logo

རྐྱང་།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-17 ཀློག་གྲངས།:

རྐྱང་། Kiang 藏野驴

རྐྱང་། Kiang 藏野驴

     རྐྱང་ནི་མདོ་དབུས་མཐོ་སྒང་གི་ཁྱད་འཕགས་སྲོག་ཆགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན། གཟུགས་བྱད་ནི་བོང་བུ་དང་རྟ་གཉིས་ལས་བྱུང་བའི་དྲེལ་དང་མཚུངས་པ་དང་རྔ་མ་ནི་རྟའི་རྔ་མ་དང་འདྲ། འདིའི་རིགས་ནི་མཐོ་སྒང་རང་བཞིན་གྱི་སྲོག་ཆགས་ཡིན་པ་དང་། མཚོ་ངོས་མཐོ་ཚད་ལ་སྨིས3600ནས་སྨིས5400ཡི་ས་ཁུལ་དུ་ཁྱུ་ཚོགས་བྱས་ཏེ་འཚོ་གནས་བྱེད་ཅིང་།  གྲང་ངར་དང་ཉི་ལྡེ། ཆར་རླུང་སོགས་ལ་བཟོད་པའི་ནུས་ཤུགས་དྲགས་པོ་ལྡན། མང་ཆེ་བ་ནི་རྐྱང5ནས6རེ་ཁྱུ་བྱ་བ་དང་། ཁྱུ་ཚོགས་ཅུང་ཆེ་བ་ནི་རྐྱང10རེ་ཡོད་པ་དང་། ཆེས་ཆེ་བའི་ཁྱུ་ཚོགས་ནི་རྐྱང100ཡས་མས་ཡོད། ཁྱུ་ཚོགས་ཆུང་བ་ནི་རྐྱང་གཅིག་གིས་མགོ་ཁྲིད་པ་ཡིན་ལ། གནས་གང་སར་བརྒྱུད་དེ་འཚོ་བ་ཡིན།
གཟུགས་གཞིའི་ཁྱད་ཆོས།
     རྐྱང་གི་གཟུགས་བྱད་ཀྱི་རིང་ཚད་ལ་ལིས་སྨིས180ནས་ལིས་སྨིས220དང་། གཟུགས་གཞིའི་ལྗིད་ཚད་ལ་སྤྱི་རྒྱ280ཡས་མས་ཡོད། རྐྱང་གི་མགོ་ཐུང་ཞིང་ཞེང་ཆེ་བ་དང་མཆུ་ཟླུམ་ཟླུམ་ཡིན། རྣ་གཤོག་གི་རིང་ཚད་ལ་ལིས་སྨིས17ཡས་མས་ཡོད། རྔོག་མ་ཐུང་ཞིང་གྱེན་དུ་གཟེང་འདུག  རྔ་མའི་མར་སྣེ་ན་རྔ་སྤུ་ཁམ་ནག་རིང་བོ་སྐྱེས་ཡོད། སོག་མགོ་ནས་རྔ་རྩའི་བར་གྱི་སྒལ་གཞུང་གི་སྤུ་མདོག་དང་གྲུག་ཤུར་གྱི་སྤུ་མདོག་ནི་ཁམ་ནག་ཡིན།
     རྐྱང་ནི་མདོ་དབུས་མཐོ་སྒང་གི་རྩྭ་བཟའ་སྲོག་ཆགས་ཆེ་གྲས་ཤིག་ཡིན་ཞིང་། གཟུགས་བྱད་ནི་སོག་པོའི་རྐྱང་དང་དྲེལ་དང་མཚུངས་པ་དང་། ཁྱིམ་གསོ་བོང་བུ(མོ)དང་འདྲ་བར་ཁྱིམ་གསོའི་རྟ(ཕོ)དང་སྡེབ་ན་དྲེའུ་སྐྱེས།
     རྐྱང་ནི་ཕྱུགས་རིགས་ལེགས་འཕེལ་བྱེད་པར་ཕུལ་དུ་བྱུང་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ལ། དེའི་འདུལ་སྦྱོང་དང་ལེགས་འཕེལ་ནུས་ཤུགས་དེ་ཁྱིམ་གསོ་བོང་བུ་ལས་ལྡབ་འགྱུར་གྱིས་བརྒལ་བ་ཡིན། དེའི་ཤ་དང་ཚི། མིད་པ། ཁྲག་སོགས་ནི་བོད་སྨན་དུ་འགྲོ་བ་ཡིན།
