logo

ཟུར་མང་དགོན་གྱི་སྲོལ་རྒྱུན་ཁོར་སྲུང་རིག་གནས་དང་གནས་རི་སྐྱེ་དངོས་སྣ་མང་རྟོག་ཞིབ་དང་སྲུང་སྐྱོབ་ལས་གཞི།

རྩོམ་པ་པོ།:འབྲོག་སའི་རྩྭ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-02 ཀློག་གྲངས།:

     དེང་སང་སྐྱེ་ཁམས་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་ཚུལ་དང་བསྟུན་ནས་ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་ཡུལ་ཤུལ་ཁུལ་གྱི་ས་གནས་མང་ཚོགས་ལ་ཁོར་སྲུང་སློབ་གསོ་རབས་དང་རིམ་པ་སྤེལ་བཞིན་མཆིས། ཡིན་ན་ཡང་མང་ཚོགས་ཏེ་ཁྱད་པར་དུ་གཞོན་སྐྱེས་རྣམས་ཀྱིས་སྐྱེ་དངོས་སྣ་མང་དང་ཁོར་ཡུག་ཆགས་ཚུལ་སྐོར་ལ་རྒྱུས་ལོན་ཧ་ཅང་དཀོན། སློབ་གསོ་བའམ་ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པའི་ལས་མི་རྣམས་ཀྱི་ས་གནས་སྐྱེ་ཁམས་རྟོག་ཞིབ་ཀྱི་ནུས་པ་བསྐྱེད་བསྲིང་བྱས་ནས་གཞོན་སྐྱེས་ཚོ་དང་ས་གནས་མང་ཚོགས་གི་ཁོར་སྲུང་ཤེས་བྱ་དང་འདུ་ཤེས་མཐོར་འདེགས་ཀྱི་ཆེད་དུ་འབྲོག་སའི་རྩྭའི་ཐེངས་གཉིས་པའི་མ་དངུལ་ཆུང་བས་ཕ་ཁྱིམ་གཅེས་སྐྱོང་ཚོགས་པར་གནས་རི་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རྟོག་ཞིབ་ཀྱི་ལས་གཞི་ལ་རྒྱབ་སྐྱོར་བྱས།
     ལས་གཞིའི་བྱ་འགུལ་གཙོ་བོ་གཅིག་ནི་སྐྱེ་དངོས་སྣ་མང་ཅན་གྱི་ཐབས་ཤེས་གཟབ་སྦྱོང་དང་ཚན་རིག་གི་རྟོག་ཞིབ་དེ་ཡིན། 2015ལོའི་ཟླ8པའི་ཚེས8ཉིན་ནས་བཟུང་སྟེ་གཟའ་འཁོར་གཉིས་ཀྱི་རིང་ལ་ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པའི་ལས་མི11ལྷག་དང་ནང་དོན་རིག་པ་ལ་མཁས་པའི་ན་གཞོན་མཁན་པོ་ལྔ་ཙམ་གྱིས་ནང་ཆེན་ཉག་ལ་དང་མོ་གྲང་ས་མཚམས་སུ་ཆགས་པའི་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་སྟོབས་རྒྱལ་ངང་པ་སིང་སིང(མཐོ་ཚད་ལ་སྨི5388)དང་དེའི་རི་རྒྱུད་ཀྱི་སྐྱེ་དངོས་སྣ་མང་ལ་རྟོག་ཞིབ་བྱེད་རྒྱུའི་མགོ་བརྩམས།

