logo

མཚོ་སྔོན་པོའི་འགྲམ་གྱི་རྣམ་རྒྱལ།

རྩོམ་པ་པོ།:འབྲོག་སའི་རྩྭ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-14 ཀློག་གྲངས།:

     
མཚོ་སྔོན་པོའི་འགྲམ་གྱི་ཁོར་སྲུང་བ་རྣམ་རྒྱལ།


རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཡུལ་དངོས།

      འབྲོག་སའི་རྩྭས་ལོ་གསར་ཐོན་ལ་ཉེ་བའི་དུས་བཟང་བོ་དང་བསྟུན་ནས༼མཚོ་སྔོན་པོའི་ཁོར་སྲུང་བ་སྐད་གྲགས་ཅན། སྤྱིར་བཏང་གི་འབྲོག་མི་ཕལ་བ། ལྷག་བསམ་དང་གཞུང་སེམས་ཆེན་པོ་ཅན། རྒན་རྣམ་རྒྱལ་ལགས༽སོགས་ཀྱི་མཚན་སྙན་བསྩལ་བའི་ཨ་ཁུ་རྣམ་རྒྱལ་ལགས་ལ་བཅར་འདྲི་ཐུང་ཐུང་ཞིག་བྱས།
   བཅར་འདྲི་བྱེད་ཡུལ།   གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ།
   མི་སྣ།   རྣམ་རྒྱལ།
   བཅར་འདྲིའི་ནང་དོན་ཚན་བཤུས
   དང་པོ། རྣམ་རྒྱལ་རང་གི་སྐོར།
   མི་གཞན་ལ་རང་ཉིད་ཇི་ལྟར་ངོ་སྤྲོད་བྱས་པ་ཡིན།
       རང་ནི་འབྲོག་པ་ཕལ་བ་ཞིག་ཡིན། གཞན་ལ་དུས་རྒྱུན་མཚོ་སྔོན་པོའི་འགྲམ་གྱི་རྣམ་རྒྱལ་ཞེས་ངོ་སྤྲོད་བྱས་པ་ཡིན།དེ་མིན་ཁོར་སྲུང་པ་དང་དགེ་རྒན་སོགས་ཀྱི་མིང་དེ་ངར་འཕྲོད་ནི་མ་རེད།
   སྲུང་སྐྱོབ་ཀྱི་ལས་ལ་ཞུགས་པའི་བརྒྱུད་རིམ་ག་འདྲ་ཡིན།
       ཆུང་དུས་ནས་ཕྱུགས་རྫི་བྱས། དལ་གྱིས་རང་སྦྱོང་བྱས་ནས་ཕྱུགས་ནད་སྨན་པའི་བྱ་བ་ལས། རང་ཉིད་ལོ30ཡས་མས་སུ་སྲུང་སྐྱོབ་ཀྱི་ལས་ལ་ཞུགས་པ་ཡིན། དང་ཐོག་སྲུང་སྐྱོབ་བྱེད་སྐབས་ཉམས་མྱོང་མེད་ལ་དུས་རྒྱུན་དྲག་པོ་དང་རྩུབ་པོའི་ལམ་ནས་སྲུང་སྐྱོབ་བྱས་པ་རེད། རི་སྐྱེས་རི་སྲོག་ཆགས་སྲུང་སྐྱོབ་ཀྱི་ཆེད་དུ་ཁ་ཁྲག་སྣ་ཁྲག་གདའ་བ་ནི་རྒྱུན་ལྡན་ཡིན། དེ་ནས་དལ་གྱིས་ཉམས་མྱོང་ཐོབ། ཁྲིམས་འགལ་རྔོན་པ་དེ་དག་ལ་ཁྲིམས་ཀྱི་ལམ་ནས་ཐག་གཅོད་བྱེད་དགོས་པ་ཤེས། སྐབས་དེར་རང་གིས་ཁྲིམས་ཀྱི་སྐོར་སྦྱང་དགོས་བསམ་ནས། ཀྲུང་གོའི་རྩ་ཁྲིམས་བློར་འཛིན་རྒྱུ་འགོ་བརྩམས། དེ་ནས་ཞི་འཇམ་གྱི་ལམ་ནས་སྲུང་སྐྱོབ་ཀྱི་ལས་ཀ་ལས། དེའི་རྗེས་སུ་རྒོ་དམར་བདག་སྐྱོང་གི་བྱ་བ་ལས། རྒོ་སྲུང་པའི་སྲོལ་དེ་ས་གནས་སུ་གནའ་སྔ་མོ་ནས་ཡོད་པ་རེད། སྡེ་བའི་ལོ་ན་མཐོ་བ་མང་པོས་རྒོ་སྲུང་མྱོང་། 1996ལོ་ནས1997ལོའི་བར་དུ་འབྲོག་པ་རྣམས་ལ་རྩྭ་ས་བགོས། དེ་ནས་ཆུ་མགོ་དང་རྩྭ་ཐང་གི་གད་སྙིགས་འཐུས། གད་སྙིགས་འཐུ་པ་ནི་ང་རང་ལོ35ལོན་པ་ནས་མགོ་བརྩམས། སྐབས་དེར་ང་ལ་ལྐོག་ཏུ་འཕྱ་སྨོད་བྱེད་མཁན་ནི་མང་པོ་ཡོད། ཚང་མས་རྣམ་རྒྱལ་འདི་མི་སྨྱོན་པ་ཟིག་རེད། ཁོམ་སོང་ལས་རྒྱུ་མེད་ལ་གད་སྙིགས་འཐུ་གི་ཡོད་གི་ཟེར་བ་མང་པོ་ཡོད།
   སྲུང་སྐྱོབ་ཟེར་བ་རང་ལ་མཚོན་ན་གང་འདྲ་ཡིན།
       ང་ལ་མཚོན་ན་རང་གི་ཕ་ཁྱིམ་སྲུང་སྐྱོབ་བྱེད་པ་ནི་འགན་ཁུར་མིན། དེ་ནི་ངའི་ཤ་དང་ཁྲག་ཏུ་ཞུགས་ཡོད་པའི་མི་ཚེའི་འོས་འགན་རེད། རྩྭ་ཐང་ཧྲིལ་བོར་གད་སྙིགས་ཀྱིས་ཁེངས་ཚར། ཆུ་མགོ་མང་པོ་ཡང་སྐམ་ཚར། གད་སྙིགས་དེ་འདྲ་མང་པོ་གང་ནས་ཡོང་ཟེར་ན། 1980 ཐམ་པ་ལོ་ནས་ཆུ་མིག་བརྒྱ་རྩ་གནས་སྒོ་ཞེས་པ་བཙུགས་རྗེས། འགྲུལ་པ་མང་པོ་ཡོང་། དུས་མཉམ་དུ་གད་སྙིགས་མང་པོ་ཡང་ཐོན་བྱུང་།
   སྲུང་སྐྱོབ་པ་ཞིག་ཡིན་ཕྱིར་ཆ་རྐྱེན་གང་དག་ཚང་དགོས།
       གཅིག་ནས་དད་པ་ཡོད་དགོས། ཆོས་དད་རྐྱང་རྐྱང་མིན་པར་རང་བྱུང་ཁམས་ཆེན་མོར་བཅངས་པའི་དད་པ་དགོས།
       གཉིས་ནས་སྤྱང་གྲུང་ལྡན་དགོས། སྤྱང་གྲུང་འདི་ངན་ཕྱོགས་ལ་གོ་བ་ལེན་མི་རུང་། བློ་གསལ་ལ་རིག་པ་གྲིམ་དགོས། དཔེར་ན་ཁྲིམས་ཀྱི་སྐོར་གསལ་བོར་ཤེས་པ་དང་། ཁྲིམས་འགལ་དོན་རྐྱེན་བྱུང་རྗེས་བདེན་དཔང་དང་བཅས་པ་བསྡུ་གསོག་བྱེད་མཁས་པ།