     བོད་ལྗོངས་ཀྱི་རྐྱང་གི་མགོའི་རིང་ཚད་ནི་ལིས་སྨིས182ནས214དང་། རྔ་མའི་རིང་ཚད་ནི་ལིས་སྨིས32ནས45། ཕྲག་པའི་མཐོ་ཚད་ནི་ལིས་སྨིས142། ལྗིད་ཚད་ནི་སྤྱི་རྒྱ250ནས་སྤྱི་རྒྱ400ཡིན།  བོད་ལྗོངས་ཀྱི་རྐྱང་གི་མགོ་བོ་ཅུང་ཐུང་བ་དང་རྣ་གཤོག་རིང་ལ། མཆུ་ཟླུམ་ཟླུམ་དང་མདོག་ཅུང་ནག་པོ་ཡིན། ལུས་ཧྲིལ་བོའི་སྤུ་ནི་དམར་སྨུག་གཙོ་ཆེ་ཞིང་། རྣ་གཤོག་མདུང་མདུང་དང་རྒྱབ་ཀྱི་སྒལ་ཚིགས་དང་། ཟེ་རྔོག རྔ་མའི་མཇུག་བཅས་ཀྱི་སྤུ་མདོག་ཅུང་ནག་པོ་ཡིན་པ་དང་། མཆུའི་སྟེང་ཕྱོགས་དང་སྐེ་འོག བྲང་ཁ། ཕོ་བ། སུག་བཞི་སོགས་ཀྱི་སྤུ་མདོག་ཅུང་དཀར་བ་ཡིན།
ཁྱབ་ཡུལ།
     རྐྱང་ནི་མཐོ་སྒང་བྱེ་ཐང་དང་མྱ་ངན་ཐང་དུ་འཚོ་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པ་དང་། ཁོ་ཚོས་ཆུ་འཐུང་ན་སྤྱིར་བཏང་དུ་གཏན་འཁེལ་གྱི་ས་གནས་ཤིག་ཡོད་ཅིང་། རྟག་ཏུ་དོང་ཆུ་དང་། མཚེའུ། ཆུ་བོ་སོགས་ཀྱི་རྒྱུད་དུ་འགུལ་བསྐྱོད་བྱེད་པ་དང་། རྐྱང་ཁྱུ་གཅིག་དེ་རྐྱང་ཁྱུ་གཞན་པའི་ཆུ་འཐུང་ས་ཁོངས་སུ་སོང་ནས་གནོད་སྐྱེལ་བ་མིན། རྐྱང་གི་ཁྱབ་ཡུལ་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན་གྱི་ས་བབ་མཐོ་ཞིང་ཐང་ཡངས་ཡིན་ས་ན་གནས་འདུག
འཚོ་གནས་ཁོར་ཡུག
     རྐྱང་གི་འཚོ་གནས་ནི་མཚོ་ངོས་ལས་མཐོ་ཚད་ལ་སྨིས3800ནས་སྨིས5100ཡོད་པའི་མཐོ་སྒང་གི་ཐང་ཡངས་ཡིན་པ་དང་། དགུན་དུས་སུ་མཚོ་ངོས་མཐོ་ཚད་ཅུང་དམའ་བའི་སར་འཚོ་སྡོད་བྱེད། གྲང་ངར་དང་། ཉི་ལྡེ། ཆར་རླུང་སོགས་ལ་བཟོད་པའི་ནུས་ཤུགས་དྲགས་པོ་ལྡན། རྐྱང་ནི་ཁྱུ་དང་ཁྱུ་བྱས་ཏེ་མདོ་དབུས་མཐོ་སྒང་གི་རྩྭ་ཐང་དང་མྱ་ངམ་ཐང་། སྒང་རྒྱུད་བཅས་སུ་གནས་ཤིང་། ལུང་ཁོག་གི་གྲམ་པ་དང་ན་འགྲམ། རྩྭ་ཐང་ཡངས་ས་རུ་སྡོད་པར་དགའ་བར་མ་ཟད། ཐང་ཡངས་ས་རུ་མཉམ་གཤར་བྱས་ནས་རྡུལ་བྲེང་ངེ་བརྒྱུགས