logo

ཁོར་སྲུང་གི་གནད་དོན་ཐེར་འདོན་བྱས་པའི་གྱོད་དཔེ་བདུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀོས་ནན་སྲིད་དོན། དུས་ཚོད།:2017-08-25 ཀློག་གྲངས།:
     མཚོ་སྔོན་ཞིང་ཆེན་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྣོད་བཅུད་ཁོར་ཡུག་གཏོར་བརླག་གི་འགན་འདེད་ལག་བསྟར་ལམ་སྲོལ་ཞིབ་ཕྲ་ལག་ལེན་མཐའ་འཁྱོལ་དང་། སྣོད་བཅུད་ཁོར་སྲུང་མངའ་ཁོངས་ཀྱི་ལྟ་སྐུལ་དོ་དམ་དང་སྒྲིག་བཤེར་གྱི་འགན་འཁྲི་རྩད་གཅོད་ལ་ཤུགས་བསྣན། སྒྲིག་སྲོལ་གྱི་ཁག་ཐེག་ལ་མུ་མཐུད་ཤུགས་བརྒྱབ་ནས་རིམ་པ་ཁག་གི་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་འཁྱེར་ལ་སྐུལ་སྤེལ་བཅས་བྱ་ཕྱིར། ཟླ8པའི་ཚེས21ཉིན་ལ་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ནས་སྣོད་བཅུད་ཁོར་སྲུང་མངའ་ཁོངས་ཀྱི་ལས་ཁུངས་དང་འགོ་ཁྲིད་ཁག་གིས་འགན་ཁུར་དུ་མ་བླངས་པ་དང་། སྒྲུབ་ཐབས་ཙམ་དང་གང་བྱུང་དུ་སྒྲུབ་པ་ལ་སོགས་འགན་འཛོལ་གྱི་གྱོད་དཔེ་བདུན་ཐེར་འདོན་བྱས།
     ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་དང་ཏུང་ཞ་གྲོང་རྡལ་སྲིད་གཞུང་གཉིས་ཀྱིས་ཏུང་ཞ་གྲོང་རྡལ་གྱི་ཐིན་ཅ་ཀོའུ་གྲོང་ཚོས་ཁྲིམས་འགལ་གྱིས་བྱེ་ས་བརྐོ་སློག་གི་བཟོ་གྲྭ་བཙུགས་པར་བཀག་འགོག་མ་བྱས་པའི་གནད་དོན།
     2016ལོའི་ཟླ12པར།  རྟ་ཐང་རྫོང་གིས་ཏུང་ཞ་གྲོང་རྡལ་གྱི་ཐིན་ཅ་ཀོའུ་གྲོང་ཚོས་བྱེ་ས་བརྐོ་སློག་གང་བྱུང་དུ་བྱས་ནས་རི་བོ་ཁག་ཅིག་དང་ཞིང་ས་ཁག་ཅིག་ལ་གཏོར་བརླག་ཐེབས། རྫོང་དེའི་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་དང་། ཏུང་ཞ་གྲོང་རྡལ་གཉིས་ཀྱིས་བྱེ་ས་བརྐོ་སློག་གི་གནད་དོན་དག་ཐེར་གྱི་ཁྲོད་དུ་ཕན་ཚུན་བར་འབྲེལ་འདྲིས་ཡག་པོ་མ་བྱས་པར་སྒོ་རྒྱག་དགོས་ཀྱི་བརྡ་ཐོ་ཙམ་བཀྲམས་ནས་དུས་ཡུན་རིང་བོར་བྱེད་ཐབས་བཟང་བོ་གཞན་གང་ཡང་མ་སྤྱད་པ་མ་ཟད། རྫོང་སྲིད་གཞུང་གི་འགོ་ཁྲིད་ལ་དེའི་སྐོར་གྱི་གནས་ཚུལ་ཡར་ཞུའམ་སྙན་སེང་གང་ཡང་མ་ཞུས་པས་ཐག་གཅོད་ཐུབ་མེད་པ་རེད།