       གསུམ་པ་ནི་མི་ཕན་ཚུན་བར་དུ་འབྲེལ་བ་ཡག་པོ་འཛུགས་ཤེས་དགོས།  རང་གིས་བསམ་ན། སྲུང་སྐྱོབ་ཀྱི་བྱ་བ་འདི་ལ་གཞན་གྱིས་དོ་སྣང་བྱེད་མི་བྱེད་དེ་ང་ཚོ་རང་གི་ལག་ན་ཡོད། བྱ་བ་རྒྱུན་འཁྱོངས་བྱེད་ཐུབ་ན་གཞན་གྱིས་དོ་སྣང་བྱེད་ངེས་ཡིན།
   མཚོ་སྔོན་པོ་རང་ལ་མཚོན་ན་ག་འདྲ་ཡིན།
       རང་གི་ཚེ་སྲོག་ལས་གལ་ཆེ་བ་ནི་མཚོ་སྔོན་པོ་འདི་ཡིན། རང་ནི་ཤི་ཚར་སོང་རུང་། མི་རབས་རྗེས་མ་ད་རུང་འདིར་བརྟེན་ནས་འཚོ་བ་རོལ་དགོས། དེའི་གལ་ཆེའི་རང་བཞིན་ནི་བཤད་མ་དགོས་པ་རེད། དཔེར་ན་ད་ལྟ་ནང་སོག་གི་བྱེ་མ་པེ་ཅིང་དུ་ཐོན་འདུག གནའ་མཁར་ཟི་ལིང་ལ་བྱེ་མ་ཐོན་མེད་པའི་རྒྱུ་མཚན་གཅིག་ནི་མཚོ་སྔོན་པོས་བྱེ་མ་བཟུང་ཡོད་པ་ཡིན།
   སྲུང་སྐྱོབ་ཀྱི་བྱ་བ་དང་ཁྱིམ་ཚང་བར་གྱི་འབྲེལ་བ་ཇི་ལྟར་དོ་མཉམ་བྱས་པ་ཡིན།
       བོད་མི་རིགས་ནི་རང་བྱུང་ཁོར་ཡུག་ལ་ཤིན་ཏུ་བརྟེན་དགོས་པའི་མི་རིགས་ཤིག་ཡིན། དེ་ཡང་གཙོ་བོ་ང་ཚོའི་ཆོས་ལུགས་དང་སྲོལ་རྒྱུན་ལ་རག་ལས་ཡོད། མི་དང་ཁོར་ཡུག་ནི་གཅིག་བརྟེན་གཅིག་འཚོའི་འབྲེལ་བ་ཡིན། འབྲོག་པ་དང་ཁོར་ཡུག་བར་དུ་ལྷག་པར་བཤད་མི་ཕོད་པའི་འབྲེལ་བ་གཏིང་ཟབ་མོ་ཡོད།
   རང་གི་བུ་བུ་མོ་ལ་རེ་བ་ག་འདྲ་བཅངས་ཡོད།
       ང་ལ་བུ་མོ་གཉིས་དང་བུ་གཅིག་ཡོད། རེ་བ་ཡིན་ན་བུ་མོ་གཉིས་ནི་རང་རེའི་ཁོར་ཡུག་འདི་ལ་བརྟེན་ནས་འཚོ་བ་རོལ་རྒྱུ། ཡིན་ཡང་རིག་གནས་སྦྱང་དགོས། སྐད་རིགས་སྣ་ཚོགས་ཀྱང་སྦྱང་དགོས། བུ་ཕྲུག་སངས་རྒྱས་ནི་ཆུང་དུས་ནས་ང་དང་འགྲོགས་ནས་གད་སྙིགས་འཐུ་གི་སོང་། མཚོ་དཔྱད་དུ་སོང་། གསེར་ཉ་སྲུང་གི་སོང་། རྒོ་དང་རྩེད་རོགས་བྱས་ནས་ནར་སོན་པ་ཡིན། དེ་བས་སངས་རྒྱས་ལ་སྲུང་སྐྱོབ་ཀྱི་བག་ཆགས་ཟབ་མོ་བཞག་ཡོད་ལ་སྦྱོང་བརྡར་ཡང་མང་པོ་ཐོབ་ཡོད།
