logo

ཏི་སེའི་རི་རྒྱུད་ཀྱི་གཙོ་རི་གངས་རིན་པོ་ཆེ།

རྩོམ་པ་པོ།:འཕྲིན་ལས་ཆོས་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-06-12 ཀློག་གྲངས།:
       མི་རྣམས་ཀྱིས་གངས་ཅན་སཱ་ལའི་སྨན་ལྗོངས་འདིར“འཛམ་གླིང་གི་རྩེ་མོ”ཞེས་སུ་བརྗོད་པས་ན། དེའི་ནུབ་བྱང་ཕྱོགས་ཀྱི་ས་འཛིན་གྱི་ཕྲེང་བ་རིམ་པར་འདས་པའི་ས་ན་ཡོད་པའི་སྟོད་མངའ་རིས་ཞེས་བྱ་བའི་ཡུལ་དེ་ནི་བོད་ལྗོངས་ཀྱི་ཡུལ་གྲུ་གཞན་ལས་ཆེས་བླ་མཐོར་འཕགས་པས“འཛམ་གླིང་གི་རྩེ་མོའི་རྩེ་མོ”ཉིད་དུ་ངོས་འཛིན་ལོས་ཆོག
       སྟོད་མངའ་རིས་ཞེས་བྱ་བའི་ཡུལ་དེ་ནི་ས་བབ་མཐོ་ལ་གྲོང་དང་གྲོང་རྡལ་ཉུང་བ་དང་། དེར་འགྲོ་བར་བཤུལ་ཐག་རིང་ནའང་། དེར་ཏི་སེའི་རི་རྒྱུད་ཀྱི་གཙོ་རི་གངས་རིན་པོ་ཆེ་དང་མཚོ་མ་ཕམ་སོགས་གནས་ཆེན་ཁྱད་པར་ཅན་དང་། གནའ་ཤུལ་གྲགས་ཅན་གྱི་ལོ་རྒྱུས་ནོར་བུའི་ཕྲེང་བ་སྲད་བུར་བསྟར་བ་ལྟ་བུས་སྐྱེ་བོ་དུ་མའི་བློ་ཡུལ་དུ་དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཡུལ་ཞིག་ཏུ་གྱུར།
       ཏི་སིའི་ལྷོ་ངོས་ཧི་མ་ལ་ཡའི་རི་རྒྱུད་དུ་ཇོ་མོ་གླང་མས་གཙོ་པའི་རི་རྩེ་མཐོན་པོ་ལྔ་གཟེངས་སུ་ཐོན་པ་དེ་ལ་ཇོ་མོ་ཚེ་རིང་མཆེད་ལྔ་ཞུ་བ་སྟེ།གཙོ་རི་ཇོ་མོ་གླང་མ་ཕྱག་ན་མེ་ལོང་ཐོགས་པ་སྣང་གསལ་པྲ་སྟོན་མཐིང་གི་ཞལ་བཟང་མ་དང་། དེའི་གཡས་གཡོན་གྱི་རི་རྩེ་བཞི་བོ་ནི་ཚེ་བུམ་བསྣམས་པའི་འཆི་མེད་ཚེ་ཡི་མཆོག་སྩོལ་ཚེ་རིང་མ། ཞལ་ཟས་ཐོགས་པའི་ཟས་ཀྱི་དཔལ་སྟེར་མི་གཡོ་བློ་བཟང་མ། ནོར་གཞོང་བསྣམས་པའི་ནོར་གྱི་མཆོག་སྩོལ་ཅོད་པན་མགྲིན་བཟང་མ། ཕྱག་ན་འོ་ཟོ་བསྣམས་པ་རྐང་བཞི་འཕེལ་མཛད་གཏད་དཀར་འགྲོ་བཟང་མ་བཅས་ཀྱིས་མི་ཡུལ་དུ་བདེ་སྐྱིད་བསྐྲུན་པའི་གཏམ་རྒྱུད་སྙན་པར་གྲགས།
       གངས་དཀར་ཏི་སེ་ཞེས་པའི་མིང་ལ་སྐད་རིགས་གཉིས་ཀྱི་ཡི་གེའི་གོ་དོན་ཡོད། དེ་ཡང“གངས”ཞེས་པ་བོད་སྐད་དངོས་དང་། “ཏི་སེ”ཞེས་པ་ནི་ལེགས་སྦྱར་སྐད་ཡིན་པ་དང་གངས་རིའི་དོན་ཡིན་ནོ། །གངས་ཏི་སེའི་རི་རྒྱུད་ཀྱི་ས་བབ་མཐོ་ལ་གྲང་ངར་ཤིན་ཏུ་ཆེ་ཞིང་། ཁ་བའི་རྡུལ་གྱིས་བརྩེགས་པའི་ཟོམ་དུ་འཁྱགས་པའི་རལ་བ་འཕྱང་འཕྲུལ་ཡོལ་བ་ལྟ་བུའི་རྒྱབ་ཏུ་མ་བཅོས་ལྷུན་གྱིས་གྲུབ་པའི་དྭངས་གསལ་ཆུ་ཤེལ་གྱི་ཕུག་པ་དང་། སྤོ་རུ་ཀེ་རེར་ལངས་པའི་འཁྱགས་པའི་མྱུ་གུ་སྤེན་ཏོག་དབྱིབས་ཅན་ཉམས་དགའ་བ། སྲ་ཞིང་མཁྲེགས་པའི་འཁྱགས་རོམ་ཆེན་པོས་དཀན་གཟར་རི་བོའི་ཕྱོགས་གཉིས་སུ་སྦྲེལ་བའི“འཁྱགས་ཟམ”སོགས་བརྗིད་ཆགས་ངོ་མཚར་ཆེ་བའི་བཀོད་པ་ཇི་སྙེད་ལྡན།
       སྟོད་གངས་རིན་པོ་ཞེས་པ་དེ་ནི་ད་ལྟའི་མངའ་རིས་ས་ཁུལ་སྤུ་རངས་རྫོང་གི་ཁོངས་སུ་གཏོགས། དེ་ཡང་ཕུ་ན་གངས་རིས་བསྐོར་བ་དང་། མདའ་ན་དབུ་བའི་འཛུམ་དཀར་གྱི་རླབས་ཕྲེང་འཕྱུར་བའི་མ་ཕམ་གཡུ་མཚོས་མཛེས་པ། གཡས་རི་བང་རིམ་ཅན་དེ་རྒྱལ་མཚན་གྱི་བཀོད་པ་དང་མཚུངས་ཤིང་། གཡོན་རི་སྟག་མོ་གནམ་དུ་མཆོང་བ་འདྲ་བའི་སྤོས་ངད་རི་དཔྱད་ལེགས་པ། མདུན་རི་རིན་ཆེན་སྤུངས་པ་འདྲ་བ་བཅས་ཁོར་ཡུག་གི་བཀོད་པ་པིར་ཐོགས་མཁན་པོས་རི་མོའི་ལམ་དུ་སྤེལ་བ་ལྟར་དུ་སྣང་།
       «གངས་རིའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག»ཏུ་གངས་རིན་པོ་ཆེ་ཡི་ཉམས་དགའི་ལྗོངས་ཀྱི་བཀོད་པ་བརྗོད་པ་འདི་ལྟ་སྟེ། “ས་འཛམ་གླིང་རི་རྒྱལ་ཏི་སེ་འདི། །གངས་དབྱིབས་ཟླུམ་དགུང་དུ་རྩེ་མཐོ་བ། །ལྷོ་སྤྲིན་གྱི་མགོ་ལྕོག་ལྡིང་ཞིང་མཛེས། །འཇའ་ཚོན་སྣ་ལྔའི་ཅོད་པན་ཁུར། །རབ་དཀར་ཤེལ་གྱི་ཟུར་ཕུད་རྩེར། །འོད་གསལ་ཉི་ཟླའི་རྣ་ཆ་གཡོ། །མགུལ་ཆུ་དངུལ་གྱི་བུམ་པ་ལ། །སྣ་ཚོགས་འོད་ཟེར་པ་ཏྲ་རིས། །མཚམས་སྤྲིན་གཞོན་ནུའི་མགུལ་རྒྱན་ལ། །བསིལ་ཟེར་འོད་ཀྱི་དྲ་བ་འཁྱུད། །སྐེད་སྐབས་དར་དཀར་ན་བཟའ་ལ། །དབང་པོའི་གཞུ་རིས་སྐུ་ཆིངས་བཏབ། །མདངས་བཟང་མཐོན་ཀའི་ཤམ་བུ་ལ། །སྣ་ཚོགས་མེ་ཏོག་ཕྲ་ཚོམ་ཅན། །ཉི་འོད་འཆར་ཀའི་དར་དཔྱངས་ལ། །འཕྱང་འཕྲུལ་རིན་ཆེན་རྒྱན་གྱིས་མཛེས། །བྲག་རི་སྤང་དང་ནེའུ་གསིང་སོགས། །རྩ་བ་པད་མ་སྤུངས་པའི་དབྱིབས། །སྤོས་ངད་ལྡན་སོགས་སྨན་རི་དང་། །གངས་རི་ཡིད་འོང་མཐའ་ནས་བསྐོར། །”ཞེས་སོགས་གསུངས་པ་ལྟར། རྡུལ་གྱིས་མ་གོས་པའི་ཆུ་ཤེལ་ལྷུན་པོ་ལྟར་རི་བོ་ཏི་སེའི་རྩེ་མོ་ནམ་མཁའི་དབྱིངས་སུ་ཟུག་འདྲ་བ་མཐོང་བ་ཙམ་གྱིས་ཡིད་དབང་འགུག་པའི་ངོ་མཚར་ལྡན་པ། མཐོན་མཐིང་ནོར་བུའི་འོད་ཆགས་ཀུན་གསལ་དབྱིངས་ནས་ཆུ་འཛིན་གཞོན་ནུས་མགོ་ལྕོག་ལྡེམ་ཞིང་ལང་ལོང་གཡོ་བའི་གར་སྒྱུར་གྱི་སྙིམ་པ་ཟུམ་སྟེ་ཤིས་པ་བརྗོད་ཅིང་དེ་ལ་འདུད་པ། རབ་དཀར་ཤེལ་གྱི་ཟུར་ཕུད་རྩེ་རུ་མཚམས་སྤྲིན་དམར་པོའི་མཛེས་པ་ངོམས་ཤིང་། ས་འཛིན་དགའ་མའི་མགུལ་གྱི་བུམ་བཟང་ལས་བདུད་རྩའི་རྒྱུན་བཟང་ལྷུང་ལྷུང་དུ་འབབ་པའི་སྒྲ་སྙན་པར་གྲགས་པས་ཡིད་འཕྲོག་རྣ་བའི་ཅོད་པན་གཡོ་བ་མེད། སྐེད་སྐབས་དབང་པོའི་གཞུ་ཡིས་རབ་བཅིངས་ཚོན་མདངས་རྣམ་པར་བཀྲ་བ་ཕྲ་ཚོན་རབ་བརྒྱན་ཆབ་མ་ལྟར་དུ་མཛེས་པ། སྨད་འདབས་སྔོ་ལྗང་ལོ་འདབ་རབ་ཏུ་རྒྱས་པའི་ནེའུ་གསིང་གི་གཞིར་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཞིང་། ལྷུང་ལྷུང་དལ་གྱིས་འབབ་པའི་ཆུ་ཕྲན་དུ་མ་དྲི་མེད་དབང་སྔོན་བཞུས་པ་འཁྱིལ་འདྲའི་མ་ཕམ་གཡུ་མཚོར་འདྲེས། དེ་ལྟར་ངོ་མཚར་ཐམས་ཅད་བསྡུས་པའི་གཟུགས་བརྙན་དེ་རྣམས་འཇིག་རྟེན་བྱེད་པོས་སྤྲུལ་བ་ཇི་བཞིན་མིག་ལྡན་ཀུན་གྱི་ཡིད་དབང་འཕྲོག་པར་འགྱུར།
       དེ་ལྟའི་བརྗིད་ཆགས་ཉམས་དགའ་བའི་གནས་དེར་སྔོན་བྱོན་སྐྱེས་ཆེན་དམ་པ་ཇི་སྙེད་ཅིག་གི་ཞབས་སོར་འཁོད་ཅིང་། སྒྲུབ་པ་སྙིང་བོར་མཛད་ནས་བྱིན་གྱིས་བརླབས་པར་བརྟེན། གནས་དེར་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་སྐྱེ་བོ་མང་པོས་རང་ཉིད་ནམ་འཚོའི་རིང་གནས་ཆེན་གངས་རིན་པོ་ཆེར་ཐེངས་གཅིག་མཇལ་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་དྲག་པོས་བཤུལ་ཐག་རིང་པ་དང་དཀའ་ངལ་ཆེ་བ་ཁྱད་དུ་བསད་དེ་མཇལ་དུ་འགྲོ་བ་ནི་ངང་པའི་ཁྱུ་མཆོག་པད་མཚོར་འཇུག་པའི་ངང་ཚུལ་དང་མཚུངས་ཤིང་། ལྷག་པར་དུ་ལོ་ལྟར་དབྱར་དུས་སུ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དད་ལྡན་ཕོ་མོ་རྒན་གཞོན་ཁྱུ་དང་ཁྱུ་བྱས་ནས་ལ་དགུ་ཀླུང་དགུ་བརྒལ་ཏེ་གངས་ཏི་སེ་མཇལ་དུ་འོངས་པ་བཅས་ལ་གཞིགས་ན། གངས་དཀར་ཏི་སི་ནི་དད་ལྡན་སྐྱེ་བོ་རྣམས་ཀྱིས་གནས་མཆོག་ཁྱད་པར་ཅན་ཇི་ལྟ་བུ་ཞིག་ཏུ་བརྩི་བ་ནི་སྨོས་མ་དགོས་སོ། །

རྩོམ་ཁུངས། «མངའ་རིས་སུ་གནའ་ཤུལ་གྲགས་ཅན་འཚོལ་ཞིབ་ཏུ་བསྐྱོད་པའི་ཟིན་བྲིས»ལས་ཁོལ་དུ་ཕྱུང་།
འབྲེལ་ཡོད་འོས་སྦྱོར།