logo

དེང་སང་མཐོང་དཀོན་པའི་འདབ་ཆགས་ཤིག་སྟེ་གླག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-17 ཀློག་གྲངས།:

དེང་སང་མཐོང་དཀོན་པའི་འདབ་ཆགས་ཤིག་སྟེ་གླག

གླག 玉带海雕 Pallas’s Fishing Eagle

གཟུགས་གཞིའི་ཁྱད་ཆོས།
     གླག་གི་ལུས་ཀྱི་རིང་ཚད་ལ་ལི་སྨིས76ནས་ལིས་སྨིས84དང་། ལྗིད་ཚད་ལ་སྤྱི་རྒྱ5ནས7ཡོད། ཕོ་གླག་མོ་གླག་ལས་གཟིགས་གཞི་ཅུང་ཆུང་། གླག་གི་ལུས་སྟོད་ཁམ་ནག་ཡིན་ལ། འདབ་གཤོག་ཧ་ཅང་རིང་བས་ནམ་འཕང་སྟོད་སྐབས་གཤོག་སྣེ་གཉིས་བར་གྱི་རིང་ཚད་ལ་སྨིས2ཡོད་པ་དང་། གཤོག་སྣེ་ནང་ལ་ཅུང་ཟད་བཀུག་ཡོད། ཁ་དོག་ཁམ་ནག་ཡིན་པའི་རྔ་སྒྲོ་རིང་ཞིང་ཟླུམ་ལ། རྔ་སྒྲོའི་སྣེ་མོ་ན་འཕྲེད་ཐིག་དཀར་བོ་ཡོད། སུག་སྡེར་རྣོ་ཞིང་བཀན་པ་དང་། སུག་སྡེར་གྱི་རྒྱབ་ངོས་སུ་སྒྲོ་སྤུ་ཁྱབ་ཡོད། ནང་བཀུག་ཡིན་པའི་གླག་མཆུ་ཅུང་ཕྲ་ཞིང་ནག་སྐྱ་ཡིན་ལ། མིག་དང་མཆུ་བར་ན་དཀར་ཐིག་ཅིག་ཡོད། རྐང་སུག་སྐྱ་སེར་དང་སྡེར་མོ་ནག་པོ་ཡིན། ཕོ་གླག་དང་མོ་གླག་གཉིས་ཀྱི་སྒྲོ་མདོག་གཅིག་མཚུངས་ཡིན།
ཁྱབ་ཡུལ།
     གླག་ནི་མདོ་དབུས་མཐོ་སྒང་ན་གནས་པར་མ་ཟད། རང་རྒྱལ་གྱི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ནང་སོག་རང་སྐྱོང་ལྗོངས་བཅས་ནའང་ཡོད། གནས་སྤོ་སྐབས་སི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཧྲན་ཞི་ཞིང་ཆེན། ཧོ་པེ་ཞིང་ཆེན་སོགས་བརྒྱུད་པ་ཡིན།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
           མདོ་དབུས་མཐོ་སྒང་དུ་ཕལ་ཆེར་རྒྱ་མཚོའི་ངོས་ལས་སྨིས4000ནས་སྨིས5300ཡས་མས་ཀྱི་ཁོད་ཡངས་ས་དང་། ཆུ་བོའི་འགྲམ་རྒྱུད། མཚེའུ་ཡི་མཐའ་སྐོར་བཅས་ན་གནས་ཤིང་། ནམ་རྒྱུན་ཞིང་བར་གྱི་རྣང་མ་དང་འཕྱི་ཁུང་གཉའ་ཡི་ས་འབུར། སྡོང་སྐམ་སོགས་ཀྱི་སྟེང་ན་ངལ་གསོས་ཡོད་པ་མཐོང་ཐུབ། ཁ་ཟས་སུ་འདབ་ཆགས་ཆུང་ངུ་དང་རི་དྭགས་ཆུང་ངུ་ཟ་བར་མ་ཟད། ཉ་དང་སྦལ་བ། སྦྲལ། ཤི་ཤ་སྣ་ཚོགས་ཟ་བར་ཡང་ཧ་ཅང་དགའ། གླག་གིས་ཁ་ཟས་སུ་རུང་བའི་སྲོག་ཆགས་ཆུང་ངུ་དག་མཐོང་བ་ན་གཤོག་པ་བཅུམ་སྟེ་འཕུར་འོངས་ནས་སྐད་ཅིག་ཉིད་ལ་སྲོག་ཆགས་དེ་བར་སྣང་དུ་བཀྱགས་འགྲོ་བ་རེད། གླག་གི་ལྟོ་ཆེ་བས་ལྟོགས་བསྲན་བྱ་ཐུབ་པ་དང་། ཐེངས་གཅིག་ལ་འགྲང་ཚད་ཅིག་ཟོས་རྗེས་སུ་ཡུན་རིང་བོ་ཞིག་གི་ནང་དུ་ཟས་མ་ཟོས་ཀྱང་ཆོག གླག་ཚང་ཕལ་ཆེར་བྲག་གསེབ་སོགས་ན་བཟོས་ཡོད་པ་དང་དགུན་ཐོག་སྒོ་ང་རུམ་པ་ཡིན། རུམ་ཐེངས་རེར་སྒོ་ང2ནས4རུམ་པ་དང་། སྒོ་ང་ནི་ཁྱིམ་བྱའི་སྒོ་ང་ལྟར་དཀར་བོ་དཀར་རྐྱང་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
   རང་བྱུང་ཁམས་ན་གླག་ལ་ཁ་ཟས་མང་ཞིང་ཁ་ཟས་ལ་ལ་ནི་འཕེལ་ཚད་ཚོད་འཛིན་བྱ་དགོས་པའི་སྲོག་ཆགས་ཆུང་ངུ་ཡིན་པར་བརྟེན། ཞིང་ལས་དང་ཕྱུགས་ལས། ནགས་ལས་བཅས་ལ་ཕན་པའི་འདབ་ཆགས་ཆེ་གྲས་སུ་གཏོགས་པ་ཡིན། གླག་གིས་སྐྱེ་དངོས་མ་ལག་དོ་མཉམ་ཡོང་བར་བྱེད་ནུས་གལ་ཆེན་འདོན་བཞིན་འདུག  བོད་སྨན་དུ་གླག་གི་ཤ་ནི་ལུས་ཟུངས་རྒྱས་བྱེད་དང་སྨྱོ་ནད་གསོ་བྱེད་ཀྱི་སྨན་སྣ་དཀོན་པོར་བརྩི་བ་ཡིན། དེར་སང་གླག་ནི་ཧ་ཅང་མཐོང་བར་དཀོན་པའི་འདབ་ཆགས་ཆེ་གྲས་ཤིག་ཡིན་པའི་དབང་གིས་འདབ་ཆགས་རྩ་ཆེན་ཞིག་ཏུ་གྱུར་ཡོད།
ད་ཡོད་གནས་བབ།
      བོད་མི་རྣམས་ཀྱིས་གླག་མི་གསོད་ནའང་དེང་སང་གླག་ནི་མཐོང་བར་དཀོན་པའི་འདབ་ཆགས་ཤིག་ཡིན་པས་ན། གླག་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོའི་གྲས་སུ་བཞག་ཡོད།


འབྲེལ་ཡོད་འོས་སྦྱོར།