     2017ལོའི་ཟླ3པར།  རྟ་ཐང་རྫོང་སྲིད་གཞུང་གིས་ཞིབ་འཇུག་བྱས་རྗེས། རྫོང་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་དང་། ཏུང་ཞ་གྲོང་རྡལ་སྲིད་གཞུང་གཉིས་ལ་སྐྱོན་བརྗོད་ཐེར་འདོན་དང་། རྫོང་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྲེང་པིའོ་དང་། ཏུང་ཞ་གྲོང་རྡལ་གྱི་འགོ་གཙོ་གཞོན་པ་ཝང་ཡུང་ཆུན་གཉིས་ལ་སློབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱེད་རྒྱུ་ཐག་བཅད། དེ་མིན་རྫོང་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་དང་ཏུང་ཞ་གྲོང་རྡལ་སྲིད་གཞུང་གཉིས་ལ་བྱེ་ས་ར་བའི་འགན་འཁུར་བར་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས་ཀྱི་བཀའ་ཕབ།
     མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་དང་ཁོར་སྲུང་ཅུས། ཆུ་དོན་ཅུས།  དེ་སྔའི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས། ཞིང་འབྲོག་ཅུས། ནགས་ལས་ཅུས་བཅས་ཀྱིས་སྣོད་བཅུད་དང་ཁོར་སྲུང་མངའ་ཁུངས་ཀྱི་གནད་དོན་ལ་ལྟ་རྟོག་དང་དོ་དམ། གནད་དོན་ཐག་གཅོད་བཅས་ནན་མོ་མ་བྱས་པའི་གནད་དོན།
     2017ལོའི་ཟླ2པར།  གཞོང་ཐང་རྫོང་གིས་རྡོ་སོལ་མ་ཡིན་པའི་གཏེར་རི་སྔོག་འདོན་གྱི་སྒྲིག་ལམ་ལ་ཆེད་དོན་དག་ཐེར་དང་ལྟ་ཞིབ་བྱས་པའི་ཁྲོད་དུ། རྡོ་སོལ་མ་ཡིན་པའི་གཏེར་རི་སྔོག་འདོན་བྱེད་ས17དང་རྡོ་ཟེགས་རྒྱུ་ཆ་འདོན་ས55ལ་དགོས་ངེས་ཀྱི་དཔང་ཡིག་དང་ལག་འཁྱེར་མེད་པའམ་མི་ཚང་བ། ཁྲིམས་འགུལ་གྱིས་སྔོག་འདོན། གང་བྱུང་དུ་བརྐོ་སློག་ལ་སོགས་ཚད་མི་འདྲ་བ་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་བཟོས་ཡོད་པའི་གནད་དོན་རྩད་ཆོད་བྱུང་ལ། རྩད་ཞིབ་ཀྱི་ཁྲོད་དུ་གཞོང་ཐང་རྫོང་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་ནི་གཏེར་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་ནུས་ལས་ཁུངས་ཞིག་ཡིན་པའི་ཆ་ནས་གཏེར་ཁ་བྱུང་རྒྱལ་དུ་སྔོག་འདོན་བྱེད་པར་ལྟ་སྐུལ་དང་དོ་དམ་ནན་མོ་བྱས་མེད་པའི་ལན་གྱིས་གོང་གི་ཁྲིམས་འགལ་གྱི་ཁོར་ཡུག་གཏོར་བརླག་བྱེད་སྟངས་འདྲ་མིན་འདི་རིགས་བྱུང་སོང་བ་དང་། རྫོང་དེའི་ཁོར་སྲུང་ཅུས་ནི་ཁོར་སྲུང་ལ་ལྟ་སྐུལ་དོ་དམ་བྱེད་མཁན་གྱི་ལས་ཁུངས་ཡིན་པའི་ཆ་ནས་ཁོར་སྲུང་གི་སྲིད་འཛིན་ཁྲིམས་བསྟར་གྱི་ལྟ་སྐུལ་དང་དོ་དམ་བྱེད་པའི་འགན་དེ་ནན་མོ་མ་འཁུར་བའམ་དང་དུ་མ་བླངས་པས། ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་དང་བྱུང་རྒྱལ་དུ་སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་བཟོས་པའི་གནད་དོན་དག་སྣང་མེད་དུ་བསྐྱར་ནས་དག་ཐེར་ཡག་པོ་ཐུབ་མེད། དེ་བཞིན་རྫོང་དེའི་ཆུ་དོན་ཅུས་ལ་མཚོན་ན་ཡང་ཆུའི་སྣོད་བཅུད་ལ་ལྟ་སྐུལ་དོ་དམ་དང་ས་ཆུ་གཉིས་ཤོར་བ་ལ་འགོག་སྲུང་ཡག་པོ་མ་བྱས་པའི་འགན་འཛོལ་གྱི་གནས་ཚུལ་བྱུང་། རྫོང་དེའི་དེ་སྔའི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱིས་བདེ་འཇགས་ཀྱི་ཉེན་ཁར་གྲལ་བཤེར་ལེགས་པོ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་ཉེན་ཁར་འགོག་སྲུང་ཡག་པོ་མ་བྱས་པས་བདེ་འཇགས་ཀྱི་ཉེན་ཁ་དེ་དུས་རིང་བོར་བསྐྱར་ནས་ཐག་གཅོད་བྱས་མེད་པ་རེད། གཞོང་ཐང་རྫོང་ཞིང་འབྲོག་ཅུས་དང་ནགས་ལས་ཅུས་ཀྱིས་ལྟ་སྐུལ་དོ་དམ་གྱི་འགན་དེ་སྒྲུབ་ཐབས་ཙམ་བྱས་པས་རྩྭ་ཐང་དང་ནགས་ཤིང་སོགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་ཐེབས་འདུག།  གོང་གི་འགན་ནུས་ལས་ཁུངས་དེ་དག་ལ་སྒྲིག་བཤེར་གྱིས་དཔྱད་ཞིབ་བྱེད་སྐབས།  རྫོང་དེའི་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་ཀྱི་ཡོངས་བཤེར་ལྟེ་གནས་ཀྱིས་གྲོས་ཚོགས་ཀྱི་ཟིན་ཐོ་རྫུན་བཟོ་བྱས་པ་དང་། རྩ་འཛུགས་ཀྱིས་དཔྱད་ཞིབ་ལ་དང་ལེན་མི་བྱེད་པ་རེད།  2017ལོའི་ཟླ5བར།  གཞོང་ཐང་རྫོང་སྒྲིག་བཤེར་ཨུ་ལྷན་ལྟ་ཞིབ་ཅུས་ཀྱིས་ཞིབ་འཇུག་བྱས་རྗེས། རྫོང་དེའི་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་པའེ་ཞང་ཡུན་ལ་སློབ་འདོམས་སྐུལ་ལྕག་གི་གླེང་མོལ་དང་། ཅུས་ཀྲང་གཞོན་པ་ཧན་ཞང་ཏུང་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ཤིང་ཆད་པ་བཅད་དེ་རྩ་འཛུགས་ཀྱིས་ཐག་གཅོད་རྒྱུ་ཐག་བཅད། རྫོང་དེའི་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་ཡོངས་བཤེར་ལྟེ་གནས་ཀྱི་ཀྲུའུ་རེན་ཡན་ཡུང་ཅའེ་ལ་ཏང་ནང་ནས་ཐ་ཚིག་ནན་མོ་བསྒྲགས་རྒྱུ་དང་སྲིད་འཛིན་གྱི་སྐྱོན་ཐོ་འགོད་པའི་ཆད་པ་གཅོད་རྒྱུ་ཐག་བཅད། རྫོང་དེའི་ཁོར་སྲུང་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཀྲང་ཞའོ་ཆིང་ལ་སློབ་འདོམས་སྐུལ་ལྕག་གི་གླེང་མོལ་དང་། ལྟ་ཞིབ་རུ་ཆེན་གྱི་རུ་གཙོ་གཞོན་པ་ཆི་ཝན་ཞིའུ་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ནས་ཆད་པ་གཅོད་རྒྱུ་ཐག་བཅད། ཆུ་ལས་ཅུས་ས་ཆུ་ཤོར་བར་སྔོན་འགོག་དང་ལྟ་སྐུལ་ས་ཚིགས་ཀྱི་འགོ་གཙོ་ལི་ཡན་ཙུའུ་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ནས་ཆད་པ་གཅོད་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་གཞུང་སྒྲུབ་ཁང་གི་དེ་སྔའི་ཀྲུའུ་རེན་ཀའོ་ཞང་ཧྲན་ལ་སློབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱ་རྒྱུ་ཐག་བཅད་ཡོད་པ་རེད།
