ཁྲ།
ཁྲ། 大鵟 Upland Buz-zard
གཟུགས་གཞིའི་ཁྱད་ཆོས།
ཁྲ་ཡི་ལུས་ཀྱི་རིང་ཚད་ལ་ལི་སྨིས71ཙམ་ཡོད་ཅིང་། ལུས་སྟོད་སྨུག་སྐྱའམ་སྨུག་ནག་དང་ཕྱི་ལྟག་དམར་སྨུག་ཡིན། མགོ་སྐེའི་སྒྲོ་སྤུའི་སྤུ་རྟིང་དཀར་བོ་ཡིན། རྔ་སྒྲོའི་རྒྱབ་ངོས་དང་སྟོད་རྒྱབ། སྐེ་རྒྱབ་སོགས་དམར་སྨུག་ཡིན་ལ། མགྲིན་ངོས་དཀར་བོ་ཡིན་པ་དང་དེའི་སྟེང་ན་འཕྲེད་ཐིག་ཁམ་ནག་ཡོད། བྲང་ངོས་དང་གསུས་ངོས་ན་ཁམ་སེར་ཡིན་པའི་ཐིག་རིས་ཁྱབ་འདུག ལུས་སྨད་ཐམས་ཅད་ཁམ་སེར་ཡིན་པ་དང་། དེའི་སྟེང་ན་འཕྲེད་ཐིག་བདུན་ཡོད། རྔ་སྒྲོའི་འོག་རོལ་ནི་དཀར་བོ་དང་དེའི་སྟེང་ན་ཁམ་སེར་གྱི་ཁྲ་ཐིག་མངོན་འདུག སྡེར་སུག་ངོས་ཀྱི་སྒྲོ་སྤུ་ཁམ་ནག་ཡིན་པ་དང་། མཆུ་ཏོ་ནི་ལྗང་སྨུག་ཡིན། མ་མཆུའི་མཆུ་རྟིང་ལྗང་སྐྱ་ཡིན། སུག་སྡེར་སེར་བོ་དང་སེན་མོ་ནག་པོ་ཡིན། ཁ་དོག་གི་ཆ་ནས་དབྱེ་ན་ཁྲ་ལ་ཁྲ་ནག་དང་ཁྲ་སྐྱ་ཞེས་རིགས་གཉིས་ཡོད།
ཁྱབ་ཡུལ།
ཁྲ་ནི་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་ན་གནས་པར་མ་ཟད། ནང་སོག་རང་སྐྱོང་ལྗོངས་དང་བྱང་ཤར་ས་ཁུལ་སོགས་ནའང་ཡོད། གནས་སྤོ་སྐབས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་འབྲི་ཆུའི་འབབ་རྒྱུད་དུ་ནམ་ཡང་མཐོང་ཐུབ་པ་ཞིག་ཡིན། དགུན་ཐོག་ཀོང་ཏུང་ཞིང་ཆེན་དང་ཧྥུའུ་ཅན་ཞིང་ཆེན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སོགས་སུ་གནས་སྤར་ཏེ་དགུན་བརྒལ་བ་རེད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
ཁྲ་ནི་བློ་རིག་རྒོད་ཅིང་གཏུམ་སྤྱོད་ཆེ་བའི་འདབ་ཆགས་རིགས་ཤིག་ཡིན་ལ། ཁེར་རྐྱང་ངམ་ཆ་བྱས་ནས་འཚོ་སྡོད་བྱེད་པ་དང་། ནམ་ཡིན་ཡང་རི་མགོ་དང་བྲག་ཁ་རུ་མཐོང་ཐུབ། དགུན་ཐོག་ཁྱུ་ཆུང་ཆུང་རེ་བྱས་ནས་འཚོ་སྡོད་བྱེད་པ་ཡིན། ཁ་ཟས་གཙོ་བོ་ནི་བྱི་བའི་རིགས་དང་འདབ་ཆགས་ཆུང་གྲས་ཀྱི་རིགས་ཡིན། ཁྲ་ཚང་ཕལ་ཆེར་བྲག་ངོས་ན་བཅོས་ཡོད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
ཁྲ་ནི་བྱི་གནོད་མེད་པར་གཏོང་བ་དང་རྩྭ་ས་སྲུང་སྐྱོབ་བྱེད་པར་ཤིན་ཏུ་ཕན་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། བོད་ཀྱི་རྩོམ་རིག་བརྩམས་ཆོས་སུ་ཁྲ་ནི་བློ་རིག་རྒོད་ཅིང་རྟུལ་ཕོད་ཆེ་བའི་མཚོན་བྱེད་དུ་གྱུར་ཡོད། དཔེར་ན་ཚ་ཞང་འདན་མ་བྱང་ཁྲ་ནི་གླིང་གི་དཔའ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ནང་གི་ཁྲ་ཡིན་པ་ལྟ་བུའོ།།
ད་ཡོད་གནས་བབ།
ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས་བོད་ཀྱིས་ཁྲ་མི་གསོད་ནའང་། ཁྲ་ནི་ཇེ་ཉུང་དུ་འགྲོ་བཞིན་པའི་འདབ་ཆགས་སུ་གྱུར་ཡོད་པས། རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པ་ཡིན་ནོ།།
-
བཤས་ཟིན་པའི་ཟོག་གི་ནཆིན་པ་ཞིབ་མོར་བྲད་པའི་ནང་ལ་ཚྭ་...
-
བཤས་ཟིན་པའི་ཟོག་གི་མཆིན་པ་ཞིབ་མོར་བྲད་པའི་ནང་ལ་ཚྭ་...