་ཙ་ན། ཆུ་ཚོད་གཅིག་གི་ནང་དུ་སྤྱི་ལེ60ལ་བརྒྱུག་ཐུབ། རྐྱང་གི་ཁ་ཟས་གཙོ་བོ་ནི་སྤང་རྩྭ་དང་མཁན་རྩྭ། ཤིང་ཕྲན་གྱི་ལོ་མ་སོགས་ཡིན། མྱ་ངན་ཐང་དུ་འོས་འཚམ་གྱི་གནས་ཤིག་བཙལ་ཏེ་རྨིག་པས་ས་སློག་སྟེ་ཆུ་འཐུང་བ་དང་། དེ་མིན་གཙོད་སོགས་རྨིག་ཡོད་པའི་སྲོག་ཆགས་ལ་ཆུ་མཁོ་འདོན་བྱེད། ཆུང་ན་རྐྱང་ཁྱུ་རེ་ལ་རྐྱང་བཅུ་ཕྲག་འགའ་དང་། ཆེ་ན་རྐྱང་ཁྱུ་རེ་ལ་རྐྱང100ནས200ཡན་འདུས་སྲིད། འོན་ཀྱང་ཁེར་འགྲོར་སྟེག་པའི་རྐྱང་ཡང་མཐོང་རྒྱུ་ཡོད། ཞོགས་པར་བྱེ་ཐང་དང་དེའུ་འབུར་སོགས་ས་ཁུལ་ནས་ཆུ་ཡོད་སར་སླེབས་ཏེ་ཆུ་འཐུང་བ་དང་། ཉིན་དཀར་གྱི་དུས་ཚོད་མང་ཆེ་བར་གཅིག་ཏུ་འདུས་ཏེ་ཆུ་ཡོད་པའི་ཉེ་འགྲམ་གྱི་རྩྭ་ཐང་དུ་བཟའ་བཏུང་འཚོལ་ཞིང་ངལ་གསོ་བ་དང་། ས་རུབ་དུས་སླར་ཡང་བྱེ་ཐང་སོགས་སུ་ལོག་པ་ཡིན། རྐྱང་གི་འགྲོ་སྟངས་ནི་གྲལ་དག་པར་བསྐྱོད་ཅིང་རྐྱང(ཕོ)གིས་འགོ་ཁྲིད་པ་དང་རྐྱང་ཕྲུག་དཀྱིལ་དུ་འདུག་ཅིང་རྐྱང(མོ)རྗེས་ནས་ཡོང་བ་ཡིན། ཁོ་ཚོའི་རྗེས་ཤུལ་ལས་རྟག་ཏུ་རྐྱང་ལམ་ཞིག་བཏོད་བ་དང་། ངལ་གསོ་ས་ནས་ཆུ་འཐུང་སའི་བར་རྐྱང་རྣམས་ཉིན་རེར་སྤྱི་ལེ20ལྷག་གི་ལམ་ཐག་ལ་རྒྱུག་དགོས་པ་དང་། འགུལ་སྤོའི་རང་བཞིན་ཤིན་ཏུ་ཆེ། སྐབས་འགར་གཙོད་སོགས་སྲོག་ཆགས་དང་ལྷན་དུ་ངལ་གནས་བྱེད་ཅིང་། མཐོ་སྒང་གི་སྐྱེས་དངོས་རྩི་ཤིང་བཟའ་བ་དང་། ཉིན་དུ་མར་ཆུ་མ་འཐུང་ཡང་ཆོག ལོ་རེའི་ཟླ7པ་ནས་ཟླ8པའི་བར་ལ་རྐྱང་ཁྱུ་འདུས་ནས་རྐྱང་མ་རྟེའུ་ལ་འགྲོ་བ་དང་། ཕྱི་ལོའི་དབྱར་ཐོག་རྟེའུ་ཕྲུག་བཙའ་བ་ཡིན། རྐྱང་གི་མངལ་སྦྲུམ་ཡུན་ནི་ལོ་གཅིག་ཡས་མས་ཡིན་པ་དང་། བཙའ་ཐེངས་རེར་རྟེའུ་གཅིག་རེ་བཙའ་སྲིད། རྐྱང་ཕྲུག་ལོ་གཉིས་འགོར་རྗེས་རྟེའུ་ལ་འགྲོ་བ་དང་། རྐྱང་མ་ཞིག་གིས་ལོ་གཉིས་རེའི་ནང་དུ་རྟེའུ་ཕྲུག་གཅིག་བཙའ་སྲིད།
འཚོ་བའི་གོམས་གཤིས།