     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ས་ཁམས་ཐིག་ལེན་རིས་འབྲི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧའེ་ཡན་ཧྲེང་གིས་ལས་འགན་མ་འཁྱོལ་བའི་གནད་དོན།
     2015ལོའི་ཟླ7པ་ནས་2016ལོའི་ཟླ7པའི་བར་དུ། མཚོ་སྔོན་ཧའོ་ལུང་ཀུང་སིས་ལུང་ཕུག་ཆུང་བ་ནས་གཏེར་ཁ་འཚོལ་སྔོག་གི་ཆེད་དུ་སྒེར་ངོས་ནས་བྲག་རྡོ་བརྐོས་ནས་གསེར་གྱི་གཏེར་ཁ་ཡོད་མེད་ལ་ཉེན་ཆེ་རྫས་འགྱུར་བེད་སྤྱད་དེ་འཚོལ་ཞིབ་བྱས་པས། གཏེར་ཁུངས་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་ལ་གཏོར་བརླག་བཟོས་ནས་དཔལ་འབྱོར་གྱི་གྱོང་གུད་སྒོར་ཁྲི36.81ཐེབས་ཡོད་པ་རེད།  ཧའེ་ཡན་ཧྲེང་གྱིས་ཐེངས་དེའི་ལས་ཀའི་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁུར་དུས། ཧའོ་ལུང་ཀུང་སིའི་ཉིན་རྒྱུན་གྱི་ལས་ཀར་སྐོར་ཞིབ་དང་ལྟ་རྟོག་ནན་མོ་མ་བྱས་པར་སྔ་མོ་ནས་རྩད་ཞིབ་དང་ཐག་གཅོད་ཐུབ་མེད། 2017ལོའི་ཟླ5བར་ན་གོར་མོ་གྲོང་ཁྱེར་ས་ཁམས་ཐིག་ལེན་རིས་འབྲི་ཆ་འཕྲིན་ཅུས་ཀྱི་གོང་རིམ་གཙོ་གཉེར་ལས་ཁུངས་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས་ཀྱིས་ཞིབ་འཇུག་བརྒྱུད། ཧའེ་ཡན་ཧྲེང་ལ་སྲིད་འཛིན་ནས་ཉེས་ཐོ་བཀོད་དེ་ཆད་པ་བཅད།
     མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ཤང་དང་གྲོང་རྡལ་ཁ་ཅིག་གི་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་པོ་ལྗོངས་ཁུལ་གྱི་ལྷོ་ངོགས་སུ་སྒེར་ངོས་ནས་གུར་ཕུབ་པ་དང་། ལམ་འཐེན་པ་ལ་སོགས་པའི་གནད་དོན་ཐག་གཅོད་ཀྱི་ཁྲོད་དུ་འགན་འཛོལ་བྱུང་བའི་གནད་དོན།
     2016ལོའི་ཟླ6པར།  མཚོ་ལྷོ་ཁུལ་གྱི་མཉམ་འབྲེལ་རྟོག་ཞིབ་ཚོགས་པས་ཞིབ་བཤེར་བྱེད་དུས། མཚོ་སྔོན་པོ་ལྗོངས་ཁུལ་གྱི་ལྷོ་ངོགས་སུ་སྒེར་ངོས་ནས་སྦྲ་ཕུབ་ཅིང་ཡུལ་སྐོར་གྱི་ལམ་གང་བྱུང་དུ་འཐེན་པའི་སྣང་ཚུལ་འདྲ་མིན་བཀག་ཀྱང་མི་ཁོག་པ་ཞིག་བྱུང་ནས་མཚོའི་མཐའ་འཁོར་གྱི་སྣོད་བཅུད་ལ་གནོད་པ་ཚབས་ཆེན་བཟོས་འདུགགསེར་ཆེན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