   གཉིས་པ།མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཀྱི་སྐོར།
   གསེར་ཉ་སྲུང་སྐྱོབ་ཀྱི་རྒྱབ་ལྗོངས།
       གསེར་ཉ་སྲུང་སྐྱོབ་ནི2010ལོ་ནས་དངོས་སུ་མགོ་ཚུགས་པ་ཡིན། དང་ཐོག་སྲུང་མཁན་རང་དང་ཉེ་མི2ནས10མ་གཏོགས་མེད། དུས་རྒྱུན་མཚོ་དཔྱད་ལ་སོང་། ནག་ཚོགས་དང་སྲིད་གཞུང་མཉམ་འབྲེལ་ཀྱི་ཉ་བདའ་མཁན་མང་པོ་དང་ཐུག དེ་ནས་དལ་གྱིས་མདའ་བཞི། གསེར་ཆེན་། རྐང་ཚའི་ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་བྱུང་། སྲུང་སྐྱོབ་བྱེད་མཁན་ཡང་མི100ནས200ལྷག་ཐོན་བྱུང་། དེའི་རྗེས་སུ་རྒྱའི་གསར་འགོད་པ་འགའ་དང་འབྲེལ་བ་བྱས། ནང་ལོགས་ཀྱི་རྒྱ་མི་དང་ལེན་པ་མང་པོ་བསྡུས་ནས་མཉམ་དུ་མཚོ་དཔྱད་དུ་སོང་། ནག་ཚོགས་དང་བཅས་པ་སོགས་པར་བརྙན་དུ་བླངས། ཐེངས་གང་མང་ཞིག་ལ་ནག་ཚོགས་ཀྱིས་འཇིགས་སྐུལ་ནས་ང་ཚོ་ཡང་བྲོས་མྱོང་། ཡིན་ཡང་དེ་ནས་གསར་འགོད་པ་ཚོས་གསེར་ཉ་སྲུང་སྐྱོབ་ཀྱི་བྱ་བ་དེ་ཁྱབ་བསྒྲགས་མཛད། གསར་འགོད་པ་མང་པོ་ད་དུང་དངོས་སུ་ཡོང་ནས་ང་ཚོ་དང་མཉམ་དུ་མཚོ་དཔྱད་དུ་སོང་། སྲིད་གཞུང་ལ་གནོན་ཤུགས་བྱིན། བརྙན་ཐུང20ཁ་ལྷག་བཟོས། པོད་འཕྲིན་སོགས་སུ་ཁྱབ་བསྒྲགས་གང་མང་མང་མཛད། གསར་འགོད་པ་དང་དང་ལེན་པ་མང་པོ་རང་འགུལ་གྱིས་ཡོང་། དང་ལེན་པ་ཡོང་ན་ང་ཚོར་ཕན་ཆེན་པོ་ཐོགས་ངེས། མང་པོ་སློབ་མ་རེད། བསམ་བློ་ཡག་པོ་ཡོད་ལ་བརྩོན་པ་ཡང་ཆེ། དལ་གྱིས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལ་ཡང་དོ་སྣང་ཆེན་པོ་ཐོབ།
   ཉ་བདའ་མཁན་དེ་དག་གང་ནས་ཡོང་བ་ཡིན།