     བོད་ལྗོངས་ཀྱི་རྐྱང་ལ་ཁྱུ་ཚོགས་འགུལ་བསྐྱོད་ཀྱི་གོམས་གཤིས་ཡོད་ཅིང་། རྐྱང(ཕོ)དང་རྐྱང(མོ)། རྐྱང་ཕྲུག་དག་ལོ་ཧྲིལ་བོར་མཉམ་དུ་སྡོད་པ་དང་། ཁྱུ་རེར་རྐྱང5ནས8དང་ཡང་ན20ནས30བར་ཡོད་ཅིང་། དབྱར་དུས་སུ་རྩྭ་ཆུ་འཛོམས་ཤིང་མིའི་གཏོར་བརླག་ཉུང་བའི་ས་རུ་རྐྱང་ཚོགས་མང་བ་ཡིན། ཞིན་ཅང་ཨར་ཅིན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དབྱི་ཤཱ་ཁུ་ཕ་ཐེ་ཞེས་པའི་མཚོ་འགྲམ་གྱི་བོད་ལྗོངས་རྐྱང་ཚོགས་ནི་རྐྱང100ནས200ཡོད་པ་དང་། ཚྭ་འདམ་གཞོང་བྱང་རྒྱུད་ཀྱི་ཧཱ་ཨར་གཞོང་དུ་དུས་རྒྱུན་རྐྱང3ནས5ཡི་རྐྱང་ཁྱུ་ཆུང་ཆུང་འགུལ་བསྐྱོད་བྱེད། རྐྱང་ཁེར་འགྲོ་ཡང་འགའ་རེ་མཐོང་ཐུབ།
     བོད་ལྗོངས་ཀྱི་རྐྱང་ནི་ཐན་སྐྱོན་ལ་བཟོད་ནུས་ཤིང་ཉིན་འགར་ཆུ་མ་འཐུང་ཡང་ཆོག  ཁོ་ཚོའི་སྒྲའི་ཚོར་བ་དང་། རྣའི་ཚོར་བ། གཟུགས་ཀྱི་ཚོར་བ་སོགས་ཤིན་ཏུ་དྲགས་ཏེ་རང་དང་སྨི100ཡི་བར་ཐག་གི་གནས་ཚུལ་ཚོར་ཐུབ་པ་ཡིན། གལ་སྲིད་མི་ཞིག་ཉེ་རུ་གྱེར་བའམ་ཡང་ན་དགྲ་བོས་གནོད་འཚེ་གཏོང་བ་ཡིན་ན། ཐོག་མར་གྲགས་འགུལ་མེད་པར་ཅུང་ཙམ་བལྟས་རྗེས་དེ་མུར་རྒྱུག་འབྲོ་བ་ཡིན་ལ།  བར་ཐག་ངེས་ཅན་ལ་རྒྱུག་རྗེས་བདེ་འཇགས་ཡིན་པར་བསམ་ཏེ་ཡང་བསྡད་དེ་རྒྱང་གཟིགས་བྱས་རྗེས་མུ་མཐུད་དུ་རྒྱུག་ཞོར་དང་ལྟ་ཞོར་བྱེད་པ་ཡིན།
     རྐྱང་གིས་ཟླ5བའི་ཟླ་དཀྱིལ་དུ་སྤུ་བརྗེ་མགོ་བརྩམས་པ་དང་། ཟླ8པའི་ཟླ་དཀྱིལ་དུ་ཡོངས་སུ་སྤུ་གསར་བར་བརྗེ་ངེས་པ་མ་ཟད། ཤེད་ཀྱང་འཛོམས་པ་ཡིན། དེ་འགུལ་བསྐྱོད་ཀྱི་ཁྱབ་ཁོངས་ཀྱང་སྔར་ལས་ཇེ་ཆེར་འགྲོ་བ་དང་། སྟོན་མཇུག་ཏུ་རིམ་བཞིན་ཁྱུ་ཚོགས་ཆེན་པོའི་ངང་འཚོ་བ་ཡིན། དེའི་རྒྱུག་ཤུགས་ཤིན་ཏུ་ཆེ་སྟེ་དུས་ཚོད་གཅིག་ལ་སྤྱི་ལེ45རྒྱུག་ཐུབ་པ་དང་། མཚམས་འཇོག་རྒྱུ་མེད་པར་རྒྱུག་པ་ཡིན།
ཁྱུ་ཚོགས་ཀྱི་འདུ་ཤེས།
     རྐྱང་ནི་སྤྱི་ཚོགས་ཀྱི་འཚོ་བར་སྤྲོ་ཞིང་རང་ཉིད་ཀྱི་བར་སྟོང་ཞིག་ཀྱང་དགོས་པ་ཡིན། མཐོ་སྒང་བྱེ་ཐང་དང་རྩྭ་ཐང་དུ། རྐྱང་ཕྲུག་སྐྱེས་མ་ཐག་ཁྱིམ་ལ་དུངས་པའི་བརྩེ་བ་ལྡན་ཞིང་། གལ་སྲིད་རང་བྱུང་དང་དགྲའི་གནོད་འཚེ་མིན་ན། ཚང་མར་རང་ཉིད་ཀྱིས་གཏན་འཁེལ་བྱས་པའི་ས་ཁོངས་སུ་འགུལ་བསྐྱོད་བྱེད་པ་ཡིན།