འབྲུག་བྱམས་གྱིས་ཡུལ་འདིའི་ལྟ་སྐུལ་གྱི་འགན་འཁུར་ཡོད་མོད། ཁོས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་ལྔའི་འབྲོག་པ་ཁ་ཅིག་གིས་དགོས་ངོས་ཀྱི་གཉེར་འཐུས་དཔང་ཡིག་དང་འབྲེལ་ཡོད་ལག་འཁྱེར་མེད་བཞིན་དུ་གང་སར་གུར་ཕུབ་ཅིང་། ཁྲིམས་འགལ་གྱིས་རྩྭ་ས་བེད་སྤྱོད་བཏང་ནས་རྩྭ་ཐང་གི་དོ་དམ་སྒྲིག་ལམ་གཏོར་བའི་གནད་དོན་དག་དུས་ཐོག་བཀག་འགོག་མ་བྱས་ཤིང་། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ཐད་བྱུང་བའི་གནད་དོན་སོགས་ལ་ལྟ་རྟོག་དམ་འཛིན་མ་བྱས་པ་དང་། གནད་དོན་ལ་རྩད་ཞིབ་ནན་མོ་བྱས་ནས་དུས་ཐོག་ཏུ་ཐག་གཅོད་བྱས་མེད་པ་རེད།  གཞན་གསེར་ཆེན་རྫོང་རྟ་ནག་མ་ཤང་དང་། སྤྲེལ་ནག་ཤང་།  ཐང་དཀར་མ་གྲོང་རྡལ།  ཅང་ཤེས་ཤང་།  རིག་སྨོན་གྲོང་རྡལ་བཅས་ཤང་དང་གྲོང་རྡལ་ལྔའི་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་དེའི་འབྲོག་པ་ཁ་ཅིག་གིས་གང་དགར་གུར་ཕུབ་ཅིང་རྩྭ་ས་གང་བྱུང་དུ་སྤྱོད་པའི་གནས་ཚུལ་དག་དུས་ཐོག་ཏུ་ལྟ་རྟོག་མ་བྱས་ཤིང་། ཤེས་ཀྱང་དུས་ཐོག་ཏུ་བཀག་འགོག་མ་བྱས་པ།  ལས་འགན་ཕྱི་བཤོལ་གྱིས་མྱུར་ཏུ་ཐག་གཅོད་མ་བྱས་པ་དང་། གོང་རིམ་ལ་སྙན་ཞུ་དུས་ཐོག་དུ་མ་ཞུས་པ་བཅས་ཀྱི་གནད་དོན་བྱུང་འདུག 2016ལོའི་ཟླ6པའི་ནང་མཚོ་ལྷོ་ཁུལ་སྒྲིག་བཤེར་ཨུ་ལྷན་གྱིས་གསེར་ཆེན་རྫོང་རྟ་ནག་མ་ཤང་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ཡན་ཧའེ་མེན་དང་། སྤྲིལ་ནག་ཤང་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་རིག་འཛིན་གཉིས་ལ་སྐྱོན་བརྗོད་ཐེར་འདོན་བྱས་པ་དང་། ཐང་དཀར་མ་གྲོང་རྡལ་གྱི་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ཞུས་ཧའེ་ཏུང་དང་།  ཅང་ཤེས་ཤང་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་རྡོ་རྗེ་འབུམ། རིག་སྨོན་གྲོང་རྡལ་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་རིག་འཛིན་རྡོ་རྗེ་བཅས་སོ་སོ་ལ་སློབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱས། གསེར་ཆེན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འབྲུག་བྱམས་ལ་རྩ་འཛུགས་ནས་ཐག་གཅོད་བྱས།
     ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིང་ཆེན་ཁོར་སྲུང་ལྟ་སྐུལ་ཚན་ཆུང་ལ་གནད་དོན་དག་ཐེར་སྐོར་ནས་གནས་ཚུལ་དྲང་མོར་མ་ཞུས་པའི་གནད་དོན།