       མཚོ་སྔོན་པོ151ཉེ་འཁོར། རྟ་ནག་མ་ཉེ་འཁོར། རྐང་ཚ་རྒྱ་སྡེ་བརྒྱད་པ། མདའ་བཞི་མཚོ་སྔོན་པོ་ཞང་། གསེར་ཆེན་སོགས་ནས་ཡོང་པ་རེད། རྒྱ་སྡེ་བརྒྱད་པ་ཟེར་བ་དེ་ཡང་ཉ་ལས་ཅུའུ་དང་ལྐོག་གི་འབྲེལ་བ་ཟབ་མོ་ཡོད། དེ་ནས་ཧོང་ཧྲན་རྒྱ་སྡེ། གསེར་ཆེན་ཕྱོགས་སུ་ད་དུང་ནག་ཚོགས་དང་འབྲེལ་ཆེ།
   ཉ་བདའ་མཁན་དེ་འདྲ་མང་པོ་ཡོད་པའི་རྒྱུ་མཚན་ཅི་ཡིན།
      མཚོ་སྔོན་པོའི་གསེར་ཉ་ནི་ཤ་ཞིམ་ལ་བཅུད་ལྡན་པའི་ཉ་རིགས་རེད་ཟེར་གི་ཡོད། དཔེར་ན་མཚོ་ཁའི་ཆུ་ཆེན་ཟམ་པ་ཟེར་བ་ནི་གསེར་ཉ་ཟ་ས་ཡིན། ཡུལ་སྐོར་པ་མང་པོ་དངོས་སུ་མཚོ་ཁར་གསེར་ཉ་ཟ་གི་ཡོང་བ་རེད། གསེར་ཉ་ཞིག་ཉ་ཕྲུག་ནས་ནར་སོན་དགོས་ན་དུས་ཡུན་རིང་པོ་དགོས། དེ་དག་ལོ་གཅིག་གི་ནང་དུ་སྲང་གང་དང་། ལོ་བཅུའི་ནང་དུ་རྒྱ་མ་གང་མ་གཏོགས་སྐྱེ་ནི་མ་རེད། མཚོ་སྔོན་པོའི་གསེར་ཉ་ད་ལྟ་རྒྱལ་ཁབ་ཀྱི་སྟོང་ཉེན་ཅན་གྱི་རིགས་སུ་བགྲང་ཡོད་པ་རེད།
    2015ལོར་བཅངས་པའི་རེ་བ།
      མི་མང་པོས་སྲུང་སྐྱོབ་ལ་ཁ་གཡར་ནས་དོན་ངོ་མ་ཞིབ་འཇུག་གི་བྱ་བ་ལས་ཀི་ཡོད་པ་རེད། གྲུབ་འབྲས་སམ་ཞིབ་འཇུག་མཇུག་རྫོགས་རྗེས་གནད་དོན་ཐག་བཅད་ཡོད་མེད་ལ་ཁ་ཡ་མི་བྱེད། ངའི་རེ་བ་གཅིག་ནི་ང་ཚོ་ཁོར་ཡུག་གི་གནད་དོན་གང་རུང་ཞིག་ལ་ཐུག་ཚེ་ཞིབ་འཇུག་རྐྱང་རྐྱང་མིན་པར་སྲུང་སྐྱོབ་གཙོ་བོ་བྱེད་རྒྱུ། ལྷག་པར་དུ་ས་གནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དེ་གཞིར་བྱས་ནས་གནད་དོན་ཐག་གཅོད་པ་དང་། ས་གནས་མང་ཚོགས་ལ་ཕན་ཟིག་ཐོགས་རྒྱུ་དེ་ཡིན།
                                       ཞེས་མཚོ་སྔོན་པོའི་འགྲམ་གྱི་རྣམ་རྒྱལ་གྱིས་སྤྱི་ཟླ2པའི་ཚེས11ཉིན་མོར།


འབྲེལ་ཡོད་འོས་སྦྱོར།