མཚོ་ལྷོ་ཁུལ་མང་རྫོང་སྨར་ཁམས་སྡེ་བས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སྤེལ་བ།
གད་སྙིགས་རླངས་འཁོར་དུ་སྐྱེལ་བཞིན་པ།
དམངས་ཡོངས་གད་སྙིགས་གཙང་སེལ་བྱ་འགུལ་ཁྲོད་ཞུགས་པ།
སྤྱི་ཟླ5བའི་ཚེས16ཉིན། མཚོ་ལྷོ་ཁུལ་མང་རྫོང་མགོ་མང་སྨར་ཁམས་སྡེ་བས་མགོ་མང་གྲོང་བརྡལ་སྐྱེ་ཁམས་སྲུང་སྐྱོབ་སྐོར་སྐྱོད་ཐེངས་ལྔ་བ་སྤེལ་བ་རེད། སྨར་ཁམས་སྡེ་བ་ནི་མགོ་མང་ལྷོ་ཕྱོགས་སྟག་གདོང་རྫ་རིའི་ཉེ་འདབས་སུ་ཆགས་ཡོད་ལ། ཕྱུགས་རྐྱང་རྐྱང་ལ་ལ་བརྟེན་པའི་འབྲོག་སྡེ་ཞིག་རེད། བར་ཐག་སྤྱི་ལེ་ལྔ་དྲུག་ཙམ་ན་ཡོདཔའི་མགོ་མང་གྲོང་བརྡལ་ནས་སྡེ་བ་འདིར་འགྱིག་ཤོག་སོགས་གད་སྙིགས་མང་པོ་ཞིག་རིམས་ནད་བཞིན་ཁྱབ་མུས་སུ་མཆིས།
སྔ་དྲོར་སྨར་ཁམས་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་ཀྱི་དང་བླངས་པ་མི་བརྒྱད་ཅུ་ལྷག་གཙོས་སྡེ་དཔོན་དང་སྡེ་གཙོ་སོགས་མི་བརྒྱ་ལྷག་བྱ་འགུལ་འདིར་ཞུགས་ཏེ་གད་སྙིགས་གཙང་སེལ་བྱས། ཕྱི་དྲོར་གད་སྙིགས་ཚང་མ་རླངས་འཁོར་རམ་རྐང་གསུམ་ལས་གད་དོང་དུ་བྱོ། དོན་འདི་རིགས་ལ་སྡེ་དཔོན་དང་སྡེ་གཙོ། ཚོགས་གཙོ། སྡེ་མི། དགོན་པ་སོགས་ནས་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་མཛད་པར་གྲུབ་འབྲས་རྒྱ་ཆེན་ཐོབ།
སྨར་ཁམས་སྡེ་བའི་སྡེ་དཔོན་དང་སྡེ་གཙོ། ཚོགས་གཙོ་སོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་། ཁོར་ཡུག་མ་སྲུང་ན་མི་ཟོག་དང་ནད་ཡམས་ཀྱིས་འཇིག་རྟེན་བརླག་ཉེན་ཡོད་པའི་གོ་རྟོགས་ཇེ་མཐོར་སོང་ནས། རྗེས་ཕྱོགས་བྱ་འགུལ་འདི་རིགས་མུ་མཐུད་དུ་སྤེལ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།