     2017ལོའི་ཟླ4བར།  འབྲི་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྣོད་བཅུད་ཁོར་སྲུང་དང་འབྲི་ཆུའི་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང(འབྲི་སྟོད་དོ་དམ་ཁྲུའུ)ལ་ལས་ཀ་བཀོད་སྒྲིག་གི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཁོར་སྲུང་ལྟ་སྐུལ་ཚན་ཆུང་གིས་བཏོན་པའི་གནད་དོན་ལ་ཆེད་དུ་དག་ཐེར་གྱི་ཕྱོགས་ལ་ལས་ཀ་བཀོད་སྒྲིག་དང་བླང་བྱ་བཏོན། དེར་ལས་ཁུངས་ཁག་ཅིག་གིས་གོང་རིམ་གྱི་བཀོད་སྒྲིག་རྒྱ་ཡན་དུ་བཏང་ནས་ལས་ཀ་ཐབས་ཆག་ཙམ་སྒྲུབ་ནས་ལྟ་སྐུལ་དོ་དམ་ལ་དམ་འཛིན་མ་བྱས་པས། དེ་སྔོན་སྒོ་བརྒྱབ་ཟིན་པའི་རྒྱ་རྗེ་གཏེར་ལས་ཀྱིས་ལྐོག་ནས་ཡང་བསྐྱར་སྒོ་ཕྱེས་ནས་ཤུགས་རྐྱེན་ངན་པ་བཟོས། 2017ལོའི་ཟླ4བར་འབྲི་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞིབ་འཇུག་བྱས་རྗེས།  རྫོང་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་ཐོན་ཁུངས་ཁོར་ཡུག་ཁྲིམས་བསྟར་ཅུས་དང་། རྫོང་ཁོར་སྲུང་དང་ཆུ་བེད་ཅུས།  རྫོང་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས།  རྫོང་ཁྲིམས་བསྟར་རུ་ཆེན་བཅས་ལ་རྫོང་ཁྱབ་ཁོངས་ནས་སྐྱོན་བརྗོད་ཐེར་འདོན་དང་། རྫོང་ཁྲིམས་བསྟར་རུ་ཆེན་གྱི་རུ་གཙོ་རིན་ཆེན་ལ་འགན་སྐྱུར་ཞིབ་བཤེར་དང་སློབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱ་རྒྱུ་ཐག་བཅད། རྫོང་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་ཐོན་ཁུངས་ཁོར་ཡུག་ཁྲིམས་བསྟར་ཅུས་ཀྱི་ཅུས་ཀྲང་དང་། རྫོང་ཁོར་སྲུང་དང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་སོག་རི་དབང་ཚེ།  རྫོང་རྒྱལ་དབང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ཉི་མ་བཀྲ་ཤིས་བཅས་ལའང་སྐྱོན་བརྗོད་ཐེར་འདོན་དང་སློབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱས་ནས་སོ་སོས་རྫོང་ཏང་ཨུ་དང་སྲིད་གཞུང་ལ་ཡིག་ཐོག་གི་སྐྱོན་བརྗོད་ཕུལ་དགོས་པའི་བཀའ་ཕབ།
     མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་བར་གཞི་ཤང་དང་། རྫོང་ཞིང་འབྲོག་ཅུས།  རྫོང་བཅོས་སྒྱུར་གོང་སྤེལ་ཅུས་བཅས་ཀྱིས་ཁོར་སྲུང་གནད་དོན་དག་ཐེར་ཁྲོད་དུ་ལས་འགན་ཁུར་དུ་མ་བླངས་པའི་གནད་དོན།