     འབྲོག་སའི་རྩྭའི་ལས་མི་དཔག་བསམ་སྒྲོལ་མས་སྤྱིའི་བྱ་འགུལ་བཀོལ་སྒྲིག་བྱས་ལ།མགོ་ལོག་འབྲུག་སྐྱབས་ལགས་ཡང་ཐག་རིང་ལམ་གྱི་དཀའ་ཁག་ལ་མ་འཛེམ་པར་དངོས་སུ་སླེབས་ནས་ཕ་ཁྱིམ་ཚང་གི་རྟོག་ཞིབ་པ་རྣམས་ལ་སྐྱེ་དངོས་སྣ་མང་། རི་སྐྱེས་སྲོག་ཆགས། རྩི་ཤིང། ཆུ་འགོ  བྲག་རྩི་སོགས་ཀྱི་རྟོག་ཞིབ་ཐབས་ཤེས་ཀྱི་གཟབ་སྦྱོང་ཉིན་གསུམ་ཙམ་གནང་ལ། ད་དུང་སྐྱེ་དངོས་སྣ་མང་བརྙན་ལེན་གྱི་སྐོར་ལ་ཉམས་མྱོང་གིས་ཕྱུག་པའི་ཁ་ཚ་དགོས་གཏུག་གི་ཁ་བརྡ་གནང་བ་མ་ཟད་ཁོང་ཚོའི་རྟོག་ཞིབ་གི་འབྲས་བུར་དཔྱད་བརྗོད་དང་མཛུབ་སྟོན་གནང་། ལས་མི་རྣམས་ཀྱི་དགའ་ཕྱོགས་ལྟར་རྟོག་ཞིབ་ལེ་ཚན་ཁ་ཁར་བགོས་ལ་ཕ་ཁྱིམ་ཚོགས་པའི་ལས་མི་རྣམས་ཀྱི་ལྷག་བསམ་དང་རྟོག་ཞིབ་ཀྱི་འབྲས་བུ་ནི་བསྔགས་བརྗོད་བྱེད་འོས་པ་ཞིག་རེད་ཅེས་གསུངས།
     ཕ་ཁྱིམ་ཚང་གི་རྟོག་ཞིབ་པ་ལྔ་ལྷག་གིས་ཁོང་ཚོ་ནི་ཁོར་སྲུང་དང་རྟོག་ཞིབ་གི་བྱ་བ་འདི་ལ་མོས་པ་དང་དུང་སེམས་ཆེན་པོ་ཡོད་པས་མ་འོངས་པར་དགེ་རྒན་རྣམས་ཀྱི་མཛུབ་སྟོན་འོག་མུ་མཐུད་དུ་སྐྱེ་དངོས་སྣ་མང་རྟོག་ཞིབ་དང་ས་གནས་ཀྱི་མང་ཚོགས་ལ་ཁོར་སྲུང་གི་སློབ་གསོ་སྤེལ་རྒྱུ་ཡིན་ཞེས་དམ་བཅའ་མཛད།
     དེ་མིན་ཚོགས་པས་ད་རུང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་བྱེད་སྟངསKAPཟེར་བ་བེད་སྤྱད་དེ་ས་གནས་མང་ཚོགས་གི་གནས་རི་ཁོར་སྲུང་སྐོར་གྱི་འདུ་ཤེས་དང་ཤེས་བྱའི་ཚད་ལ་རྒྱུས་ལོན་བྱས།
     ལས་གཞི་ད་དུང་མུ་མཐུད་དུ་སྤེལ་བཞིན་ཡོད་ལ་ད་ལྟའི་བར་དུ་གནས་རི་སྟོབས་རྒྱལ་ཐོག་གི་སྐྱེ་དངོས་ཀྱི་རིགས100དང་། འདབ་ཆགས་ཀྱི་རིགས30། རྩི་ཤིང་གི་རིགས50 ། ཆུ་འགོ་དང་བྲག་རྩི་སོགས30ཙམ་ལ་རྟོག་ཞིབ་བྱས་ཚར། སྐྱེ་དངོས་འདི་ཚོ་ལ་རྒྱ་དབྱིན་སོགས་ཀྱི་མིང་ཡོད་ཀྱང་ས་གནས་རང་གི་མིང་དེ་ཡི་གེར་བཀོད་ཡོད་པ་ཉུང་བས་མིང་ཚིག་འདི་དག་དང་ས་གནས་ཀྱི་བཤད་སྲོལ་བཅས་པ་བསྡུ་གསོག་བྱེད་རྒྱུ་ཡང་ཤིན་ཏུ་གལ་ཆེ།


འབྲེལ་ཡོད་འོས་སྦྱོར།