     ས་ཁུལ་འདིའི་རྩྭ་ཆུ་འཛོམས་མིན་དང་རིགས་ཁྱུའི་གྲངས་ཚད་ལྟར། རྐྱང་ལྔ་དྲུག་བྱས་ཏེ་ཁྱུ་བྱེད་པ་ཧ་ཅང་ཉུང་ཞིང་རྐྱང་བཅུ་ལྷག་གི་ཁྱུ་ནི་རྐྱང(ཕོ)གིས་སྣེ་ཁྲིད་པ་དང་།  རྐྱང་མང་ན100ལྷག་གིས་གྲང་ངར་དང་ཉི་ལྡེ། ཆར་རླུང་སོགས་དཀའ་ཚགས་ཡོད་ཚད་ལ་གདོང་གཏད་དེ་འགུལ་སྤོའི་འཚོ་བ་རོལ་བ་ཡིན། ཁྱུ་ཚོགས་ཆུང་ཆུང་དེ་ཁྱུ་ཚོགས་ཆེན་པོ་དང་འདྲེས་དུས། ཁྱུ་ཚོགས་སོ་སོའི་རྐྱང(ཕོ)བར་གདོང་ཐུགས་རེ་བྱེད་པ་ཉུང་མི་སྲིད། ཁོ་ཚོས་གང་ནུས་ཀྱིས་ཕ་རོལ་བ་དེ་རང་གི་ཁྱུ་ཚོགས་ལས་ཕྱུང་སྟེ་རང་གི་ཁྱུ་ཚོགས་ཀྱི་ཁེ་དབང་སྲུང་བ་ཡིན།
གཤིས་རྒྱུད་ཀྱི་ཁྱད་ཆོས།
     མ་གཞི་ནས་སྙིང་སྟོབས་ཆུང་བའི་རྐྱང་འདི་དག་ནི་དངངས་སྐྲག་བྱུང་བའམ་དགྲ་བོ་དང་མིའི་གནོད་འཚེ་ཐེབས་དུས། འཚོ་འདོད་ཀྱི་རང་ནུས་དེས་ཁོ་ཚོ་མཚོ་ངོས་ལས་མཐོ་ཚད་ལ་སྨི4000ནས5000བར་གྱི་མཐོ་སྒང་དུ་དུས་གཅིག་ལ་སྤྱི་ལེ50ཡི་མྱུར་ཚད་ངང་རྒྱུག་སྟེ་མགྱོགས་མྱུར་གྱིས་ཡུལ་དངོས་ལས་ཁ་བྲལ་བར་བྱེད། འཚོ་གནས་ནི་རང་བྱུང་ཁམས་ཀྱི་ཚེ་སྲོག་ཡོད་ཚད་ཀྱི་གཞི་རྩ་ཡིན་པ་དང་།  འདིའི་ཆེད་དུ་བཟའ་བཏུང་དང་ཡང་ན་ངལ་གསོ་བའི་དུས་སོགས་གང་ཡིན་ཡང་མགོ་བོ་ཕྱིར་གཏད་དེ་སྒོར་སྒོར་བཟོས་ཏེ་དུས་ནམ་ཡང་གཟུགས་དང་རྣ། སྣ་སོགས་ཀྱི་ཚོར་བ་ལ་བརྟེན་ནས་མཉམ་འཇོག་བྱེད་ལ། ཁོ་ཚོས་སྨི500ནས600ལས་བརྒལ་བའི་གནོད་འཚེ་དང་ཡང་ན་རིགས་གཞན་གྱི་འགུལ་བསྐྱོད་སོགས་ཚོར་ཐུབ་པས། མིའི་རིགས་ཁོ་ཚོ་དང་ཉེ་སར་གྱེར་དཀའ་བ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     བོད་ཀྱི་སྲོལ་རྒྱུན་རིག་གནས་སུ་རྐྱང་ནི་ལྷའི་ཆིབས་པར་བཀོད་པ་མང་ལ། གླུ་ལེན་ནའང་འདོ་རིག་རྟ་བོ་རྐྱང་གི་རྒྱུད།། རྐྱང་གི་རྒྱུད་ལ་རྒས་རྒྱུ་མེད།། རྒས་རུང་གོམ་ལག་འཆོལ་རྒྱུ་མེད་ཅེས་དང་། “རྟ་ར་གོང་མ་རྟ་ཡིས་བཀང་།། རྟ་སྔོན་མ་བཤར་ནས་རྐྱང་དང་འདྲེས།། རྟ་གཞུག་མ་ད་དུང་ལྷས་ན་ཡོད།། རྟ་བརྒྱ་ཁ་བུད་ན་མང་རྒྱུ་མེད།། རྟ་སྟོང་ཁ་འབུད་པའི་བཀྲ་ཤིས་ཤོག”ཡང“ཁ་དཀར་རྐྱང་ལ་རྒྱུག་ཡ་མེད”ཟེར་བར་བལྟས་ན་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་སུའང་རྐྱང་ནི་རི་དྭགས་གལ་ཆེན་དུ་བཟུང་ཡོད་པ་དེ་ཤེས་ཐུབ། གཞན་ཡང་རྐྱང་ནི་མདོ་དབུས་མཐོ་སྒང་ན་གནས་པའི་རི་སྐྱེས་སྲོག་ཆགས་ཁྱད་པར་བ་ཞིག་ཡིན་པས། དེར་ཚན་རིག་ཞིབ་འཇུག་བྱེད་པའི་རིན་ཐང་ཤིན་ཏུ་ཆེ་བར་མ་ཟད། དེའི་ཤ་སོགས་བོད་སྨན་དུའང་འགྲོ་བས་ན། དཔལ་འབྱོར་གྱི་རིན་ཐང་མི་དམན་པ་ཞིག་ལྡན་ནོ།།
སྲུང་སྐྱོབ་རིམ་གྲས།
     སྲོག་ཆགས་འདིའི་རིགས་སྲུང་སྐྱོབ་བྱེད་པར། 《ཉེན་ཉམས་ལ་འཕྲད་པའི་སྲོག་ཆགས་དང་སྐྱེས་དངོས་རིགས་ཀྱི་རྒྱལ་སྤྱིའི་ཚོང་འབྲེལ་སྤྱི་ཆིངས》ལས་རྐྱང་ནི་རིགས་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཞག ཀྲུང་གོའི་སྲིད་གཞུང་གིས་ཀྱང་རིམ་པ་དང་པོའི་གལ་ཆེ་བའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཞག་སྟེ་རྔོན་གསོད་ལ་བཀག་འགོག་བྱས།
ད་ཡོད་གནས་བབ།
     དེང་སང་ཕྱུགས་གྲངས་ཇེ་མང་དུ་སོང་བ་དང་། རྐྱང་གནས་སའི་ས་རྒྱའང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཏེ། རྐྱང་མང་ཤོས་ནི་ཨ་ཆེན་གངས་རྒྱབ་དང་བྱང་ཐང་ན་འདུས་སྡོད་བྱས་ཡོད། ད་ལྟ་ས་ཆ་དེ་དག་ནི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གཏན་འཁེལ་བྱས་ཡོད་པས། བརྟག་དཔྱད་བྱས་པ་ལྟར་ན་ཉེ་བའི་ལོ་འགའི་ནང་རྐྱང་ཁྱུ་དང་རྐྱང་གི་གྲངས་ཀའང་ཇེ་མང་དུ་འགྲོ་བཞིན་ཡོད། རྐྱང་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།
     ཁ་དཀར་རྐྱང་ནི་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་རི་དྭགས་རྩ་ཆེན་ཞིག་ཡིན་པས། ང་ཚོས་དུས་ནམ་ཡང་རང་ནོར་རང་གིས་གཅེས་པ་ལྟར་སྲུང་སྐྱོབ་བྱེད་དགོས་སོ།།


འབྲེལ་ཡོད་འོས་སྦྱོར།