logo

རྒོ་དམར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-14 ཀློག་གྲངས།:

རྒོ་དམར

རྒོ་དམར། Tibetan Gazella 藏原羚

གཟུགས་གཞིའི་ཁྱད་ཆོས།
     རྒོ་དམར་གྱི་གཟུགས་གཞིའི་རིང་ཚད་ལ་ལིས་སྨིས80ནས་ལིས་སྨིས100དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ10ནས་སྤྱི་རྒྱ15ཡོད། བོད་ཀྱི་ཁ་དཔེར“ཁྱོད་ཤ་རྭར་ཡན་ལག་མང་ན། ང་རྒོ་རྭར་ཐེམ་པོ་ལོས་མང”ཟེར་བ་ལྟར་ཕོ་རྒོར་ལིས་སྨིས30ཡས་མས་ཀྱི་རྭ་ཅོ་སྐྱེས་ཡོད་པ་དང་རྭ་རྟིང་ནས་ཡར་སུམ་ཆའི་གཉིས་ཀྱི་མཚམས་ནས་ལྟག་གར་འཁྱིལ་ཞིང་། ཐེམ་འབུར་མང་བོ་ཡོད། རྭ་རྟིང་ནས་ཡར་སུམ་ཆའི་གཉིས་ཀྱི་ཡན་ཆད་ལ་ཐེམ་འབུར་མེད་པར་འོས་ཀྱུག་གེར་འདུག་ལ། རྭ་རྩེ་འཁྱིལ་འདུག སྤུ་མདངས་སྐྱ་སེར་ཡིན་ཞིང་། དབྱར་ཐོག་སེར་ཞད་ཆེ་བ་དང་དགུན་ཐོག་སྐྱ་ཞད་ཆེ་བ་ཡིན། ཨོང་དོ་དང་གསུས་ངོས་ཀྱི་སྤུ་མདངས་དཀར་བོ་ཡིན།
ཁྱབ་ཡུལ།
     རྒོ་དམར་ནི་མདོ་དབུས་མཐོ་སྒང་དང་ནང་སོག་རང་སྐྱོང་ལྗོངས་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཅས་ན་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     རྒོ་དམར་ནི་མཚོ་ངོས་ལས་སྨིས4000ཡན་གྱི་ས་ཆ་ཐང་ཡངས་སར་གནས་འདུག མཐོ་སྒང་གི་སྤང་རི་དང་སྤང་ཐང་། རྩྭ་ཆུ་འཛོམས་སའི་ལུང་ཁོག་སོགས་ན་ཅུང་མང་། རྒོ་དམར་ནི་ཁྱུ་སྡོད་བྱས་ནས་འཚོ་བའི་རི་དྭགས་ཀྱི་རིགས་ཤིག་ཡིན་པས། ཉུང་ན་རྒོ3ནས5དང་མང་ན་རྒོ20ལྷག་ཆབས་ཅིག་ན་འཚོ་སྡོད་བྱས་ཡོད། དགུན་ཐོག་ཁ་བ་བབས་རྗེས་ཉིན་ཕྱོགས་ཀྱི་ལུང་ཁོག་གམ་ཉིན་ཕྱོགས་ཀྱི་ཁ་རྒྱུད་དུ་འདུས་ཏེ་རྩྭ་ཟ་བ་ཡིན། དབྱར་ཐོག་རྩྭ་འཇམ་ཟ་བའི་ཆེད་དུ་ཐག་རིང་ས་ཆར་གནས་སྤོ་བ་ཡིན། རྒོ་དམར་གྱི་མིག་དབང་དང་རྣ་དབང་རྣོ་ཞིང་རྐང་ལག་ཧ་ཅང་མགྱོགས་པ་ཡིན། བརྒྱུགས་བཏང་ན་ནམ་མཁའི་བྱ་ཡང་ལོས་ཟིན་སྙམ་པ་ཞིག་ཡིན། ཉིན་དཀར་ཕལ་ཆེར་དབེན་ས་རུ་ངལ་གསོ་བ་དང་ནངས་དགོང་ལ་རྩྭ་ཆུར་རོལ་བ་ཡིན། ཁ་ཟས་གཙོ་བོ་ནི་སྤང་རྩྭ་ཡིན། དགུན་ཐོག་ནི་རྒོ་དམར་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན་ལ། ཟླ5བ་དང་ཟླ7པའི་ནང་ནི་རྒོ་དམར་གྱིས་ཕྲུ་གུ་བཙའ་སྐབས་ཡིན་ཞིང་། བཙའ་ཐེངས་རེར་ཕྲུ་གུ1རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     རྒོ་དམར་ནི་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་རི་དྭགས་ཀྱི་རིགས་ཤིག་ཡིན་པས། ཚན་རིག་ཞིབ་འཇུག་བྱེད་པར་རིན་ཐང་ལྡན་པ་ཞིག་རེད།
ད་ཡོད་གནས་བབ།
     འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་བྱས་དྲགས་པའི་དབང་གིས་རྒོ་དམར་ནི་ཇེ་ཉུང་ཇེ་ཉུང་སྟེ་ཕལ་ཆེར་མཐོང་དཀོན་པ་ཞིག་ཏུ་གྱུར་འདུག ད་ལྟ་མི་རྣམས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་དགོས་པའི་འདུ་ཤེས་ཇེ་དྲག་ཏུ་སོང་བ་དང་མཉམ་དུ་རྒོ་དམར་གྱི་གྲངས་ཀའང་ཇེ་མང་དུ་འགྲོ་བཞིན་ཡོད། རྒོ་དམར་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།