སྐབས་བཅུ་གཅིག་པའི་གནམ་མཚོའི་གོམ་བགྲོད་འདུ་ཚོགས་བསྡུས་པ།
སྐབས་བཅུ་གཅིག་པའི་གནམ་མཚོའི་གོམ་བགྲོད་འདུ་ཚོགས་བསྡུས་པ།
སྤྱི་ཟླ8པའི་ཚེས22ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། ལྷ་ས་དག་ཞིང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་འགན་སྒྲུབ་གནང་ལ། ལྷ་ས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་ལུས་རྩལ་ཅུའུ། འདམ་གཞུང་རྫོང་མི་དམངས་སྲིད་གཞུང་། པོ་ཏ་ལ་རིག་གནས་གནས་སྐོར་མཐུན་ཚོགས་བཅས་ཀྱིས་རོགས་སྒྲུབ་གནང་བའི2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་སྐབས་བཅུ་གཅིག་པའི་གནམ་མཚོའི་གོམ་བགྲོད་འདུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་དེ་ལྷ་ས་རུ་གཟབ་རྒྱས་ངང་བསྡུས།
གཙོ་སྒྲུབ་ཕྱོགས་ཀྱིས་མཚམས་སྦྱོར་བྱེད་དོན། སྤྱི་ལེ10ཡི་གོམ་བགྲོད་ལམ་ཐིག་ཧྲིལ་བོར་སྦྲ་གུར2ཀྱི་ངལ་གསོའི་གནས་བཀོད་སྒྲིག་བྱས་ཡོད་ཅིང་། ཆེད་དུ་ས་གནས་ཀྱི་འབྲོག་མི་གདན་འདྲེན་སྒོས་རུ་མི་རྣམས་ལ་རྩམ་པ་བརྫི་བ་དང་དཀྲུགས་ཇ་བསྐོལ་བ། རྩིད་ཐག་འཁེལ་བ། འུར་རྡོ་འཕེན་པ་སོགས་བོད་ལྗོངས་ཀྱི་སྲོལ་རྒྱུན་དམངས་སྲོལ་རོལ་མྱོང་བྱེད་པ་དངོས་ཁྲིད་བྱེད་ལ། དུས་མཉམ་དུ། རུ་མི་རྣམས་བག་ཕེབས་སྒོས་གནམ་མཚོའི་རང་བྱུང་མཛེས་པ་དང་རིག་གནས་གནས་སྐོར། ལྷ་རི་དང་ལྷ་མཚོའི་དག་ཞིང་བཅས་ཚོར་རྟོགས་བྱེད་པར། གོམ་བགྲོད་ལམ་ཐིག་ཏུ་ཁྱད་དུ་འཕགས་པའི་རང་བྱུང་མཛེས་ལྗོངས་ལེགས་འདེམ་བྱས།
ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་གསུངས་རྒྱུར། ཐེངས་འདིར་ང་ཚོས་ཁོར་སྲུང་ཡུལ་སྐོར་དང་མི་རེར་འགན་ཡོད་པའི་རྩ་དོན་ལྟར། ལམ་དུ་རང་འགུལ་གྱིས་རང་གི་གད་སྙིགས་དང་གཞན་གྱིས་འཕངས་པའི་གད་སྙིགས་འཐུ་བ་དང་། ལག་ལེན་དངོས་ཀྱི་སྒོ་ནས་རྒྱ་ཆེ་བའི་ཡུལ་སྐོར་བ་རྣམས་ལ་ལྷན་དུ་གནམ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྐུལ་ཞིང་། ཁོ་ཚོར་ཞོ་སྟོན་གྱི་བསྟན་དོན་གཏིང་ཟབ་སྒོས་རྟོགས་པར་བྱས་ཏེ། གོམ་བགྲོད་གནམ་མཚོའི་ཁོར་སྲུང་དང་ཞོ་སྟོན་དུས་ཆེན་ཟབ་ཏུ་མྱོང་བར་མཐུན་སྦྱོར་བྱེད་པ་ཡིན།