     2017ལོའི་ཟླ4བར། མགོ་ལོག་ཁུལ་སྒྲིག་བཤེར་ཨུ་ལྷན་གྱིས་རྫོང་ཡོངས་ཀྱི་ཁོར་སྲུང་གནད་དོན་དག་ཐེར་ལ་ལྟ་ཞིབ་བྱེད་པའི་སྐབས་སུ། ལས་ཁུངས་ཁ་ཅིག་གིས་སྣོད་བཅུད་ཁོར་སྲུང་གི་ལས་ཀ་དང་དུ་མ་བླངས་བར་བར་གཞི་ཤང་གི་ཁོར་སྲུང་གནད་དོན་དག་ཐེར་ཐད་ལས་ཀ་བཀོད་སྒྲིག་མ་བརྒྱབ་པ་དང་། རྫོང་བཅོས་སྒྱུར་གོང་སྤེལ་དང་དཔལ་འབྱོར་ཚོང་དོན་ཅུས་གཉིས་ཀྱིས་བཙོག་ཆུ་ཐག་གཅོད་བཟོ་གྲྭའི་ཆུ་འདྲེན་སྦུ་གུ་འཐེན་པའི་གོ་རིམ་ཁྲོད་ལྗང་སྒྱུར་ཁུལ་གྱི་ནགས་ཤིང་བཅད་རྗེས་དེ་ཤུལ་དུ་ལམ་སང་ནགས་ཤིང་འདེབས་འཛུགས་མ་བྱས་པ། རྫོང་ཞིང་འབྲོག་ནགས་ལས་ཚན་རྩལ་ཅུས་ཀྱིས་ཁོར་ཡུག་གནད་དོན་དག་ཐེར་གྱི་ཁྲོད་དུ་ལྟ་རྟོག་དམ་འཛིན་ཏན་ཏིག་ཅིག་བསྒྲུབས་མེད་པ་བཅས་ཀྱི་གནད་དོན་རྩད་ཆོད་དེ། 2017ལོའི་ཟླ5བར་གཅིག་སྒྲིལ་རྫོང་སྒྲིག་བཤེར་ཨུ་ལྷན་གྱིས་གོང་གསལ་གྱི་ལས་ཁུངས་དེ་དག་ལ་རེ་རེ་ནས་སྐྱོན་བརྗོད་ཐེར་འདོན་བྱས་ཡོད་པ་རེད།
     ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་གནད་དོན་དེ་དག་ཐེར་འདོན་བྱེད་སྐབས། སྣོད་བཅུད་ཁོར་སྲུང་ལ་སྐུལ་སྤེལ་གཏིང་ཟབ་དང་འཛུགས་སྐྱོང་ཡག་པོ་བྱེད་དགོས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཇུས་ཐག་བཅད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པ་གཅིག་གྱུར་ཐོག་སྐུལ་སྤེལ་དང་། ཕྱོགས་ཡོངས་བཞིའི་བླང་བྱ་གལ་ཆེན་སྒོ་ཀུན་ནས་མཐའ་འཁྱོལ།  སྒྱུར་བ་བཞི་ལ་ཤུགས་ཆེན་པོས་སྐུལ་འདེད་བཅས་བཏང་སྟེ། བསམ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གི་བླང་བྱ་ཐོག་གཅིག་གྱུར་བྱས་ནས་ལས་སྒྲུབ་ཏན་ཏིག་དང་བྱེད་ཐབས་དོན་ལྡན་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་གཉིས་ཀྱི་འབྲེལ་ཡོད་སྣོད་བཅུད་ཁོར་སྲུང་དང་འཛུགས་སྐྱོང་ཐད་ཀྱི་ཇུས་ཆོད་དང་བཀོད་སྒྲིག་རེ་རེ་ལག་ལེན་མཐར་ཕྱིར་ཐུབ་པར་ཁག་ཐེག་བྱེད་དགོས། རིམ་ཁ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་དམ་འཛིན་བྱས་ནས་སྣོད་བཅུད་ཁོར་སྲུང་མངའ་ཁུངས་ཀྱི་འགན་འཁྲིའི་གནད་དོན་ལ་རྩད་གཅོད་དང་ལྟ་རྟོག་ནན་མོ་བགྱིས་ཁར། དཔེ་མཚོན་ཅན་གྱི་གནད་དོན་དུས་ཐོག་ཏུ་ཐེར་འདོན་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་ཞིག་འདོན་སྤྲོད་བྱེད་དགོས་ཞེས་བསྟན་འདུག


འབྲེལ་ཡོད་འོས་སྦྱོར།