བའི་འཚོ་བའི་གད་སྙིགས་དང་བཙོག་ཆུ་རྨ་ཆུའི་ནང་བླུགས་ནས་ཆུ་མི་གཙང་བར་གྱུར་བའི་གནད་དོན་ཐག་གཅོད་བྱ་ཆེད། སྐྱེ་ཁམས་སླར་གསོ་དང་རྐ་ཆུ་གཙང་སེལ། ས་ཆུ་སྲུང་འཛིན་དང་ཆུ་ལོག་སྔོན་འགོག་སོགས་ཀྱི་བཟོ་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་འགུལ་མང་པོ་སྤེལ་བས། ད་ལྟ་འབྲས་ཐང་ནི་ལས་བྱེད་མང་ཚོགས་ཀྱི་འཆམ་འཆམ་དང་ངལ་གསོ་བྱེད་སའི་མཛེས་ལྗོངས་ལྟ་ན་སྡུག་པའི་གནས་ཤིག་ཏུ་གྱུར་ཡོད།
       2025ལོར། མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ་བཙོག་ཆུ་གཙང་སེལ་གྱི་ལས་འགན་ལེགས་འགྲུབ་བྱུང་སྟེ། ཆབ་ཆའི་ཆུ་དང་མང་ར་ཆུ་སོགས་ཀྱི་ཆུའི་བདེ་ཐང་གདེང་འཇོག་དཔྱད་དཔོག་བྱས་པ་དང་། མཚོ་དང་ཆུ་མཛོད་གཙང་བཤེར། མཁར་གྲོང་གི་སྦུག་དྲར་གྲལ་བཤེར་བྱས་ཤིང་། རིག་སྨོན་གྲོང་རྡལ་དང་ཐང་ནག་ཤང་གི་ཆུའི་གནད་དོན་ཐག་གཅོད་བྱེད་པའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། གྲུབ་འབྲས་འདི་དག་ནི་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་བྱས་རྗེས་དང་འབྲལ་ཐབས་མེད་དོ། །
འབྲེལ་ཡོད་འོས་སྦྱོར།