ཚུགས་ཀ་སྒོ་ཁྱི་དང་ཅུང་འདྲ་བའི་གཅན་གཟན་ཞིག་སྟེ་སྤྱང་ཀི།
སྤྱང་ཀི 狼 Cray Wolf
གཟུགས་གཞིའི་ཁྱད་ཆོས།
སྤྱང་ཀིའི་ཚུགས་ཀ་སྒོ་ཁྱི་དང་འདྲ་ཡང་སྒོ་ཁྱི་ལས་ཅུང་ཆེ། གཟུགས་ཀྱི་རིང་ཚད་ལ་སྨིས1གི་ཡན་དང་ལྗིད་ཚད་ལ་སྤྱི་རྒྱ25ནས་སྤྱི་རྒྱ30ཙམ་ཡོད། རྐང་ལག་མྱུར་ཞིང་རྣ་ཟུང་གྱེན་ལ་བསླངས་འདུག སྤྱང་ཀིའི་རྔ་མ་སྦོམ་ཞིང་རྔ་མས་ལུས་ཀྱི་རིང་ཚད་ཀྱི་སུམ་ཆའི་གཅིག་ཟིན་འདུག རྔ་མ་ནམ་ཡང་མར་བསྣར་ཡོད། རྒྱབ་གཞུང་དཀར་སྐྱའམ་སྐྱ་སེར་ཡིན་ལ། བར་བར་ན་སྤུ་ནག་ཉུང་ཙམ་རེ་སྐྱེས་ཡོད། གསུས་ངོས་དང་རྐང་ལག་གི་ནང་ངོས་དཀར་སྐྱ་ཡིན། རྔ་མ་དང་རྒྱབ་གཞུང་གི་སྤུ་མདོག་གཅིག་པ་དང་། རྔ་རྩེ་ནག་པོ་ཡིན།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
སྤྱང་ཀི་ནི་མི་མེད་སའི་ས་སྟོང་ལུང་སྟོང་དང་། རྩྭ་ཐང་། མྱ་ངམ་ཐང་སོགས་སུ་འཚོ་སྡོད་བྱེད་པ་ཡིན་ལ། ཁ་ཟས་སུ་རི་དྭགས་ཆེ་གྲས་ཀྱི་ནང་གི་གནའ་རྒོད་རྐྱང་གསུམ་དང་རི་དྭགས་ཆུང་གྲས་ཀྱི་ནང་གི་རི་བོང་དང་འཕྱི་བ། ཨ་བྲ་སོགས་བསད་དེ་བཟའ་བར་མ་ཟད། སྒོ་ཟོག་བསད་དེ་བཟའ་བའི་གནས་ཚུལ་ཡང་དུས་རྒྱུན་དུ་མཐོང་སྲིད། དགུན་ཐོག་སྐྱེ་འཕེལ་བྱེད་པ་དང་དཔྱིད་ཐོག་ཕྲུ་གུ་བཙའ་བ་ཡིན་ལ། བཙའ་ཐེངས་རེར་ཕྲུ་གུ3ནས8བཙའ་སྲིད།
ཁྱབ་ཡུལ།
སྤྱང་ཀི་ནི་ས་ཆ་ཀུན་ན་མཐོང་རྒྱུ་ཡོད་པའི་གཅན་གཟན་གྱི་རིགས་ཤིག་ཡིན། གཙོ་བོ་འབྲོག་ཁུལ་ན་ཡོད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
ལོ་རྒྱུས་རྒྱུ་ཆ་ལྟར་ན། མདོ་དབུས་མཐོ་སྒང་དུ་སྤྱང་གནོད་ཚབས་ཆེན་བྱུང་མ་མྱོང་། སྤྱང་ཀིས་སྲོག་ཆགས་ནད་པ་དང་སྲོག་ཆགས་ཁ་མཐོ། སྲོག་ཆགས་ཀྱི་བེམ་རོ་སོགས་ཟ་བ་ཡིན་པས། རི་སྐྱེས་སྲོག་ཆགས་དག་བདེ་ཐང་ངང་གོང་འཕེལ་དུ་འགྲོ་བར་ཤིན་ཏུ་གནོད། རྒྱུ་བདག་གིས་བདག་གཉེར་དོ་དམ་བྱས་པ་ལེགས་ན། སྤྱང་ཀིས་སྒོ་ཟོག་ལ་གནོད་སྐྱེལ་མི་ཐུབ།
ད་ཡོད་གནས་བབ།
སྤྱིར་ཁོར་ཡུག་འཆམ་མཐུན་ཡོང་དགོས་ན་རི་སྐྱེས་སྲོག་ཆགས་གང་འདོད་དུ་གསོད་མི་རུང་མོད། འོན་ཀྱང་མི་རྣམས་ཀྱིས་སྤྱང་ཤས་ཕོ་ནད་སོགས་དྲག་ཏུ་འཇུག་ཐུབ་སྙམ་སྟེ་སྤྱང་ཀི་བསད་དང་གསོད་བཞིན་ཡོད་པས། ས་ཆ་ལ་ལ་ཞིག་ལ་མཚོན་ན་སྤྱང་ཀི་ཞེས་མིང་ཙམ་ལས་མཐོང་རྒྱུ་མེད་པར་གྱུར་འདུག