logo

རྩེབ་གཉག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-14 ཀློག་གྲངས།:

རྩེབ་གཉག

རྩེབ་གཉག Takin 扭角羚(རྩེབ་གཉག་ལ་ཡུལ་སྐད་དུ་ར་རྒྱ་ཡང་ཟེར)

གཟུགས་གཞིའི་ཁྱད་ཆོས།
           རྩེབ་གཉག་གི་བྱད་སྣའི་རིང་ཚད་ལ་སྨིས2ཙམ་དང་ལྗིད་ཚད་ལ་སྤྱི་རྒྱ300ནས་སྤྱི་རྒྱ600ཡོད། སུག་བཞི་སྦོམ་ཞིང་བཀན་ལ། སོག་མགོ་མཐོ་ཞིང་རྔ་མ་ཐུང་བ་ཞིག་ཡིན། སྣ་མདོ་བ་ལང་དང་མཚུངས་ཤིང་ཡ་ཐོད་འབུར་འདུག  རྩིད་པ་ཐུང་ཞིང་སོབ་སོབ་ཡིན་པ་དང་། ཕོ་མོ་གང་ཡིན་རུང་ཡར་སྐྱེས་ཏེ་ལྟག་རྒྱབ་ལ་འཁྱིལ་འདུག་པའི་རྭ་ཅོ་ཡོད། ལུས་ཡོངས་ཀྱི་སྤུ་མདངས་ཁམ་སེར་རམ་ཁམ་སྐྱ་ཡིན།
ཁྱབ་ཡུལ།
       རྩེབ་གཉག་ནི་བོད་ལྗོངས་ཀྱི་ཉིང་ཁྲི་དང་རྫ་ཡུལ། མོན་ཡུལ་སོགས་ན་ཡོད་པར་མ་ཟད། ཧྲན་ཞི་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་གྱི་ས་ཆ་ལ་ལ་ནའང་མཐོང་རྒྱུ་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     རྩེབ་གཉག་འཚོ་སྡོད་བྱེད་ས་ནི་ཕལ་ཆེར་མཚོ་ངོས་ནས་སྨིས2000ནས་སྨིས4500ཡི་བར་གྱི་ཚ་ཁུལ་དང་ཆ་འདྲ་བའི་ནགས་རི་ཡིན་ལ། དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གནས་སྤོ་བཞིན་འདུག  དཔྱིད་ཐོག་ཕྲུ་གུ་འཁྲིད་སྐབས་མ་གཏོགས་ཁྱུ་དང་ཁྱུ་བྱས་ནས་གནས་འདུག  ཁྱུ་ཆུང་ཆུང་ཞིག་ལ་རྩེབ་གཉག3ནས5རེ་ཡོད་པ་དང་། ཁྱུ་ཆེན་པོ་ཞིག་ལ་རྩེབ་གཉག་བཅུ་ཕྲག་འགའ་ནས་བརྒྱ་ཁར་འབུད་པ་ཡོད། རྩེབ་གཉག་གི་ཁྱུ་གཅིག་ལ“སོ་བ”རེ་ཡོད་ཅིང་། རྩེབ་གཉག་གཞན་དག་རྩྭ་ཆུར་རོལ་སྐབས། “སོ་བ”ས་མཐོ་སར་བུད་དེ་སོ་ལྟ་བྱེད་པ་ཡིན། ལམ་ལ་ཆས་སྐབས་ཕྲེང་བསྒྲིགས་ཏེ་བཤར་བ་དང་། “ཁྱུ་དཔོན”གྱིས་མགོ་ཁྲིད་ནས་འགྲོ་ཞིང་རྩེབ་གཉག་དར་མ་དག་གིས་རྟིང་མ་མནན་ནས་འགྲོ་བ་ཡིན། ནངས་དགོང་ལ་ཁ་ཟས་བཙལ་བ་དང་། ཁ་ཟས་གཙོ་བོ་ནི་རྩི་ཤིང་གི་ནེམ་ལོའམ་སྡོང་ཤུན། སྨྱུག་ལོ། སྔོ་རྩྭ་སོགས་ཡིན།  རྩེབ་གཉག་ལ་ཚྭ་ལྡག་པའི་གོམས་གཤིས་ཡོད་ཅིང་། ལོ་རེའི་ཟླ6པ་ནས་ཟླ8པའི་བར་ནི་སྐྱེ་འཕེལ་བྱེད་པའི་དུས་ཡུན་ཡིན། ཕྱི་ལོའི་དཔྱིད་རྔའམ་དབྱར་མགོར་ཕྲུ་གུ་བཙའ་བ་དང་། བཙའ་ཐེངས་རེར་ཕྲུ་གུ་གཅིག་རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
       རྩེབ་གཉག་ནི་ཧི་མ་ལ་ཡའི་རི་རྒྱུད་སོགས་ན་གནས་པའི་རི་དྭགས་ཁྱད་པར་ཅན་ཞིག་ཡིན་མོད། གྲངས་ཀ་ཤིན་ཏུ་ཉུང་། རྩེབ་གཉག་གི་གཟུགས་གཞི་ནི་བ་མིན་ར་མིན་ཞིག་ཡིན་པས། མི་རྣམས་ལ་འགྲེམ་སྟོན་བྱས་ན་བལྟ་བར་སྤྲོ་བའི་རི་དྭགས་རྩ་ཆེན་གྱི་རིགས་ཤིག་ཡིན། སྲོག་ཆགས་རིགས་དབྱེ་རིགས་པ་ལྟར་ན། རྩེབ་གཉག་ནི་བ་ལང་དང་ར་མའི་བར་ན་གནས་པས། རི་སྐྱེས་སྲོག་ཆགས་རྒྱུད་འགྱུར་བྱུང་བར་ཞིབ་འཇུག་བྱེད་པ་དང་སྒོ་ཟོག་དང་སྡེབ་སྦྱོར་བྱ་ཐུབ་མིན་ཚོད་ལྟ་བྱེད་པ་བཅས་ལ་རིན་ཐང་གལ་ཆེན་ལྡན་འདུག
ད་ཡོད་གནས་བབ།
     མི་གྲངས་ཇེ་མང་དང་དཔལ་འབྱོར་དམིགས་སུ་འཛིན་པའི་དུས་རབས་འདིར། རྩེབ་གཉག་གསོད་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། དུས་རབས་སྔོན་མའི་ལོ་རབས80ཡི་སྐབས་སུ། བོད་ལྗོངས་མི་དམངས་སྲིད་གཞུང་གིས་རྫ་ཡུལ་རྫོང་དང་མེ་ཏོག་རྫོང་དུ་རྩེབ་གཉག་ལ་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་ཡོད། རྩེབ་གཉག་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་འདུག


འབྲེལ་ཡོད་འོས་སྦྱོར།