ཀོས་ནན་རྫོང་གི་ཁོར་ཡུག་སྲུང་སྐྱོང་བྱ་བར་གྲུབ་འབྲས་མངོན་གསལ་བླངས།
ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་ཚན་ཁག་མཚོ་སྔོན་ལ་ཡོང་པ་ནས། ཀོས་ནན་རྫོང་གིས་ཧུར་ཐག་གིས་ཀྲུང་དབྱང་དང་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཤུགས་ཚད་ཆེ་རུ་སྐྱེད་དེ། བྱ་བ་ཡོད་ཚད་ཞིབ་ཅིང་ཕྲ་བའི་སྒོ་ནས་རྫོང་ཡོངས་ཀྱི་གྲོང་རྡལ་དང་རོང་འབྲོག་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་མངོན་གསལ་གྱིས་ཁོར་ཡུག་ལེགས་སྒྱུར་བྱས།
རྫོང་མཁར་གྱི་ལྷོ་ལམ་དང་གཙང་འགྲམ་གྱི་ལམ་སོགས་ལ་ཆེད་དུ་བཅོས་སྐྱོང་བྱས་ཤིང་། གད་སྙིགས་འདྲུད་པའི་རླངས་འཁོར་དང་ས་བརྐོ་འཕྲུལ་ཆས་བཅུ་ལྷག་གིས་གད་སྙིགས་གཙང་ཕྱགས་བྱས་པ་དང་། མང་ཆུ་གྲོང་རྡལ་གྱི་གཙང་འགྲམ་དང་ནགས་ཁུལ་དུ་འཚོ་བའི་གད་སྙིགས་གཙང་སེལ་བྱས་ནས། རྫོང་མཁར་གྱི་གད་སྙིགས་དག་གཙང་གི་ཁོར་ཡུག་སྲུང་སྐྱོང་ངོས་སུ་ཕན་ཡོད་ཀྱི་གྲུབ་འབྲས་འཐོབ།
དེ་དང་མཉམ་དུ་ཀོས་ནན་རྫོང་གིས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་ནས་སྡེ་བ་རེ་ནས་ནགས་སྲུང་པ་དང་རྩྭ་སྲུང་པ་སོགས་རྩ་འཛུགས་བྱས་ནས། ཉིན་གཅིག་གི་དུས་ཚོད་ཉེར་བཞི་བོར་རྩྭ་བཀག་དང་ལམ་འགྲམ་སོགས་ལ་སྐོར་ཞིབ་བྱེད་དུ་བཅུག་ཏེ། ཁོར་ཡུག་སྲུང་སྐྱོང་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་གྲུབ་འབྲས་སྲ་བརྟན་བླངས།